MonSepMon2017

སྤེལ་དུས་མཐའ་མ།11:04:15 AM GMT

རྩོམ་གསར།:

ཀློག་པ་པོ་རྣམས་ཀྱིས་ཡ་ལན་ཇི་ལྟར་ཡོད་མིན་ལ་རག་ལས་ཀྱི་རེད་སྙམ།

དོན་འགྲུབ་སྒྲོལ་མ།

བོད་ཀྱི་རྩོམ་ཡིག་ལ་མཚོན་ན་ཤེས་ཡོན་པ་འགའ་ཞིག་ལ་དམིགས་ནས་བྲིས་བཞག་པ་ཞིག་ལས་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་གསོན་པོ་ཞིག་སྟོན་ཐུབ་པ་དང་། ཀློག་པ་པོ་རབ་འབྲིང་ཐ་གསུམ་ལ་འཚམས་ཐུབ་པའི་རྩོམ་ཡིག་མང་པོ་མཐོང་མ་སོང་།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་རྣམས་སུ་བོད་ཀྱི་རྩོམ་རིག་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་དོན་འགྲུབ་སྒྲོལ་མས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་བགྱིས།

༡༽ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན། དམིགས་བསལ་གྱི་ཡ་མཚན་པ་ཟེར་ན་ཅི་ཡང་བྱུང་མ་སོང་།  འོན་ཀྱང་ཨ་རིའི་རླུང་འཕྲིན་ཁང་གི་དྲ་ནང་གི་བོད་ཀྱི་ལེ་ཚན་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཁ་བའི་གྲོས་རྭ་ཞེས་པའི་ལེ་ཚན་ནང་དུ་གུས་མོར་བཅར་འདྲི་བྱས་སོང་བ་ནི། བོད་ཡིག་བཀོལ་སྤྱོད་ཀྱི་རྩོམ་འབྲི་འདི་ལ་གདེང་འཇོག་བྱས་པ་ཞིག་ཡིན་སྲིད།
འདིར་དངོས་བྱུང་སྣང་ཚུལ་ཡ་མཚན་པ་ཟེར་དུས་རྩ་བའི་ཆ་ནས་རྩོམ་པ་པོ་རང་ཉིད་ཀྱི་རྩོམ་འབྲིའི་ཆུ་ཚད་དང་། ཀློག་པ་པོ་རྣམས་ཀྱིས་ཡ་ལན་ཇི་ལྟར་ཡོད་མིན་ལ་རག་ལས་ཀྱི་རེད་སྙམ་ཡོད།  སྤྱིར་རང་ཉིད་ལ་མཚོན་ན་རྩོམ་ལུས་ཡོད་ཚད་ལ་དགའ་མཁན་ཞིག་ཡིན་མོད།  འོན་ཀྱང་།  ཀློག་པ་པོ་རྣམས་ཀྱི་ཡ་ལན་ལས་མྱོང་ཚོར་བྱུང་བ་ཞིག་ནི་གུས་མོས་བྲིས་པའི་དཔྱད་རྩོམ་དང་སྙན་ངག་ལས། འབོལ་རྩོམ་དང་སྒྲུང་རྩོམ་སོགས་ལ་དགའ་བསུ་མང་བ་ཐོབ་པའི་སྣང་བ་ཞིག་སྤྲད་བྱུང་། དཔྱད་རྩོམ་དང་སྙན་ངག་སོགས་འབྲི་བར་སྐད་ཡིག་གི་ཆུ་ཚད་དང་ཤེས་རྒྱ་སོགས་ཀྱིས་མི་འདང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།  འོན་ཀྱང་། འབོལ་རྩོམ་དང་སྒྲུང་རྩོམ་སོགས་ཀྱི་ལམ་ནས་ཀློག་པ་པོ་མང་པོ་ཞིག་གིས་དགའ་བསུ་ཐོབ་མྱོང་ཡོད།

