MonDecMon2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

རིག་པའི་གནས་བཅུ་མདོ་ཙམ་བཤད་པ།

གངས་ལྗོངས་ཆོས་ལྡན་ཞིང་གི་རིག་མཛོད།

ལོག་པར་སྨྲ་བ་ཚར་གཅོད་པའི་རིག་གནས། སྒྲ་རིག་པ་དང་ཚད་མ་རིག་པ་གཉིས། གཞན་རྗེས་སུ་འཛིན་པའི་རིག་པའི་གནས། བཟོ་རིག་པ་དང་གསོ་བ་རིག་པ་གཉིས། ཆོས་ཀྱི་གནས་ལུགས་ཀུན་རྟོགས་པར་བྱ་བའི་རིག་པའི་གནས།

ནང་རིག་པ་སྟེ།

འཇམ་དབྱངས་ཀོང་སྤྲུལ་རིན་པོ་ཆེས།

རྒྱལ་བའི་སྲས་ཀྱིས་མི་བསླབ་ཤེས་བྱའི་གནས། །

མ་མཆིས་དེ་བས་ཚར་གཅོད་རྗེས་བཟུང་དང༌། །

ཀུན་ཤེས་བྱ་ཕྱིར་རིག་པའི་གནས་ལ་བསླབ། །ཅེས་དང༌།

རྒྱལ་བ་བྱམས་པས།

དེ་བས་གཞན་དག་ཚར་བཅད་རྗེས་སུ་བཟུང་ཕྱིར་དང༌། །

རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེར་བརྩོན་བྱ། །ཞེས་དང༌།

རིན་སྤྲུངས་པས།

སྒྲ་དང་ཚད་མའི་རིགས་པས་གཏུམ་པོའི་ལྟ་ངན་མ་ལུས་ཤེས་བྱའི་དབྱིངས་སུ་བསད། །

བཟོ་དང་གསོ་བས་རྗེས་སུ་འཛིན་པའི་ཕན་པ་མངོན་སུམ་ཉིད་དུ་ཡང་དག་རྒྱུ། །

ཆོས་ཀྱི་དྲ་བ་སྡོམ་པའི་ནང་གི་དེ་ཉིད་སྨྲ་བ་ཀུན་གྱི་རྒྱལ་པོ་ཆེ། །

ལྔ་རིག་མཁས་དབང་གྲུབ་པའི་འཁོར་ལོ་དུས་གསུམ་བསྒྱུར་པ་རྣམས་ལ་དང་བས་བསྟོད། །

ཅེས་གསུངས་སོ།

དེས་ན་རང་རེས་རིག་པའི་གནས་ལྔ་ལ་ངེས་པར་དུ་བསླབ་པར་བྱ་སྟེ།

མདོ་ལས།

བྱང་ཆུབ་སེམས་དཔའ་རིག་པའི་དངོས་པོ་ལྔ་ལ་མ་བསླབ་ན་ནི། ནམ་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་བྱ་མི་ནུས་སོ། དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དངོས་པོ་ལྔ་ལ་བསླབ་པར་བྱའོ། །

ཞེས་གསུངས་དང༌།

ཀུན་མཁྱེན་ས་པཎ་གྱིས།

རིག་པའི་གནས་ལྔ་དག་ལ་མཁས་པར་མ་སྦྱངས་ན། །

ཐམས་ཅད་མཁྱེན་པ་ནམ་མཁའི་མཐར་ལྟར་རིང༌། །

དེ་ལྟར་རྟོགས་ནས་རྒྱལ་དང་རྒྱལ་སྲས་ཀྱིས། །

ཤེས་བྱའི་གནས་ཀུན་སྦྱངས་ཞེས་ལེགས་པར་གསུངས། །ཞེས་སོ།

དེ་ལས་ཐོག་མར་སྒྲ་རིག་པ་ནི་དོན་དུ་ཚིག་གི་འཁྲུལ་བ་སེལ་བའི་བརྡ་སྤྲོད་རིག་པ་ཡིན་ཏེ།

བོད་འདིར་ད་ལྟ་དར་བའི་བརྡ་སྤྲོད་རིག་པ་གྲགས་ཆེ་བ་ནི་ཐོག་མར་རྒྱ་གར་ནས་བསྒྱུར་ཞིང་དར་བའི་སྒྲ་གཞུང་ཆེན་པོ་བཞི་སྟེ། རྩ་བ་པཱ་ཎི་པ། པཎྜི་ཏའི་ལུགས་སུ་བཀྲལ་བ་ཙཱནྡྲ་པ།

རྒྱལ་པོའི་ལུགས་སུ་བཀྲལ་བ་ཀ་ལཱ་པ། བྲམ་ཟེའི་ལུགས་སུ་འཆད་པ་དབྱངས་ཅན་སྒྲ་མདོ་བཅས་ཡིན་ཞིང༌།

བོད་རང་དུ་དར་བའི་སྒྲ་གཞུང་ནི་སུམ་རྟགས་དག་གསུམ་ལས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བློ་རིག་བཀྲ་བའི་ཆོས་བློན་ཆེན་པོ་ཐོན་མི་སམྦྷོ་ཊས་གསར་གཏོད་མཛད་ཅིང༌།

དག་ཡིག་གི་སྐོར་ལ་དཔལ་ཁང་ལོ་ཙཱ་བའི་དག་ཡིག་ཟ་མ་ཏོག་ལ་སོགས་པ་མཁས་པའི་གཞུང་མི་འདྲ་བ་མི་ཉུང་བ་ཞིག་མཆིས་སོ།

དེ་བས་སྒྲ་རིག་པ་ཤེས་པ་ཡིན་ན་ཚིག་གི་འཁྲུལ་བ་སེལ་ཞིང་དོན་ལ་རྨོངས་མི་་་འགྱུར་ཏེ། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས། ཚིག་གི་འཁྲུལ་བ་སེལ་བྱེད་བརྡ་སྤྲོད་ནི། །ཞེས་དང༌།

སྒྲ་ཤེས་དོན་གྱི་ཆ་ལ་རྨོངས་མི་འགྱུར་ཞེས་དང༌། དབྱངས་ཅན་གྲུབ་པའི་རྡོར་རྗེས། སྒྲ་་་ཤེས་དོན་ལ་མི་རྨོངས་ཞེས། །མཁས་པའི་གསུང་ལ་ཡོངས་སུ་གྲགས། །འདི་ལ་མ་སྦྱངས་རྨོངས་ཚོད་ཀྱིས།

།འཆད་རྩོད་རྩོམ་པའི་གྲྭར་འཇུག་པ། །ཝ་སྐྱེས་སེང་ལྤགས་གྱོན་པ་བཞིན། །ཞེས་སོགས་གསུངས་སོ། །

གཉིས་པ། ཚད་མ་རིག་པ་ནི། ཤེས་བྱ་ཇི་སྙེད་པའི་དོན་ལ་རང་བློ་ལྐོག་གྱུར་དུ་འདོད་པ་ལ་་་་་སོགས་པ་ལོག་པར་རྟོག་པའི་འཁྲུལ་བ་ཚར་གཅོད་པའི་རིག་པའི་གནས་ཤིག་སྟེ།

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། དོན་ལ་འཁྲུལ་པ་ཚར་གཅོད་ཚད་མ་ནི། །ཞེས་གསུངས་སོ།

