MonSepMon2017

སྤེལ་དུས་མཐའ་མ།11:04:15 AM GMT

རྩོམ་གསར།:

ཚང་མས་འཚོ་བ་དངོས་ཀྱི་མྱོང་ཚོར་གཙོར་བཟུང་ལ་ཁ་ཕྱོགས་ངེས།

གངས་ལྷ་མོ།

ཡི་གེའི་ཐོག་ནས་རྩོམ་འབྲི་བྱ་བར་ཞུགས་ཏེ་སོ་སོའི་སྒེར་གྱི་བསམ་ཚུལ་དང་ཕུག་བསམ། ལྟ་བ་དང་ལངས་ཕྱོགས། དགའ་སྐྱོ་ཆགས་སྡང་གི་གནས་སྟངས་ཇི་མ་ཇི་བཞིན་གཞན་ལ་ཡི་གེའི་ཐོག་ནས་ར་སྤྲོད་དང་གསལ་འདོན་བྱེད་རྒྱུ་ནི་རྩོམ་རིག་གི་འབུར་དུ་ཐོན་པའི་ཁྱད་ཡོན་ཡིན་ལ།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་རྣམས་སུ་བོད་ཀྱི་རྩོམ་རིག་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་གངས་ལྷ་མོས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་བགྱིས།

༡ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།
ལན་དུ། དངོས་བྱུང་ཡ་མཚན་དེ་འདྲར་འཕྲད་མ་མྱོང་ཟེར་ན་འགྲིག་པ་འདྲ། ཡིན་ཡང་མཚམས་རེར་བསམ་བློ་བརྗོད་གཞི་གཅིག་ལ་འཁོར་དུས་སོ་སོའང་ལོ་རྒྱུས་སམ་སྒྲུང་དེའི་ནང་འཐིམས་སུ་བཅུག་པ་དང་། དེའི་ནང་གི་གཙོ་བོ་མི་སྣའམ་ཟུར་བཀོད་མི་སྣའི་སྣང་བརྙན་ཞིག་ཏུ་འགྱུར་འགྲོ་བ་དང་། དེ་ལས་རྩོམ་འབྲི་མཁན་རྣམས་སྒྲུང་གི་གནས་སྟངས་དང་རྒྱ་ལས་བརྒལ་ཐབས་མེད་པ་ཆགས་འགྲོ་བ་ནི། ཡ་མཚན་ཡིན་མིན་གང་ལྟར་ཡང་རྒྱུན་དུ་རྩོམ་འབྲིའི་སྐབས་སུ་གུས་མོའི་མྱོང་ཚོར་མི་འདྲ་བ་ཞིག་ཡིན།

སྤྱིར་ན་རྒྱལ་སྤྱིའི་རྩོམ་པ་པོ་ལ་ལས་རྩོམ་པ་པོས་རྩོམ་འབྲིའི་སྐབས་སུ་སོ་སོ་རྩོམ་གྱི་ནང་དུ་འཛུལ་བའམ་ཐིམ་རྒྱུ་མེད་ལུགས་དང་། དེ་བས་རྩོམ་པ་པོ་དེའི་དབར་བར་འདུག་གི་གནས་ཐབས་ཀྱིས་གནས་སྟངས་ལ་དབྱེ་ཞིབ་དགོས་ལུགས་བཤད། འོན་ཀྱང་སོ་སོར་མཚོན་ན་སྒེར་གྱི་ཚོར་བ་གཞན་ཞིག་ལ་བཞག་ཅིང་། འབྲི་ཡུལ་བཏང་སྙོམས་ཀྱི་སྒོ་ནས་འབྲི་མཁན་ཧ་ཅང་ཉུང་། གོང་དུ་མཁས་པས་གསུངས་པ་ལྟར་བར་འདུག་གི་ཚོད་དུ་བློ་སྦྱོང་བྱེད་མུས་ཡིན་མོད་ཀྱང་། རྒྱུན་དུ་སོ་སོའང་རྩོམ་གྱི་ནང་དོན་ལྟར་དགའ་སྐྱོ་ཆགས་སྡང་མཉམ་དུ་ལྡིང་བཞིན་པ་ནི་ངའི་སྣང་ཚུལ་ཡ་མཚན་པ་དེ་འདྲ་མིན་ཡང་རྩོམ་འབྲིའི་སྐབས་ཀྱི་མྱོང་ཚོར་གཙོ་བོ་ཞིག་ཡིན།

༢ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།
རྩོམ་རིག་ནི་འགྲོ་བ་མིའི་རིགས་ཀྱིས་སྐད་དང་ཡི་གེ་ལས་གྲུབ་པའི་འབྲི་རྩོམ་རྩོམ་རིག་དང་། གཞན་ཡང་བྱ་འགུལ་གྱི་ཐད་ནས་གང་ཟག་གི་སེམས་ཀྱི་ཚོར་བའམ་འདུན་མ། དེ་བཞིན་དགའ་སྐྱོ་ཆགས་སྡང་བཅས་མཚོན་པའམ་མཚོན་པར་བྱ་བའི་རིག་པ་དེ་དག་ཡི་གེར་ཕབས་པ་ནི་རྩོམ་རིག་ལ་གོ་དགོས་སྙམ། ངས་འགྲོ་བ་མི་ཞིག་ཡིན་པའི་ངོས་ནས་སྐད་བརྡ་རིག་པ་ཁོ་ནས་གང་ཟག་སྒེར་གྱི་འདོད་དོན་འཆད་པའི་རིགས་ལ་ངག་རྒྱུན་རྩོམ་རིག་ཏུ་གོ་བཞིན་ཡོད་པ་དང་། ཡི་གེའི་ཐོག་ནས་རྩོམ་འབྲི་བྱ་བར་ཞུགས་ཏེ་སོ་སོའི་སྒེར་གྱི་བསམ་ཚུལ་དང་ཕུག་བསམ། ལྟ་བ་དང་ལངས་ཕྱོགས། དགའ་སྐྱོ་ཆགས་སྡང་གི་གནས་སྟངས་ཇི་མ་ཇི་བཞིན་གཞན་ལ་ཡི་གེའི་ཐོག་ནས་ར་སྤྲོད་དང་གསལ་འདོན་བྱེད་རྒྱུ་ནི་རྩོམ་རིག་གི་འབུར་དུ་ཐོན་པའི་ཁྱད་ཡོན་ཡིན་ལ། ངས་རྩོམ་རིག་ལ་ལྟ་སྟངས་མདོར་བསྡུས་ཀྱང་འདི་འདྲ་ཞིག་ཡིན།

༣ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།
སྒེར་གྱི་མཐོང་སྣང་ལ་བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་འདི་ད་དུང་ཡང་ནར་མ་སོན་པའི་བྱིས་པ་ཞིག་གི་གོམ་འགྲོས་ཚོད་དུ་འདུག་སྙམ། གང་ཡིན་ཟེར་ན་ལོ་རྒྱུས་ཐོག་ཆོས་བྱེད་མི་སྣའམ་མཁའ་འགྲོ་མའི་མཚན་འཛིན་དང་། ཆེ་གེ་མོའི་ཆོས་བྱེད་མི་སྣ་དཔེ་མཚོན་གཙོ་བོ་མ་ཅིག་ལབ་སྒྲོན་ལྟར་ནང་ཆོས་རྒྱ་མཚོ་ཆེན་མོའི་ཉིང་བཅུད་ཧུབ་འཐུང་གནང་མྱོང་ཞིང་། འཆད་རྩོད་རྩོམ་གསུམ་ལ་བྱང་ཞིང་མཁས་པ། དེ་ཙམ་དུ་མ་ཟད་མདོ་སྔགས་གཉིས་ཀྱི་བློ་གྲོས་ཁོངས་སུ་ཆུད་དེ་ཆོས་ལུགས་བྱེ་བྲག་པ་གཅོད་ཀྱི་ལུགས་འདི་གསར་གཏོད་ཀྱང་མཛད། འོན་ཀྱང་རང་རིགས་ཀྱི་ལོ་རྒྱུས་ནང་འདི་བཞིན་ཆོས་ལ་ཉམས་ལེན་ཚད་མཐོ་བའི་བཙུན་མའམ་ཇོ་མོ་མང་དག་ཅིག་བྱོན་འདུག་ཀྱང་། ཡིག་ཐོག་ཏུ་ཉར་ཚགས་ཀྱི་རྒྱུ་ཆ་ནི་ཧ་ཅང་དཀོན་པས་ང་ཚོར་ད་ལྟའི་ཆར་མོ་མཆོག་དམ་པ་དེ་དག་གི་ལོ་རྒྱུས་དཔྱད་ཅིང་བསྲེག་བཅད་བརྡར་གསུམ་གྱི་རྒྱུ་ཆའང་མེད་པ་ལྟར་སྣང་།