དུང་དཀར་རིན་པོ་ཆེས། སྤྱིར་བཏང་ལ་ཚད་མའི་དོན་ནི་བསླུ་བ་མེད་པ་འམ་མི་བསླུ་བ་སྟེ། རང་གིས་རྟོགས་བྱའི་དོན་དངོས་ལ་མ་འཁྲུལ་བ་དང༌། དོན་དངོས་དང་མཐུན་པ་ཞིག་ལ་ཟེར་་ཞིང༌།

དེ་ཡང་གཞལ་བྱའི་གྲངས་དང་ཆེ་ཆུང་ལ་སོགས་པའི་ཚད་ལ་འཁྲུལ་བ་མེད་པ་དང༌། ཡང་ན་རྒྱུ་མཚན་དང་གཏན་ཚིགས་ཡང་དག་པའི་སྒོ་ནས་འཁྲུལ་བ་མེད་པ་ཞིག་ལ་ཚད་མར་འཇོག་པ་ཡིན་ལ།

བསམ་བློ་གང་ཞིག་ཚད་མ་ཡིན་མིན་དེ་ཡང་བསམ་བློ་དེས་ངོས་འཛིན་བྱས་པའི་དོན་དེ་གནས་ཚུལ་དངོས་དང་མཐུན་ཡོད་མེད་ཀྱི་སྒོ་ནས་འཇོག་པ་ཡིན།

སྤྱིར་བཏང་ཚད་མ་རིག་པ་ཞེས་པ་སྒྲ་ཡངས་པའི་དབང་དུ་བྱས་ཏེ་བཤད་ན་རྟོག་གེའི་རིག་པ་ལ་ཡང་གོ་ཆོག་པ་ལྟར།

རྟོག་་གེའི་རིག་པ་ནི་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་གི་ལོ་མང་པོ་ཞིག་གི་སྔོན་ནས་དྲང་སྲོང་ལྷའི་བླ་མ་ཞེས་པས་སྐྱེ་བ་སྔ་ཕྱི་མེད་པར་སྟོན་པའི་བསྟན་བཅོས་ཐོག་མར་བརྩམས་ཤིང༌།

དེ་མཚུངས་དྲང་སྲོང་འཇིག་རྟེན་མིག་ཅེས་པས་རྒྱུ་འབྲས་མེད་པར་སྟོན་པའི་བསྟན་བཅོས་བརྩམས།

དེ་ནས་མུ་སྟེགས་པའི་སྟོན་པ་དྲང་སྲོང་སེར་སྐྱ་ཞེས་པས་ཤེས་བྱ་ཐམས་ཅད་རྣམ་གྲངས་ཉི་ཤུ་རྩ་ལྔར་འདུས་པར་སྟོན་པའི་བསྟན་བཅོས་བརྩམས།

སངས་རྒྱས་ཆོས་ལུགས་རྒྱ་གར་དུ་དར་རྗེས་སངས་རྒྱས་ཤཱཀྱ་ཐུབ་པ་རང་ཉིད་ཀྱིས་གསུངས་པའི་མདོ་སྡེ་མང་པོས་ཚད་མ་གསུམ་གྱི་རྣམ་བཞག་སྐོར་བསྟན།

རྗེས་སུ་དུས་རབས་བདུན་པའི་འགོ་ཙམ་དུ་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་རང་ལས་མཁས་པ་བཞིའི་ནང་ཚན་ཚད་མ་ལ་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་་་་་་པོས་ཐོག་མར་དམིགས་པ་བརྟག་པ་དང༌།

སེལ་བར་བརྟག་པ་སོགས་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྒྱད་མཛད།

རྗེས་སུ་བསྟན་བཅོས་དེ་དག་གི་བརྗོད་དོན་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་སྟོན་པའི་བསྟན་བཅོས་བརྩམས་པར་བཞེད་ནས་ཚད་མ་ཀུན་བཏུས་མཛད། འདི་ལ་ལེའུ་དྲུག་སྟེ་མངོན་སུམ་ལེའུ།

རང་དོན་རྗེས་དཔག་གི་ལེའུ། གཞན་དོན་རྗེས་དཔག་གི་ལེའུ། དཔེ་དང་དཔེ་་ལྟར་སྣང་བ་བརྟག་པའི་ལེའུ། གཞན་སེལ་བརྟག་པའི་ལེའུ། ལྟག་ཆོད་བརྟག་པའི་ལེའུ་བཅས་དྲུག་ཡོད།

སློབ་དཔོན་ཕྱོགས་གླང་སྐུ་གཤེགས་རྗེས་སློབ་དཔོན་ཆོས་ཀྱི་གྲགས་པས་སློབ་དཔོན་དབང་ཕྱུག་སྡེའི་དྲུང་དུ་ཚད་མ་ཀུན་བཏུས་ཚར་གསུམ་གསན་ནས་སློབ་དཔོན་གྱི་གནང་བ་ཐོབ་པ་ལྟར་ཚད་མ་

སྡེ་བདུན་བརྩམས་པར་མཛད་ཅིང༌། ཚད་མི་སྡེ་བདུན་ནི་གཙོ་བོ་ལུས་ལྟ་བུའི་་་བསྟན་བཅོས་གསུམ་(རྒྱས་པར་སྟོན་པ་ཚད་མ་རྣམ་འགྲེལ་ འབྲིང་དུ་སྟོན་པ་ཚད་མ་རྣམ་ངེས་

བསྡུས་ནས་སྟོན་པ་ཚད་མ་རིགས་ཐིགས་བཅས་)དང༌། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་(རང་དོན་ལེའུ་ལས་འཕྲོས་པ་གཏན་ཚིགས་རིགས་པ་

ལྟག་ཆོད་ཀྱི་འབྲེལ་བ་གཏན་ལ་འབེབས་པ་འབྲེལ་བ་བརྟག་པ་ གཞན་དོན་ལེའུ་ལས་འཕྲོས་པ་རྒྱུད་གཞན་གྲུབ་པ་དང་རྩོད་པའི་རིག་པ་གཉིས་བཅས་ཡིན་)བཅས་བཞི་ཡོད།

དེ་དག་གི་ནང་ནས་ཚད་མ་རྣམ་འགྲེལ་ལ་ལེའུ་བཞི་སྟེ། རང་དོན་ལེའུ། ཚད་མ་གྲུབ་པའི་ལེའུ། མངོན་སུམ་ལེའུ། གཞན་དོན་ལེའུ་བཅས་ཡིན། ཚད་མ་རྣམ་འགྲེལ་ལ་སློབ་དཔོན་ལྷ་དབང་བློ་དང༌།

ཤཱཀྱ་གཉིས་ཀྱི་འགྲེལ་པ་ཡོད་ཅིང༌། སློབ་དཔོན་དུལ་བ་ལྷས་ཚད་མ་སྡེ་བདུན་ཀ་ལ་འགྲེལ་པ་ཡོད་ལ། རྒྱན་མཁན་པོ་ཤེས་རབ་འབྱུང་གནས་ཀྱིས་ཚད་མ་རྣམ་འགྲེལ་ལ་འགྲེལ་པ་མཛད།

སློབ་དཔོན་ཆོས་མཆོག་གིས་ཚད་མ་རྣམ་ངེས་ཀྱི་འགྲེལ་པ་འཐད་ལྡན་ཆེན་མོ། རིགས་ཐིགས་ཀྱི་འགྲེལ་པ་སློབ་མ་ལ་ཕན་པ་སོགས་ཚད་མའི་གཞུང་མང་པོ་ཡོད།

ཚད་མའི་བསྟན་བཅོས་དེ་དག་བོད་དུ་བསྒྱུར་བ་ནི་ཐོག་མར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ཀྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་ཐོག་མར་བསྒྱུར།

རྗེས་སུ་དུས་རབས་བཅུ་གཅིག་པའི་མཇུག་ཏུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ཚད་མ་སྡེ་བདུན་བོད་སྐད་དུ་བསྒྱུར་ཞིང༌། ཚད་མ་རྣམ་ངེས་ལ་འགྲེལ་བཤད་མཛད།

ས་སྐྱ་པཎ་ཆེན་་ཀུན་དགའ་རྒྱལ་མཚན་གྱིས་ཚད་མ་རིགས་གཏེར་འགྲེལ་པ་དང་བཅས་པ་མཛད། གཞན་ཡང་ས་སྐྱའི་མཁས་པ་ཆེན་པོ་གཡག་རོང་པ། པཎ་ཆེན་ཤཱཀྱ་མཆོག་ལྡན།

འུ་ཡུག་པ་རིགས་པའི་སེང་གེ། ཉ་དབོན་ཀུན་དགའ་དཔལ་བ། རྗེ་བཙུན་རེད་མདའ་བ་སོགས་དང༌། རྗེ་ཙོང་ཁ་པ། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང༌།

པཎ་ཆེན་མཆོག་ལྷ་འོད་ཟེར། གྲྭ་ཆུང་བ་ཡོན་ཏན་རྒྱ་མཚོ། ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ། དྲུང་ཆེན་ལེགས་པ་བཟང་པོ། པཎ་ཆེན་བསོད་ནམས་གྲགས་པ།

འཇམ་དབྱངས་དགའ་བའི་བློ་གྲོས། ཐོས་བསམ་གླིང་པ་པཎ་ཆེན་བསོད་ནམས་རྒྱལ་མཚན། དཔག་ཐོག་པ་སངས་རྒྱས་དཔལ་རིན། བྱང་སྟོན་བློ་གྲོས་རྒྱ་མཚོ། ཀུན་མཁྱེན་ཆོས་འབྱོར་དཔལ་བཟང༌།

རྟ་ནག་དགེ་འདུན་བློ་བཟང༌། ཐོས་བསམ་གླིང་དྲི་མེད་བཤེས་གཉེན། ཀ་བཞི་འཛིན་པ་དགེ་འདུན་བསམ་གྲུབ། ཀུན་མཁྱེན་བསྟན་པ་དར་བཟང༌། ཁྲི་་སྨོན་སྨོན་ལམ་དཔལ་བ།

གངས་ཅན་སྟོབས་ལྡན་འོད་ཟེར། པཎ་ཆེན་བྱམས་པ་ཆོས་་མཆོག གངས་ཅན་ཆོས་སྐུ་དཔལ་འབྱོར། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། མུས་པ་བློ་གྲོས་སེང་གེ

འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་སོགས་ཀྱིས་མཛད་པ་སོགས་ཆོས་ལུགས་གྲུབ་མཐའ་རིས་མེད་ཀྱིས་མཁས་དབང་མང་པོས་མཛད་པ་ཡོད། །ཅེས་གསུངས་སོ།

རང་སློབ་ཏུ་འཆད་ཁྲིད་ཀྱི་རྒྱུན་དུ་གྱུར་པའི་ཚད་མའི་གཞུང་ནི་གོང་གི་ཚད་མའི་གཞུང་འགྲེལ་ཁག་ལས་འཕྲོས་པ། ཡོངས་འཛིན་ཕུར་ལྕོག་པའི་རིག་ལམ་འཕྲུལ་གྱི་ལྡེ་མིག་དང༌།

དམུ་དགེ་བསམ་གཏན་མཆོག་གིས་མཛད་པའི་ཤེས་བྱའི་རྣམ་གྲངས་བློ་གསལ་རིག་སྒོ་གཉིས་ཡིན།

བཟོ་རིག་པ་ནི་ཤེས་བྱ་ཀུན་ཁྱབ་མཛོད་ལས། དོན་གཉེར་རྗེས་འཛིན་བཟོ་རིག་མཐའ་ཡས་ཀྱང༌། །སྒོ་གསུམ་བཟོ་ལ་ཤེས་བྱ་ཀུན་ཀྱང་འདུ།

།ཞེས་གསུངས་པ་བཞིན་གཞན་རྗེས་སུ་འཛིན་པའི་བཟོ་ཡི་རིག་པ་འདིའི་ཁྱབ་ཁོངས་ཤིན་ཏུ་རྒྱ་ཆེ་ཞིང༌། ཐ་ན་དེར་མ་འདུས་པའི་་་་་་རིག་པའི་གནས་གཅིག་ཀྱང་མེད།

འོན་ཀྱང་ཡོངས་གྲགས་སྤྱི་ལ་བཟོ་ཡི་རིག་པ་ལ་ལུས་ངག་ཡིད་ཀྱི་བཟོ་གསུམ་སྟེ། དུང་དཀར་རིན་པོ་ཆེས། ལུས་བཟོ་ཡང་གཙོ་ཆེ་བ་ནི། སྐུ་རྟེན། གསུང་རྟེན།

ཐུགས་རྟེན་བཅས་ཀྱི་བཟོ་རྩལ་རིགས་མི་འདྲ་བ་ཡོད། སྐུ་རྟེན་ལ་ཡང་བྲིས་འབུར་གཉིས་ཀྱི་ནང་ནས་བྲིས་ཀྱི་རིགས་སྔོན་དུ་བྱུང་ཞིང༌། འབུར་སྐུའི་རིགས་རྗེས་སུ་བྱུང་བ་ཡིན།

རྒྱ་གར་དུ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་དུ་བྲིས་འབུར་གྱི་བཟོ་རྩལ་མང་པོ་དར་སྤེལ་བྱུང་ཡོད་ལ།

བོད་དུ་ནི་ད་ཡོད་དཔྱད་གཞིའི་ཡིག་རིགས་གཞིར་བཟུང་ན་རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་ནས་ཕོ་བྲང་ཡུམ་བུ་བླ་སྒང་གི་ལྡེབས་བྲིས་སུ་རྒྱལ་པོ་གཉའ་ཁྲི་བཙན་པོའི་ལོ་རྒྱུས་བཀོད་པ་ནི་སྔ་

ཤོས་ཡིན་ལ། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་རས་གཞིའི་ཐོག་ལྷ་སྐུ་བྲིས་པའི་ལག་རྩལ་བྱུང་ཡོད་ལ། འབུར་གྱི་རིགས་ནི་བོད་དུ་ཐོག་མར་ཤིང་བཟོས་ཀྱི་རིགས་དང་འཇིམ་གཟུགས།

རྡོ་བརྐོས་ཀྱི་རིགས་རིམ་བཞིན་བྱུང་བ་སོགས་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་མཛེས་རྩལ་ཇི་ལྟར་བྱུང་ཚུལ་གྱི་ལོ་་རྒྱུས་གནད་བསྡུས་ཤིག་ཁོ་བོས་ཟུར་དུ་བྲིས་ཟིན་པ་འདིར་བསྐྱར་ལྡབས་མ་བྱས་

ཤིང༌།འདིར་སངས་རྒྱས་ཆོས་ལུགས་ཀྱི་སྐུ་གསུང་ཐུགས་རྟེན་གྱི་བཟོ་རྩལ་གཏན་ལ་འབེབས་པའི་ཚད་གཞིའི་སྐོར་མདོར་བསྡུས་ཙམ་འཆད་ན།

དང་པོ་སྐུ་རྟེན་ནི། རྒྱ་གར་དུ་སངས་རྒྱས་རང་ཉིད་ཀྱིས་་་་་་་གསུངས་པའི་དུས་འཁོར་རྩ་རྒྱུད་དང༌། བདེ་མཆོག་སྡོམ་འབྱུང༌། བཤད་རྒྱུད་སམ་བུ་ཊི།