མ་ཅིག་ལབ་སྒྲོན་ལྟ་བུའི་ཆོས་པ་བློ་གྲོས་ཅན་མ་ནི་ཧ་ཅང་ཉུང་། དེང་གི་དུས་སུའང་བོད་ནང་ཧུར་བརྩོན་ཅན་གྱི་གཞིས་བཞུགས་བུད་མེད་འགས་རྒྱུན་དུ་ནས་བརྩོན་འགྲུས་ཀྱི་རྟ་ཕོ་བཞོན་པ་མཛུབ་མོས་བགྲང་རྒྱུ་ཡོད་པའི་གྲུབ་དོན་དུ་ང་ཚོའི་མིག་མདུན་རྒྱས་སྟོན་ལ་བཤམ་གནང་མཛད་ཀྱི་ཡོད། འོན་ཀྱང་ཁོང་མོ་ཚོས་གྲུབ་དོན་གྱི་རྩོམ་རྩལ་དང་ནང་དོན་གྱི་ཆ་ནས་ད་དུང་ཡང་འཚོལ་བསྙེག་གི་གོ་རིམ་དུ་ངལ་དུབ་ཀྱིས་རྒྱུ་བཞིན་པ་ལས། རྩོམ་གྱི་འབྲི་རྩལ་དང་ནང་དོན་གྱི་སྤུས་ཚད་ལ་རྒྱ་དམ་པོ་ཞིག་གིས་ཚོད་འཛིན་ཡོད་ངེས་པ་དེ་ནི་ཚང་མས་ཤེས་གསལ་གྱི་གནས་སྟངས་ཤིག་རེད་སྙམ།

དེ་མིན་བྱེས་འབྱོར་ཕ་སྐད་ཀྱི་རྩོམ་འབྲི་མཁན་ཉུང་ཤོས་ཡོད་པ་རྣམས་ཀྱང་རྒྱུན་དུ་སོ་སོའི་རྒྱུན་གཏན་གྱི་འཚོ་བའི་ལས་རིམ་དུ་བྲེལ་འཚུབ་ཀྱིས་རྒྱུ་དགོས་པ་གཙོས་ཕྱིའི་ཁོར་ཡུག་དང་ནང་གི་མཐུན་རྐྱེན་གྱིས་མདང་ངེས་མེད་རྐྱེན། ཆེད་དུ་རྩོམ་འབྲིའི་ལམ་དུ་ཞུགས་ཏེ་ཆེད་གཉེར་གྱི་རྩོམ་པ་མོ་ཞིག་བྱ་བར་དཀའ་ངལ་མང་པོར་གདོང་ལེན་དགོས་པའི་གནས་སྟངས་ཤིག་རེད། ཡིན་ཡང་དུས་མཚུངས་སུ་རང་རེའི་སྐད་དང་ཡི་གེ ཆོས་དང་རིག་གཞུང་ལ་དུང་བ་གཙང་མས་སོ་སོའི་འདོད་ཕྱོགས་འབྲི་བ་ཉུང་ཡང་མཚམས་བཞག་མྱོང་མེད་པ་རེད། སྤྱིར་ན་བརྩམས་དེབ་ཉུང་བའི་དབང་གིས་དཔྱད་ཡུལ་དཀོན་ཡང་། ཕན་ཚུན་དཔྱད་བསྡུར་གྱི་གྲངས་ཀ་ནི་ཧ་ཅང་ཉུང་བས་ད་དུང་ཡང་ལེགས་ཉེས་ཀྱི་སོ་མཚམས་གསལ་པོ་ཞིག་ཆགས་ཐབས་མེད་པ་ནི་དངོས་ཡོད་གནས་སྟངས་སུ་མཐོང་གི་ཡོད། དེ་བས་རེ་གཉིས་ཡོད་པ་དེ་དག་གི་བརྩམས་ཆོས་ཀྱི་སྤུས་ཚད་ལ་དབྱེ་ཞིབ་བྱས་ན། འཚོ་བ་དངོས་ཀྱི་གདོང་རིས་ངོ་མ་འབྲི་བར་འབད་བརྩོན་བྱེད་པ་འདི་ང་ཚོའི་དངོས་ཡོད་གནས་སྟངས་དང་ཁ་མ་བྲལ་བའི་ཚུལ་དུ་འདུག་པས། གུས་མོའི་ངོས་ནས་འདི་ནི་སྤུས་ཚད་ལ་གཞོལ་བའི་བརྩོན་འགྲུས་ཀྱི་སྣང་ཚུལ་ལེགས་པོ་ཞིག་ལ་ངོས་འཛིན་གྱི་ཡོད།