ཤཱ་རིའི་བུས་ཞུས་པའི་མདོ་བཅས་ནས་སྐུ་རྟེན་བཞེངས་ཚུལ་གྱི་ཆ་ཚད་སྐོར་མང་དུ་གསུངས་ཤིང༌།

བོད་དུ་ཏཱ་ལའིབླ་མ་སྐུ་ཕྲེང་དང་པོ་དང་དུས་ཐོག་མཉམ་པའི་ལྷ་བཟོ་མཁས་པ་སྨན་བླ་དོན་གྲུབ་པ་དང༌།

སྤྲུལ་སྐུ་ཕྲེང་ཁ་བ་དཔལ་ལྡན་བློ་གློས་བཟང་པོ་གཉིས་ཀྱིས་མཛད་པའི་ལྷ་སྐུའི་ཕྱག་ཚད་ལས། ལྷ་སྐུའི་ཐིག་ཚད་རིགས་མི་འདྲ་བ་བརྒྱད་དུ་ཕྱེ་ནས་གསུངས་པའི་ནང་ནས་ཐིག་ཆེན་དང་པོ།

སངས་རྒྱས་བཅོམ་ལྡན་འདས་སྤྲུལ་སྐུའི་རྣམ་པ་ཅན་ལ་བྲིས་སྐུ་དང་འབུར་སྐུའི་ཚད་མི་འདྲ་བ་གཉིས། ཐིག་ཆེན་གཉིས་པ།

དྲང་སྲོང་ཁྲོས་པའི་རྣམ་པ་ཅན་གྱི་ལྷ་སྐུ་འཁོར་ལོ་བདེ་མཆོག་ལ་སོགས་པའི་རིགས་ལ་བྲིས་སྐུ་དང༌། འབུར་སྐུ་རིགས་མི་འདྲ་བ་གཉིས། ཐིག་ཆེན་གསུམ་པ།

སྤྱན་རས་གཟིགས་ཞི་བའི་རྣམ་པ་ཅན་སོགས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་ལ་བྲིས་སྐུ་དང་་་འབུར་སྐུའི་ཚད་མི་འདྲ་བ་གཉིས། ཐིག་ཆེན་བཞི་པ།

རྗེ་བཙུན་སྒྲོལ་མ་ལྟ་བུའི་ལྷ་མོའི་རྣམ་པ་ཅན་གྱི་སྐུ་ལ་བྲིས་སྐུ་དང་འབུར་སྐུའི་ཚད་མི་འདྲ་བ་གཉིས། ཐིག་ཆེན་ལྔ་པ།

གཤིན་རྗེ་གཤེད་དམར་ནག་ལ་སོགས་པའི་ཁྲོ་བོ་དང་ཁྲོ་མོའི་རྣམ་པ་ཅན་གྱི་ལྷ་སྐུ་ལ་བྲིས་སྐུ་དང་འབུར་སྐུའི་ཚད་མི་འདྲ་བ་གཉིས། ཐིག་ཆེན་དྲུག་པ།

ཕྱག་སྐོར་འབྱུང་པོ་འདུལ་བྱེད་དང་ར་ཧུ་ལ་སོགས་པའི་མིའུ་ཐུང་ཁྲོས་པའི་རྣམ་པ་ཅན་གྱི་ལྷ་སྐུའི་རིགས་ལ་བྲིས་སྐུ་དང་འབུར་སྐུའི་ཚད་མི་འདྲ་བ་་་་་གཉིས། ཐིག་ཆེན་བདུན་པ།

སྤྱིར་བཏང་གི་མི་ཐ་མལ་པའི་རིགས་དང༌། ཉན་ཐོས་དང༌། རང་རྒྱལ་སོགས་ལ་བྲིས་དང་འབུར་གྱི་ཚད་མི་འདྲ་བ་གཉིས། ཐིག་ཆེན་བརྒྱད་པ།

ལྷ་སྐུ་རྣམས་ཀྱི་་བཞུགས་སྟངས་མི་འདྲ་བ་བཅུ་དྲུག་དང༌། རིགས་ལྔའི་དབུ་རྒྱན་དང༌། རུས་པའི་རྒྱན། རིན་པོ་་་་ཆེའི་རྒྱན། ཕྱག་མཚན་ན་བཟའ། བཞུགས་ཁྲི།

རྒྱབ་ཡོལ་བཅས་ཀྱི་ཐིག་ཚད་རྣམས་ཡིན། དེ་་རྣམས་ཀྱི་གསལ་བཤད་ནི།

སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཻ་ཌཱུརྱ་གཡའ་སེལ་གྱི་རིག་གནས་སྐོར་གྱི་བཟོ་རིག་པའི་ཐད་དང་རོང་མཐའ་བློ་བཟང་དམ་ཆོས་རྒྱ་མཚོས་མཛད་པའི་བཟོ་རིག་པའི་རྣམ་བཤད་ཀྱི་

ནང་དུ་གསལ་བས་དེར་གཟིགས།

གཉིས་པ་གསུང་རྟེན་ནི།

གསུང་རྟེན་བྲིས་མ་དང་དཔར་མའི་རིགས་ཇི་ལྟར་བྱུང་ཚུལ་གྱི་ལོ་རྒྱུས་སྐོར་ཁོ་བོས་ཟུར་དུ་བྲིས་པའི་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་མཛེས་རྩལ་བྱུང་རབས་་ཞེས་པ་ཞིག་ཡོད་པ་དེར་གནད་

བསྡུས་ཙམ་དུ་བཀོད་ཟིན་པས་འདིར་བསྐྱར་ལྡབས་མ་བྱས་ཤིང༌།

འདིར་གསུང་རྟེན་ཡི་གེར་འབྲི་བའི་སྐབས་ཀྱི་ཡི་གེའི་ཐིག་ཚད་ཀྱི་སྐོར་ས་བོན་ཙམ་དུ་འཆད་ན་རྒྱ་གར་གྱི་ཡི་གེ་ལཉྪཱ་བྲིས་ཚུལ་སྐོར་ལ་ཞུ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་ཕྱག་སྲོལ་ལྟར་སྐྱོགས་

ལོ་རིན་ཆེན་བཀྲིས་ཀྱིས་ཟིན་བྲིས་སུ་འདེབས་པར་མཛད་ཅིང༌། དེ་ཡང་ཡིག་གཟུགས་ཆེ་ཆུང་ཇི་ལྟར་འདོད་པའི་སྨྱུག་ལེབ་ལ་གསེག་ཆེ་ཙམ་བཅད་ནས་འབྲི་དགོས་ཤིང༌། རིང་ཆ་ཅན་དང༌།

རྒྱབ་ལག་ཅན་གྱི་ཡི་གེ་རྣམས་ཕུད་པའི་ཡི་གེ་རེ་རེའི་ཞེང་ཚད་ལ་རང་ཁམ་གསུམ། དཀྱིལ་དུ་མཚམས་གྲོན་ཡོད་པ་ལ་ཁམ་ཕྱེད་དང་བཞི། མེད་པ་ལ་གསུམ། དཀྱིལ་དུ་མཚམས་གྲོན་ཅན་གྱི་ཡི་གེ་སྟེ།

ཨ་ཨཱ། ཨི་ཨཱི། རི་རཱི། ལི་ལཱི། ཨེ་ཨཻ། ཨོ་ཨཽ། ཤད། ཚེག་དྲག པུ་ཏ། གསལ་བྱེད་ཀ་སྡེ། ཚ་ཛ་ཛྙ་ཉ་ཊ་ཎ། པ་ཕ་མ། ཡ་ཤ་ས་ཀྵ་བཅས་ཀྱི་བར་ཐག་ཁམ་ཕྱེད་དོ། དཀྱིལ་དུ་མཚམས་གྲོལ་མེད་པ་སྟེ།

ཡིག་མགོ ཨུ་ཨཱུ། ཙ་ཥ་ཊ་དྷ། ཏ་ཐ་ད་དྷ་ན། པ་བྷ་ར་ཝ་ཤ་ཧ་རྣམས་ཀྱི་བར་ཐག་ཁམ་དོ།

ཀ་ཚ་ཛ་ཉ་ཁ་ཀྵ་བཅས་བརྩེགས་པ་མང་བའི་རིགས་མགོ་སྐེ་ཐིག་གོང་དུ་རིམ་པས་བསྐུམས་ནས་སྟེང་འོག་གཉིས་གཞི་མཐུན་དུ་བྲིས་ཆོག་པ་དང༌།

བརྩེགས་པ་བྱུང་ན་ཕྱིར་བསྲིངས་ཏེ་ཆ་སྙོམས་པར་བྱས་ཆོག་པ། ར་ཡིག་བརྩེགས་ཚེ་སྟེང་མ་གླང་སྣ་ལྟར་མཆུ་འཕྱང༌། བྷ་ཤ་ས་གསུམ་འོག་གི་ས་སྟོང་་་་འགེངས་ཚེ་མཆུ་འཕྱང༌།

ཀློག་པའི་སྐབས་གཟུགས་གཅིག་ཡིན་ཀྱང་སྐབས་ཐོབ་ཀྱི་དབྱེ་བ་ཤེས་དགོས་པ་ཨུ་དང་ཊ། ཝ་དང་བ།

དྷ་མགོ་རོང་བཅས་སྟེང་དུ་ཡི་གེ་གཞན་བརྩེགས་ཚེ་ཟླ་བ་ཝ་་་་གསུམ་གྱི་བཏགས་གཟུགས་ལ་ཁྱད་མེད་པ་དང༌། རི་ཛྙ་གཉིས་དབྱེ་བ་ཅུང་ཟད་ལས་མེད་ཅིང༌།

ཥ་པ་གཉིས་ནི་དཀྱིལ་དུ་སྨྱུག་ཚག་ཡོད་མེད་ཙམ་ལས་ཁྱད་པར་མེད་པ་དང༌། དེ་བཞིན་ཡིག་་་གཟུགས་འདྲ་བའི་དབང་གིས་ནིར་ཉེན་ཡོད་པས། ཎ་ལ་བཏགས་དང་ཉ་བཏགས། ན་དང་ལ།

ཌ་དང་ཌྷ་བཅས་དང༌།ང་ཙ་རྣམས་ལ་ཞབས་ཀྱུ་མི་འདྲ་ཞིང་ར་ལ་རྣམ་པ་ཀུན་ཏུ་ཞབས་རྒྱུ་མི་འདྲ་བ་སོགས་ཞིབ་ཆ་བྱེད་དགོས་པ་ཡོད་ལ་དེས་མཚོན་ནས་ཝརྟུ་དང་ནཱ་ག་ར་སོགས་བྲིས་་སྟངས་

རིགས་པས་དཔག་ནས་ཤེས་པར་བྱ་དགོས།

བོད་ཡིག་གི་ཐིག་ཚད་ལ་འབྲུ་ཆེན་དང༌། འབྲུ་ཆུང་གཉིས་ཀྱི་ཐིག་ཚད་ཇི་ལྟར་བྱུང་བའི་སྐོར་གཞན་དུ་བྲིས་བཤད་ཟིན་པས་བསྐྱར་ལྡབས་མ་་་བྱས་ཤིང༌།

འདིར་རྫབ་ཆེན་སྟེ་དབུ་ཅན་གྱི་ཐིག་རིས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱི་ཕྱག་བཞེས་ལྟར་ཁྱུང་པོ་གཡུ་ཁྲིས་ཡིག་རིས་སུ་འདེབས་པར་མཛད་ཅིང༌།

རྗེས་སུ་རོང་པོས་ལྷན་ཐབས་བརྩམས་པ་གནང་བ་ལྟར་གནད་བསྡུས་ཏེ་བཤད་ན། གཅིག

གདོན་པ་བཅུ་སྟེ། ༡སྒྲོས་སྦོ་ལྡེམས། ༢འཇམ་དཀར་སྣ། ༣གྲུང་ཟགས་མཆུ། ༤གཡེར་ཡར་འཕུལ། ༥ཟླུམ་ཕུབས་ཅན། ༦ཧུར་མིག་འཁིར། ༧དྲང་མར་འཕེན། ༨སྤྱང་ཁོག་པ། ༩ཧྲོམ་སྣག་སྣ།

༡༠གཉེན་བསྣོལ་མཚམས་བཅས་ཡིན། གཉིས། གཅེས་པ་བརྒྱད་དེ། ༡སྣག་ལམ་ཟླུམ་ལ་སྒྲོས་ཆགས་པ། ༢ཚིག་འཁོར་སྐྱེས་ལ་དཔུང་ཐུང་བ། ༣སྔགས་པ་ཅན་ལ་ཟུར་ཐིག ༤སྟོད་ཕུབས་ཅན་ལ་ཕོ་བ།

༥སྨད་ཕུབས་ཅན་ལ་ཁོང་འདྲེན། ༦རྐང་པ་རྟར་ཞོན་ཕྱི་འབྲང༌། ༧ཡར་འཕུལ་མཐར་རྒྱས་སྒྲོས་གནོན། མིག་ཅན་ལ་སྐེ་གཙང་བ་བཅས་ཡིན། གསུམ། མགོ་གསུམ་སྟེ། ༡མགོ་རབ་ཐག་ཟླུམ་གྲིས་བཅད།

༢མགོ་འབྲིང་ཀ་གཞུ། ༣ཐ་མ་ཚགས་མགོ་བཅས་ཡིན། བཞི། དཔུང་གསུམ་སྟེ། ༡དཔུང་རབ་ཐུགས་དཀར་རྡོར་འཛིན། ༢འབྲིང་མདའ་འཕེན། ༣ཐ་མ་ལག་ཆག་འཕྲེད་ཉལ་བཅས་ཡིན།

ལྔ། སྦོ་གསུམ་སྟེ། ༡སྦོ་རབ་སྒྲོས་ཆགས་གྲི་ལྟག་འདྲ་བ། ༢སྦོ་འབྲིང་སྤུ་ཐག་སྒྲིམ་འདྲ། ༣ཐ་མ་གྲོག་སྐེད་འདྲ་བ་བཅས་ཡིན། དྲུག ཟགས་མཆུ་གསུམ་སྟེ། ༡རབ་གསེག་སྦྱོར་ཐུང་རྣོ།

༢འབྲིང་དགྱེ་བོ་ཕག་སྣ། ༣ཐ་མ་སྒུར་པོ་གླང་སྣ་བཅས་ཡིན། བདུན། ཡར་འཐེན་གསུམ་སྟེ།

༡རབ་རྒྱ་ཁབ་བསླངས་འདྲ། ༢འབྲིང་རྔ་གདུགས་འཕྱང་འདྲ། ༣ཐ་མ་ལག་མགོ་བཅད་འདྲ། བརྒྱད། མར་འཐེན་གསུམ་སྟེ། ༡རབ་སྒྲོ་ལྕགས་རྐང་འདྲ། ༢འབྲིང་ཕྱི་གུའི་མཇུག་འདྲ། ༣