༤ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།
གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲིའི་རྨང་གཞི་ནི་སོ་སོའི་སྒེར་གྱི་ཉིན་ཞག་དུས་དྲུག་གི་འཚོ་བ་དངོས་སུ་བསྐྱལ་སའི་ཁོར་ཡུག་དེ་དག་ཡིན་པས། སྤྱིར་ན་ཕྱིའི་ཁོར་ཡུག་དེའི་སྡོམ་རྒྱ་དམ་ལྷོད་ཀྱི་ཁྱད་པར་དང་། ནང་བསམ་བློའི་རང་དབང་ལའང་དུས་མཚུངས་ཕྱིར་མངོན་མཚོན་མིན་པའི་སྡོམ་རྒྱ་ཞིག་གིས་དམ་དུ་བཅིངས་ཡོད་པ་ཡིན། འོན་ཀྱང་གཞིས་སུ་ཕྱིའི་ཁོར་ཡུག་དང་ནང་བསམ་བློའི་རང་དབང་ལ་སྡོམ་རྒྱ་ཇི་ཙམ་ནན་པོ་ཡིན་ན། དེའི་ཚོད་ཀྱིས་འབྲི་རྩོམ་ཐད་ཀར་གནང་བར་དཀའ་ངལ་ཡོད་ཀྱང་རྩོམ་པ་པོ་རང་ངོས་ཀྱི་རྩོམ་འབྲིའི་སྒྱུ་རྩལ་གྱི་སྤུས་ཚད་ཀྱང་ཡར་རྒྱས་དང་ཚད་མཐོན་པོར་འགྲོ་བའི་རམ་འདེགས་ཤིག་ཡིན་ངེས།

དེར་བརྟེན། གཞིས་ལུས་བུད་མེད་རྩོམ་པ་པོ་ཚོས་རྩོམ་འབྲིའི་ནང་དོན་དང་སྤུས་ཚད་གསལ་འདོན་ཕྱིར་ངེས་པར་དུ་ཡི་གེའི་སྒྱུ་རྩལ་ཁྱད་པར་བ་ཞིག་ལ་བརྟེན་དགོས་པ་སྨྲོས་མེད་ཐོག དེའང་རྩོམ་པ་པོ་རང་ངོས་ཀྱི་སྐད་ཡིག་གཉིས་ཇི་ལྟར་བཀོལ་སྤྱོད་བྱེད་མིན་གྱི་སྤུས་ཚད་ལ་རག་ལུས་ཡོད། དཔེར་མཚོན་ཙམ་ཞུས་ན། གང་ཟག་སྒེར་གྱི་སེམས་གཏིང་གི་འདུན་མ་དང་ཕུག་བསམ་ངར་མ་ཞིག རེ་འདུན་རྣོ་ངར་ཅན་ཞིག་རྩོམ་ལུས་སུ་འགྲུབ་དགོས་ན། རྩོམ་པ་པོས་ངེས་པར་དུ་སྐད་ཡིག་གི་སྒྱུ་རྩལ་ལ་བརྟེན་ནས་རང་རིགས་ཀྱི་གཏམ་དཔེ་དང་མཚར་གཏམ། སྒྲུང་རྩོམ་དང་སྙན་ངག་གི་ལམ་ནས་མཚོན་ཐུབ་དགོས། འོན་ཀྱང་གཞིས་བཞུགས་བུད་མེད་རྩོམ་པ་པོའི་སྐད་ཡིག་བརྡ་སྤྲོད་དང་བྱང་ཆ་བཅས་ཀྱི་སྤུས་ཚད་ནི། ད་དུང་ཡང་བྱེས་འབྱོར་བུད་མེད་ལས་བཟང་བ་མ་གཏོགས་དམན་པ་རྩ་བ་ནས་མིན།