ཐ་མ་འབུ་མཇུག་སྦྲ་རྐང༌། དགུ། མིག་གསུམ་སྟེ། ༡རབ་ཉ་མིག ༢འབྲིང་ནས་འདྲ། ༣ཐ་མ་ཟུར་གསུམ་ཁྲོ་མིག་བཅས་ཡིན།

གོང་གསལ་མགོ་གསུམ་ནས་མིག་གསུམ་གྱི་བར་ཉེར་གཅིག་ཡོད་པ་དེ་ལ་མ་ཆོས་ཉེར་གཅིག་ཟེར། བཅུ། ན་རོའི་ཆོས་གསུམ་སྟེ། ༡གཉིས་ཚོད། ༢འཛུམ་ལ། ༣མཐོ་དམན་་མེད་པ། བཅུ་གཅིག

འགྲེང་བུའི་ཆོས་གཉིས་ཏེ། ༡གསེགས་ཀྱིས་གཞོལ་བ། ༢སྟོད་སྨད་ཕྱོད་པ། བཅུགཉིས། གི་གུའི་ཆོས་གསུམ་སྟེ། ༡ཟླུམ་པ། ༢འགྲིལ་བ། ༣འཁྱུག་པ། བཅུ་གསུམ། ཞབས་ཀུའི་ཆོས་གསུམ་སྟེ། ༡

གདགས་པ་ཅན། ༢གདན་ཐབས་བརྐྱངས་པ། ༣མདུང་ཚུགས་གསུམ་སྦྲེལ་་་་་་ལྡན་པ། བཅུ་བཞི། ར་བཏགས་ཀྱི་ཆོས་གཉིས་ཏེ། ༡རྟ་སྦྲེལ་བ། ༢འཕངས་མ་བསྐྱིལ་བ། བཅོ་ལྔ།

ཡ་བཏགས་ཀྱི་ཆོས་གསུམ་སྟེ། ༡འཁྱུག་པ། ༢འདེགས་པ། ༣དཀྱིལ་ཡངས་པ་བཅས་ཡིན།

གོང་གནསལ་ན་རོའི་ཆོས་གསུམ་ནས་ཡ་བཏགས་ཀྱི་ཆོས་གསུམ་བར་བཅུ་དྲུག་ཡོད་པས་དེ་རྣམས་ལ་བུ་ཆོས་བཅུ་དྲུག་ཟེར། བཅུ་དྲུག སྤྱི་ཆོས་གསུམ་སྟེ། ༡གཟུགས་དཀྱུས་སུ་མ་ཉོལ་བ། ༢

དཀྱིས་ཚད་ནས་མ་ཡར་བ། ༣གཟུགས་དཀྱུས་ཤན་ཕྱེད་པ་བཅས་ཡིན། གོང་དུ་བཤད་པ་རྣམས་ཡིག་གཟུགས་སྤྱིའི་དབང་དུ་བྱས་ནས་རགས་བཤད་བྱས་པ་ཡིན་ལ།

ཞིབ་པར་ཀ་ནས་ཨའི་བར་སུམ་ཅུ་པོ་རེ་རེའི་ཁྱད་ཆོས་དང་སྦྱར་ནས་འཆད་རྒྱུ་ཡོད། བོད་ཡིག་འབྲུ་ཆེན་ལ་ལི་ལུགས་དང་ལྡན་་་ལུགས་གཉིས་ཡོད་པའི་ནང་གི་ལི་ལུགས་ནི་རྒྱུན་ཆད་ཟིན་ཅིང༌།

ལྡན་ལུགས་ནི་ལྡན་མ་རྩེ་མང་གི་ལུགས་ཡིན་པས་རིམ་བཞིན་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་གི་སྐབས་ལག་ལེན་ལྟར་་་་ཐིག་ཚད་དང་ཐིག་དཔེར་བཏབ་ནས་སློབ་རྒྱུན་ཡོད་པ་བཞིན་

རགས་བསྡུས་སུ་བཤད་ན། ཡི་གེ་རྣམས་ལ་གཞུང་ཐིག་དང༌། འཕྲེད་ཐིག དཔངས་ཐིག མགོ་ཐིག ཁོག་ཐིག་བཅས་ལྔ་ཡི་སྒོ་ནས་ཡི་གེའི་གཟུགས་འགྱུར་གསལ་བར་བསྟན་ཅིང༌། ས

ྨྱུག་ཁམ་གསུམ་ལ་ཐིག་ཁོངས་རེ་བྱས་ཏེ་འགའ་ཤས་ལ་ཁམ་གང༌། འགའ་ཞིག་ལ་ཁམ་ཕྱེད་ཀ འགའ་ཞིག་ལ་ཁམ་ཟུར།

འགའ་ཞིག་ལ་ཁམ་འབེབས་བཅས་ཡིག་གཟུགས་ཀྱི་རྣམ་འགྱུར་མི་འདྲ་བ་ཐོན་ཅིང༌། འདྲ་དཔེ་རགས་པའི་འཆད་ཚུལ་ནི། མགོ་བོ་གྲུ་བཞི་ཤོ་བསྒྲིགས་ལྟ་བུའི་ཡི་གེ་བཅུ་གསུམ།

སྐེད་པའི་ཕྱི་ཉག་ལྷས་་་་་་འཛུམ་ལྟ་བུའི་ཡི་གེ་ཉི་ཤུ། འབྲུ་གཤམ་ཟླུམ་པོ་སྒོ་ང་ལྟ་བུའི་ཡི་གེ་བཅུ་བདུན། ལག་འཛག་ཟླ་ཕྱེད་ལྟ་བུའི་ཡི་གེ་ལྔ། གཤམ་གྱི་ཧོར་འཛུམ་རལ་གྲི་ལྟ་བུའི་ཡི་གེ་བཅུ།

སྐེད་པ་འགྱེད་མཚམས་རྒྱ་གྲམ་ལྟ་བུའི་ཡི་གེ་བཅུ་གཉིས། འབྲུ་གཤམ་བྲ་བོ་ལྟ་བུའི་ཡི་གེ མིག་འགྲིལ་ཡི་གེ་ལྟ་བུའི་ཡི་གེ་བཅུ་་་་གཅིག་བཅས་བཤད་སྲོལ་ཡོད།

བོད་ཡིག་དབུ་ཅན་དང་དབུ་མེད་ཁག་མི་འདྲ་བའི་ཐིག་བཤད་དང་ལག་ལེན་ཟུང་དུ་འབྲེལ་བའི་དཔེ་རིས་ནི།

དེ་སྔོན་མཚོ་སྔོན་སྐུ་འབུམ་ཆེ་ཤོས་རིན་པོ་ཆེ་སྐུ་་གོང་མའི་སྐབས་དཔར་བསྐྲུན་གནང་བའི་ཡིག་རིག་སྣ་ཚོགས་ཀྱི་ཕྱི་མོ་མེ་ཏོག་ཕྲེང་བ་ཞེས་པའི་་ཤོག་གྲངས་༣༢ནས་༣༩བར་དང༌།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དགེ་རྒན་མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་ནས་འབྲི་བ་གནང་བའི་ཡིག་གཟུགས་བློ་གསལ་སྤྱི་ནོར་ཞེས་པ་ཟི་ཁྲོན་་ཞིང་ཆེན་ཁོངས་རྔ་པ་བོད་རིགས་

རང་སྐྱོང་ཁུལ་ནས་དཔར་བསྐྲུན་བྱས་པ་ཞིག་ཡོད་པ་དེར་་་གཟིགས། །

གསུམ་པ་ཐུགས་རྟེན་མཆོད་རྟེན་ནི། མཆོད་རྟེན་གྱི་བཟོ་དབྱིབས་ཐད་རང་རྒྱལ་ནང་ས་དང༌། རྒྱ་གར། འབར་

མ་སོགས་ནང་པའི་ཆོས་ལུགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་ཏུ་མི་འདྲ་བ་མང་པོ་ཡོད་ཀྱང་བོད་ལ་ཡོངས་སུ་གྲགས་པ་ནི་བདེ་གཤེགས་མཆོད་རྟེན་བརྒྱད་ཟེར་བ་དེ་་་་་་ཡིན།

གཞན་ཡང་གསང་སྔགས་རྒྱུད་སྡེ་བཞིའི་དཀྱིལ་འཁོར་བྲིས་ཐིག་དང༌། བློས་བསླངས། ས་གར་དང་མཆོད་གར། སྒྲུབ་པ་བཀའ་བརྒྱད་ཀྱི་ཕུར་པའི་རྩ་འཆམ་དང༌། འགྲུབ་འཆམ་སོགས་ཡོད།

ལུས་བཟོ་ཕལ་པ་ནི་རྒྱ་མཚོ་ཆེན་པོ་དང་ཆུ་ཀླུང་དུ་འགྲོ་བའི་གྲུ་གཟིངས་ཆེ་ཆུང༌། ཁང་་་་་ཁྱིམ་དང་ཁང་བརྩེགས། བཟའ་བཏུང་གཡོས་སྦྱོར། གོས་རྒྱན་བཟོ་བ།

ཐང་རྫོང་གཞིག་པ་རྡོའི་འཕྲུལ་འཁོར་ཏེ་སྒྱོགས། ཆུ་རྫོང་འཇོམས་པ་གྲུའི་འཕྲུལ་འཁོར། རི་རྫོང་འཇོམས་པ་མེའི་འཕྲུལ་འཁོར། རལ་གྲི་འཁོར་བ་གྲི་གུག་གི་འཕྲུལ་འཁོར།

རྩེ་མོ་འབྱེད་པ་རླུང་གི་འཕྲུལ་འཁོར། རྩིག་པ་འཇིག་པ་གུར་གྱི་འཕྲུལ་འཁོར། གོ་ཆ་འཇིག་པ་ལྕགས་མདའི་འཕྲུལ་འཁོར། རང་ཕྱོགས་སྲུང་བར་རལ་གྲིའི་འཕྲུལ་འཁོར།

རྒྱལ་རིགས་འཐབ་པ་ཤིང་རྟ་འཁོར་ལོའི་ཚད། ལྟད་མོའི་དོན་དུ་ཁང་བཟང༌།

དགའ་སྟོན་གྱི་དོན་དུ་ཁྱོགས་ཀྱི་མཚན་ཉིད་ལྡུམ་ར་གཅུ་བའི་ཆུ་འདྲེན་འཕྲུལ་འཁོར་སོགས་གནའ་རབས་ཀྱི་འཕྲུལ་འཁོར་རིགས་སྣ་ཚོགས་དང༌།

གཞན་ཡང་མདོ་སྡེ་ལས་བཤད་པའི་བཟོ་སྦྱང་བཅོ་བརྒྱད་དང༌། སྒྱུ་རྩལ་དྲུག་ཅུ་རྩ་བཞི། བཟོ་ལ་སོགས་པར་གཏོགས་པ་་སུམ་ཆུ་སོགས་གཤམ་ནས་འགའ་ཞིག་འཆད་པར་འགྱུར་པ་རྣམས་ཡིན།

ངག་བཟོ་མཆོག་ནི། གསང་སྔགས་རྒྱུད་སྡེ་བཞིའི་ཡི་དམ་དང༌། ཆོས་སྐྱོང་གི་མཆོད་་་་་་་དབྱངས། ཆོས་བཤད་པ། གཏམ་བཤད་བྱེད་པ་སོགས་ཀྱི་སྐབས་སྤོབས་པ་མཐོ་བ་དང༌། སྒྲ་གསལ་བ།

གདངས་སྙན་པ། དོན་བཟང་བ། ཉན་པ་པོ་ཉན་སྤྲོ་བ་སོགས་ཡིན།

(ཤེས་བྱ་ཀུན་ཁྱབ་མཛོད་ལས། ངག་བཟོ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་ གཞན་གྱི་ལོག་རྟོག་འཇོམས་པའི་རྩོད་པ་དང༌། གདུལ་བྱ་རྗེས་སུ་འཛིན་པའི་འཆད་པ་དང༌།

བསྟན་པ་གསལ་བར་བྱེད་པའི་རྩོམ་པ་དང་གསུམ་ཡིན་ཏེ། ཞེས་གསུངས་སོ།)

ངག་བཟོ་ཕལ་པ་ནི། གླུ་ལེན་པ་དང༌། གཤགས་འབྱེད་པ་འཕྲོས་གཏམ་སྨྲ་བ་སོགས་ཀྱི་ངག་རྩལ་རྣམས་ཡིན།

ཡིད་བཟོ་མཆོག་ནི། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དང་རིག་གནས་ལ་མཁས་ཤིང་བྱང་ཆུབ་པས་གཞན་ལ་ལེགས་པར་བསྟན་ཤེས་པ་ལ་ཟེར་ཞིང༌། ཡིད་བཟོ་ཕལ་པ་ནི།

ས་གཞི་་རིན་པོ་ཆེ་ལྗོན་ཤིང༌། གོས། གླང་པོ་ཆེ། རྟ། སྐྱེས་པ།

བུད་མེད་བརྟག་པ་བཅས་བརྒྱད་བཤད་པ་ནི་དུས་སྐབས་དེའི་མི་རྣམས་ཀྱིས་བརྟག་དཔྱད་བྱེད་ཐུབ་པའི་ཁྱབ་ཁོངས་ཁག་གི་སྡེ་ཚན་གཞིར་བཟུང་བ་མ་གཏོགས་འཛམ་གླིང་ཐོག་གི་ཞིབ་འཇུག་

སྡེ་ཚན་ཡོད་ཚད་བརྒྱད་པོ་དེར་འདུས་པར་བཤད་པ་མིན། །ཞེས་གསུངས་སོ། །

གསོ་བ་རིག་པ་ནི། འགྲོ་བ་ཐམས་ཅད་ཀྱི་རྟེན་ལུས་དང་བརྟེན་པ་སྲོག་བཅས་མི་ན་བ་ཡུན་དུ་གནས་ཤིང༌། ན་བ་གསོ་བར་བྱེད་པའི་ཐབས་སམ་རིག་པ་སྟོན་པའི་གཞུང་ལུགས་ལ་བྱ་སྟེ།

འདི་ལ་རྒྱལ་ཁབ་དང་མི་རིགས་མི་འདྲ་བ་སོ་སོར་རང་སོ་སོའི་ས་བབས་ཡུལ་གྱི་ཁྱད་ཆོས་དང་འཚམས་པའི་གསོ་བ་རིག་པ་རེ་ཡོད་པ་ལས།

རང་རེ་བོད་ལུགས་གསོ་བ་རིག་པ་ནི་འཛམ་གླིང་་་གྲགས་ཅན་གྱི་སྲོལ་རྒྱུན་གསོ་རིག་བཞིའི་ཡ་གྱལ་ཞིག་ཡིན་པ་དང༌།