དེ་མིན་བྱེས་འབྱོར་ཕ་སྐད་ཀྱི་རྩོམ་པ་མོ་ཉུང་ཤས་ཀྱིས་རྒྱུན་དུ་སྒེར་གྱི་འཚོ་གནས་ཀྱི་ཁོར་ཡུག་ལ་བརྟེན་ནས། སོ་སོའི་དགའ་ཕྱོགས་ལ་བརྩོན་འགྲུས་བྱེད་བཞིན་ཡོད་ཀྱང་། ད་དུང་ཡང་ཕ་སྐད་ཀྱི་བྱང་ཚད་དང་སྤུས་ཚད། བརྡ་སྤྲོད་ཀྱི་ལམ་ལུགས་སོགས་ནི་གཞིས་ལུས་རྩོམ་པོ་མོ་ལ་མི་དོ་ཞིང་འགྲན་བཟོད་མེད་པའི་གནས་སྟངས་ཤིག་མཐོང་གི་ཡོད། བྱེས་འབྱོར་རྩོམ་པ་མོས་ཡུལ་གྱར་གྱི་རང་དབང་གི་ཁོར་ཡུག་དང་རང་དབང་གི་བསམ་བློ། རང་དབང་གི་རྩོམ་འབྲི་དང་རང་དབང་གི་འཚོལ་བསྙེག་ལ་ཕྱིར་མི་མངོན་པའི་ནང་བསམ་བློའི་སྡོམ་རྒྱ་ཞིག་གིས་དམ་དུ་བཅིང་ཡོད་པར་སྣང་། དེའང་མཚམས་རེར་སྒེར་གྱི་བསམ་བློའི་སྤུས་ཚད་ལས་འཛེམས་ཟོན་གྱི་སྡོམ་རྒྱ་ཞིག་ཡོད་ངེས་ལ། དེ་མིན་ཧུར་བརྩོན་གྱི་སྤུས་ཚད་ཀྱིས་མ་མདང་བའང་ཡིན་སྲིད། ད་དུང་སོ་སོའི་འཚོ་བ་དངོས་ཀྱི་གནས་སྟངས་ལ་བརྟེན་ནས་འབྲི་རྩོམ་ལ་ཆེད་གཉེར་གྱི་ལས་སུ་བཞུགས་པར་སེམས་ཤུགས་དང་འབད་བརྩོན་གྱིས་མི་མདང་བ། སྒེར་གྱི་གནས་སྟངས་ཀྱིས་ཀྱང་ཡོང་ཐབས་མེད་པ་བཅས་ཀྱི་སྣང་ཚུལ་འདུག འོན་ཀྱང་བྱེས་འབྱོར་ཕ་སྐད་འབྲི་མཁན་གྱི་རྩོམ་པ་པོ་ཉུང་ཤོས་ཀྱིས་ད་དུང་ཡང་མུ་མཐུད་ཧུར་བརྩོན་བྱེད་བཞིན་པ་ནི་དགའ་འོས་པའི་གནས་སྟངས་ཤིག་ལ་མཐོང་གི་ཡོད།

༥ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།
བོད་ཀྱི་རྩོམ་རིག་གིས་གུས་མོར་ཐོབ་བྱ་གཙོ་བོ་ནི་རང་མི་རིགས་ཀྱི་ཤེས་བྱར་རྒྱུས་ལོན་དང་ཉམས་སུ་མྱངས་བར་བརྟེན། སོ་སོའི་བསམ་སྤྱོད་ལ་གཞོགས་འདེགས་ཡོང་བའི་ཕན་ནུས་ཐོན་པ་གང་ཡིན་ཟེར་ན། སྤྱིར་ན་གཞིས་བྱེས་གཉིས་ཀྱི་སྤུན་ཟླ་རྣམས་མི་རིགས་ཀྱི་གདོད་མའི་འཚོ་ལུགས་དང་རིང་དུ་འགྲོ་བཞིན་པའི་ཕྱིའི་ཁོར་ཡུག་ལ་འགྱུར་ལྡོག་སོང་བའི་གནས་སྟངས་དང་། གཉིས་ནི་གཞན་ལུགས་ཀྱི་ཤན་ཤུགས་ཆེ་བའི་དབང་གིས་རང་ལུགས་རིམ་བཞིན་འདོར་བཞིན་པའི་གནས་སྟངས་ཀྱིས་རང་ལུགས་འཛིན་པར་དཀའ་ཁག་ཡོད་པ་ཡིན།