བོད་ལུགས་གསོ་བ་རིག་པའི་རིག་གཞུང་མ་ལག་དང་ནད་ཐོག་ལག་ལེན་སོགས་བསྟན་པའི་གཞུང་ལུགས་རི་བོའི་གཏོས་དང་མཉམ་པ་ཡོད་པ་དེ་དག་གི་ཡང་རྩེ། རྒྱལ་པོ།

རྩ་བ་ལྟ་བུར་གྱུར་པ་ནི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་ཡོངས་གྲགས་སུ་རྒྱུད་བཞི་ཞེས་པ་དེ་ཡིན་ཅིང༌། རྒྱུད་བཞི་ནི། ས་བོན་ལྟ་བུའི་རྩ་བ་ཐུགས་ཀྱི་རྒྱུད།

ཉི་ཟླ་འདྲ་བའི་བཤད་པ་སྐུ་ཡི་རྒྱུད། ནོར་བུ་འདྲ་བའི་མན་ངག་ཡོན་ཏན་རྒྱུད། ཕ་ལམ་འདྲ་བའི་ཕྱི་མ་འཕྲིན་ལས་རྒྱུད་བཅས་ཡིན་ཞིང༌།

དེ་དག་ཀྱང་རིམ་བཞིན་བློ་རབ་འབྲིང་ཐའི་དོན་དུ་བསྟན་པ་ཡིན་ཞིང༌། ཐོག་མར་རྩ་བའི་རྒྱུད་འདིར་་་་རྒྱུད་བཞི་ཀའི་སྔོན་འགྲོའི་ཚུལ་དུ་གླེང་གཞི་གླེང་སློང་གི་ལེའུ་གཉིས་དང༌།

དེ་ནས་རྩ་རྒྱུད་ཀྱི་དོན་དངོས་ཆུ་དང་འཁྱག་རོམ་ཀྱི་ཚུལ་དུ་གནས་པའི་གནས་ལུགས་ནད་གཞིའི་ལེའུ། མེ་དང་དུ་བའི་ཚུལ་དུ་གནས་པའི་ངོས་འཛིན་རྟགས་ཀྱི་ལེའུ།

ཉི་མ་དང་བ་མོའི་ཚུལ་དུ་གནས་པའི་གསོ་ཐབས་ཀྱི་ལེའུ།

མཐར་རྩ་རྒྱུད་ཀྱི་སྡོང་འགྲེམས་གསལ་བར་བསྟན་པ་དཔེ་དོན་གྱི་རྣམ་གྲངས་རྣམ་པར་བཀོད་པ་རྩིས་ཀྱི་ལེའུ་བཅས་ཁྱོན་ལེའུ་དྲུག་གིས་བསྟན་ཡོད་པ་དང༌།

བཤད་པའི་རྒྱུད་ནང་བོད་ཀྱི་གསོ་བ་རིག་པའི་སྤྱི་དོན་གསོ་བྱ། གསོ་བྱེད། ཇི་ལྟར་གསོ་བ། གསོ་བ་པོ་བཅས་ཀྱི་དོན་རྣམས་་རྗོད་བྱེད་གནས་བཅུ་གཅིག་གི་སྒོ་ནས་གསལ་བར་བསྟན་ཡོད་པ་དང༌།

མན་ངག་རྒྱུད་དུ་ཡ་གའི་སྤྱི་གཙུག་ནས་མ་གིའི་རྐང་མཐིལ་བར་གྱི་ནད་རིགས་ཐམས་ཅད་ཀྱི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་རྗེས་གཅོད་ལ་སོགས་པའི་དོན་རྣམས་ཉེས་གསུམ་གསོ་

བའི་སྐབས་ཀྱིས་སྣ་དྲངས་པའི་་་་་རྗོད་བྱེད་སྐབས་བཅོ་ལྔའི་སྒོ་ནས་རྒན་མོ་མཛུབ་ཚུགས་ཀྱི་ཚུལ་དུ་གསལ་བར་བསྟན་ཡོད་པ།

ཕྱི་མ་རྒྱུད་ནང་བོད་ལུགས་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་བརྟག་ཐབས་རྩ་ཆུའི་སྒོ་ནས་ནད་ངོས་ཇི་མ་ཇི་བཞིན་བཟུང་བའི་ཐབས་བརྟག་པ་རྩ་ཆུའི་མདོ་དང༌།

དེ་བཞིན་ནད་ཀྱི་དགྲ་དཔུང་འཇོམས་པའི་ལག་ལེན་བཅོ་བརྒྱད་དམ་ཉེར་གསུམ་གྱིདོན་རྣམས་རྫོགས་པར་བསྟན་པའི་ཞི་བྱེད་སྨན། སྦྱོང་བྱེད་ལས།

འཇམ་རྩུབ་དཔྱད་བཅས་མདོ་བཞིའི་སྒོ་ནས་བསྟན་ཡོད། །

ཐུན་མོང་མ་ཡིན་པ་ནང་རིག་པ་ཞེས་པ་ནི།

ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྱི་དང་ཁྱད་པར་ནང་སེམས་ཀྱི་གནས་ལུགས་རྟོག་པར་བྱེད་པའི་རིག་པ་ཞིག་ཡིན་པས་འདིར་རྒྱས་པར་མ་སྤྲོས། །

རིག་པའི་གནས་ཆུང་བ་ལྔ།

རིག་པའི་གནས་ཆུང་བ་ལྔ་ནི། སྙན་ངག་དང༌། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་བཅས་ལྔ་ཡིན་ཞིང༌།

སྐར་རྩིས་ནི། གྲངས་ཀྱི་རིག་པས་གཞལ་ཏེ་ཀུན་རྫོབ་བླང་དོར་གྱི་གནད་རྣམས་ངོ་མཚར་བར་སྟོན་པའི་རིག་པ་ཞིག་ཡིན།

སྙན་ངག་ནི། ཚིག་དང་དོན་གྱི་རྒྱན་སོགས་ཀྱི་ལམ་ནས་གང་སྨྲ་བའམ་བརྗོད་པར་བྱ་བའི་དོན་རྣམས་ཚིགས་བཅད་དང༌། ཚིག་ལྷུག

བཅད་ལྷུག་སྤེལ་མའི་སྒོ་ནས་སྙན་པར་དངགས་པའམ་བརྗོད་པའི་རིག་པ་ཞིག་ཡིན།

མངོན་བརྗོད་ནི། མིང་གཅིག་དོན་དུ་མར་འཇུག་པ་དང༌། དོན་གཅིག་ཉིད་ཀྱང་མིང་གི་རྣམས་གྲངས་དུ་མའི་སྒོ་ནས་བརྗོད་པའི་ཚུལ་གསལ་བར་སྟོན་པའི་རིག་པ་ཞིག་ཡིན།

སྡེབ་སྦྱོར་ནི་ཡི་གེའི་ལྕི་ཡང་གི་བསྒྱུར་བ་དང་སྤེལ་བའི་སྒོ་ནས་ཚིགས་སུ་བཅད་པ་སྡེབ་པའི་རིག་པ་ཞིག་ཡིན།

ཟློས་གར་ནི། མདོ་འཛིན་པ་དང༌། བཞད་གད་དང༌། སྐད་དུ་མ་གཞན་དུ་བསྒྱུར་བས་འགྲོ་བ་དགའ་བར་བྱེད་པའི་རིག་པ་ཞིག་ཡིན།།

ཡོང་ཁུང༌། བོད་ལྗོང་བོད་ལུགས་གསོ་རིོག་དྲ་ཚིགས།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།