འོན་ཀྱང་འཇིག་རྟེན་སྤྱིའི་འཕེལ་འགྲོས་ལ་བསྟུན་ནས་རང་རིགས་ཀྱི་རྩོམ་རིག་གི་ཁ་ཕྱོགས་ཀྱང་ཕྱིའི་དངོས་པོ་གཙོ་བཟུང་བྱས་པའི་དེང་རབས་ཅན་གྱི་གནས་སུ་འབྱོར་བར་བརྟེན། ཚང་མས་འཚོ་བ་དངོས་ཀྱི་མྱོང་ཚོར་གཙོར་བཟུང་ལ་ཁ་ཕྱོགས་ངེས། རང་རེའི་རྩོམ་རིག་སྤྱིའི་སྒྲོམ་གཞི་ནི་ཕལ་ཆེར་ནང་ཆོས་གཙོས་ནང་སེམས་ཀྱི་དཔལ་ཡོན་ལ་གཞོལ་བའི་བསམ་བློའི་ཤེས་བྱ་ཞིག་ཡིན་སྟབས། ནང་ཆོས་ཀྱི་སྙིང་པོ་གཙོ་བོ་བྱས་པའི་ཆོས་བྱེད་མི་སྣའི་བརྩམས་ཆོས་ཀྱི་གྲངས་ཀ་མང་། དེར་བརྟེན། རྗེས་རབས་ཚོའི་བསམ་བློའི་གྲུབ་ཆ་ཡང་དེ་དེ་བཞིན་དུ་འཕེལ་བ་ནི་ཆོས་ཉིད་ལྟར་ཡིན།

ནུབ་པྱོགས་ཀྱི་རྩོམ་རིག་ལ་མཚོན་ན་ཕྱིའི་དངོས་པོ་དར་རྒྱས་གཙོ་བོར་འགྲོ་བཞིན་པའི་ནང་དོན་ཡིན་ཞིང་། ནུབ་གླིང་པའི་ཤེས་བྱའི་རིག་གི་སྤུས་ཚད་དང་ཡར་ཐོན་གྱིས་འཛམ་གླིང་མི་མང་སྣེ་ཤེན་ལྟ་བུ་བྱེད་ཅིང་། དེ་ནི་ཁྱད་པར་ཅན་གྱི་གནས་ཤིག་ལ་མང་པོས་ངོས་འཛིན་བྱེད་ཀྱི་ཡོད། དེ་མིན་རང་རིགས་གཙོས་ཤར་ཕྱོགས་སུ་ཕྱིའི་དངོས་པོ་འཕེལ་རྒྱས་ཀྱི་གོམ་འགྲོས་ཧ་ཅང་རྗེས་ལུས་དང་ཉམས་ཆགས་སོང་བ་བདེན་ཡང། དུས་མཚུངས་སུ་ནང་བསམ་པའི་དཔལ་ཡོན་གྱི་སྤུས་ཚད་དང་ཁྱབ་རྒྱ་ལའང་རྒྱ་བསྐྱེད་ཅིག་བྱུང་བར་བརྟེན། དོན་དངོས་སུ་དོན་འཁྱོལ་ལམ་ལག་བསྟར་ཇི་ཙམ་འཁེལ་ཡོད་མེད་ལ་མ་ལྟོས་པར་ནང་ཆོས་གཙོས་མི་རིགས་ཤིག་འཚོ་གནས་ཀྱི་དོན་སྙིང་ནི་བཟང་པོར་སྨོན་སེམས་འཆོལ་བའི་རྒྱུ་ལ་ཧུར་བརྩོན་མང་བ་བྱས་པར་སྣང་།

མདོར་བསྡུས་ན་ནུབ་གླིང་པའི་ཤེས་བྱ་ཡོན་ཏན་དར་རྒྱས་ཆེ་བའི་དུས་འདིར། རང་རིགས་ཀྱིས་ངེས་པར་དུ་རྩོམ་རིགས་ཚུད་ཕྱི་ནང་གི་ཤེས་བྱ་དང་ཡོན་ཏན་གང་ཡིན་ཡང་སོ་སོར་དགོས་མཁོ་ཡོད་པའི་ཐོག སྙིགས་དོར་བཅུད་ལེན་གྱི་ཚད་ཐིག་ཅིག་འཛིན་དགོས་པ་ལས། གཞན་ཟེར་གཡམ་རྒྱུགས་དང་། ལེགས་ཉེས་དབྱེ་འབྱེད་མེད་པའི་སྒོ་ནས་ནུབ་ཕྱོགས་པའི་རྗེས་སུ་སྡིག་པ་མིག་བཙུམ་གྱིས་གཡམ་རྒྱུགས་བྱས་ན་རང་རིགས་ཀྱི་རིག་གཞུང་དང་ཤེས་བྱར་ཕྱིར་མི་མངོན་པའི་རྨ་ཞིག་འབྱིན་རྒྱུ་ནི་ཟུར་བལྟས་ལེབ་མཐོང་ལྟ་བུ་རུ་གྱུར་འདུག་གོ།

༦ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།
མིང་། གངས་ལྷ་མོ། སྨྱུག་མིང་། གངས་དཀར་སེམས། ས་གནས། རྡ་ས། འབྲེལ་ཡུལ། lhamoghang86.gmail.com
གུས་མོ་བོད་ནང་སློབ་ཆུང་ནས་སློབ་ཆེན་བར་སོང་། ༢༠༠༢ ལོར་ཆབ་སྲིད་ཀྱི་དཀའ་ངལ་འོག་བཙན་བྱོལ་དུ་འབྱོར། སྔ་ཕྱི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་༧རྒྱལ་བའི་མཛད་རྣམ་སྡེ་ཚན་དང་ཉམས་ཞིབ་སྡེ་ཚན་དུ་ཁྱོན་ལོ་ལྔར་ལས་ཀ་བྱས། དེ་རྗེས་བོད་ཀྱི་བང་ཆེན་གསར་ཁང་དུ་གསར་འགོད་པ་དང་ཡིག་སྒྱུར། རྒྱ་ཡིག་དྲ་རྒྱའི་རྩོམ་སྒྲིག་པ་གཅིག་ལྕོགས་ལོ་གཉིས་ལྷག་བྱས།

དེ་ནས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པར་རྒྱུན་ལས་ལོ་གསུམ་ལ་གདམ་ཐོན་བྱུང་བ་བཞིན་ལས་འཇུག་བསྒྲིལ། དུས་མཚུངས་སུ་བོད་མི་མང་སྤྱི་འཐུས་སུ་གདམ་ཐོན་གྱིས་གཞུང་གི་སྤྱི་པའི་ལས་དོན་ཆེ་ཆུང་དང་ཞུ་སྒོ་ཐ་དག་ཚུལ་བཞིན་ཞུས། རྒྱ་གར་འབྱོར་རྗེས་ལས་ཞོར་དུ་བུད་མེད་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཐོག་མ་དེབ་གཅིག་དང་། རྒྱ་བོད་སྐད་ཡིག་གཉིས་ཀྱི་ལོ་རྒྱུས་དེབ་གཉིས་སོ་སོར་བྲིས་པ་དེ་དག་རྒྱ་གར་ལྡི་ལིར་གནས་པའི་༧རྒྱལ་བའི་མཚན་ཐོག་ཡོད་པའི་ཚོགས་པ་ཞིག་དང་། རང་གཞུང་བདེ་སྲུང་། ཨ་རིར་ཡོད་པའི་ངལ་རྩོལ་བསྒྱུར་བཀོད་ཁང་ནས་སོ་སོར་པར་འགྲེམས་གནང་སྐྱོང་བྱུང་། ད་ཐེངས་འཛམ་གླིང་ཐོག་གི་བུད་མེད་གྲགས་ཅན། ཞེས་པའི་སྒྱུར་དེབ་ཅིག་གྲུབ་ཡོད་པ་དང་། དུས་ཁོམ་ནམ་བྱུང་ལ་རྩོམ་འབྲི་བར་དགའ་སྣང་དང་ཧུར་བརྩོན་གཞོལ་བཞིན་མཆིས།

༢༠༡༦ཟླ་༠༤ཚེས་༠༣ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།