༢༽ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།
ལན། སྤྱིར་ད་ལྟའི་ངའི་མཐོ་རིམ་སློབ་གྲྭའི་ཆེད་སྦྱོང་དེ་ནུབ་ཕྱོགས་པའི་རྩོམ་རིག་ཡིན་པས་གཞུང་ལུགས་དང་མི་མཐུན་བའི་སྐད་ཆ་བཤད་ཐུབ་པ་ཁག  ནུབ་ཕྱོགས་པའི་རྩོམ་རིག་དང་བོད་ཀྱི་རྩོམ་རིག་བར་ལ་ཁྱད་པར་ཏོག་ཙམ་བརྗོད་ན། དུས་རབས་བཅུ་བདུན་དང་བཅོ་བརྒྱད། བཅུ་དགུ་སོགས་ཀྱི་ནུབ་ཕྱོགས་པའི་རྩོམ་པ་པོ་གྲགས་ཅན་རྣམས་ཀྱི་རྩོམ་ཡིག་ང་ཚོས་ད་ལྟ་སྦྱོང་མུས་ཡིན།   དེ་དག་ལ་བལྟས་ཡོང་དུས་ནུབ་ཕྱོགས་པའི་རྩོམ་རིག་དེ་ཀློག་པ་པོ་རྣམས་ཀྱིས་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཅི་འདྲ་ཞིག་ཡིན་རུང་དེ་ལ་འཚམས་ཐུབ་པ་ཞིག་མཐོང་སོང་། དཔེར་ན། ཕྲུག་གུ་རྣམས་ཀྱི་སེམས་ཁམས་དང་རང་གཤིས་ལ་འཚམས་པའི་ཕྲུག་གུའི་རྩོམ་རིག་དང་། འབྲོག་པ་ཞིག་ལ་མཚོན་ན་རི་ཆུ་ནགས་གསུམ་དང་།  རྩི་ཤིང་རི་དྭགས་སོགས་རྫི་བོ་ཞིག་གིས་ཉིན་ལྟར་མཐོང་བཞིན་པའི་འཛམ་གླིང་ལྟ་བུའི་རང་བྱུང་གི་མཛེས་ལྗོངས་སོགས་རྩོམ་ཡིག་གི་ལམ་དུ་མཐོང་ཐུབ་པ།  གཞོན་སྐྱེས་རྣམས་ལ་མཚོན་ནའང་བརྩེ་དུང་གི་རྒྱུད་རིམ་སྙན་ངག་གི་ལམ་དུ་བཀོད་ཡོད་པ།  རྟོག་སྒྲུང་ཞིག་ཀློག་པ་ཡིན་ན་སྐད་ཡིག་གི་སྙན་ཆ་ཡོད་པ་གང་ཞིག་ལ་ཡུལ་དུས་ཀྱི་ལོ་རྒྱུས་དང་ཆབ་སྲིད།  བུད་མེད་ཀྱི་གནས་སྟངས། ཁྱིམ་ཚང་གི་གནས་བབ།  ཆོས་ཕྱོགས་དང་ལོ་རྒྱུས་སོགས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་སྟངས་ཤེས་ཐུབ་པའི་ལམ་དུ་བྲིས་འདུག 

ཡང་སྤྱི་ཚོགས་འགྱུར་བ་གཏོང་ཆེད་ཟུར་ཟའི་སྙན་རྩོམ་བརྒྱུད་དེ་དབང་འཛིན་པ་རྣམས་ལ་བརྡ་ལན་གྱི་རྩོམ་ཡིག་དང་། སྙན་ངག་ལྷུག་མའི་ལམ་དུ་མི་སྒེར་གྱི་རང་དབང་དང་དེ་ལ་ཚད་བཀག་བྱུང་བའི་ལོ་རྒྱུས། སྒྲུང་ཐུང་ཐུང་དང་འཁྲབ་གཞུང་དེ་དག་གི་ལམ་དུ་ཆབ་སྲིད་ཀྱི་རང་བཞིན་དང་དབང་འཛིན་པའི་ལོག་སྤྱོད། གཡུལ་འཐབ་གྱི་རང་བཞིན། བརྩེ་དུང་གི་ཕམ་ཉེས་སོགས་སྤྱི་ཚོགས་ཤིག་གི་མགོ་མཇུག་བར་གསུམ་གྱི་གནས་སྟངས་དེ་རྒྱབ་ལྗོངས་སུ་བཞག་ནས་སྒྱུ་རྩལ་དང་འཆར་སྣང་། གསར་གཏོད་སོགས་ཀྱི་ལམ་དུ་རྩོམ་ལུས་ཀྱི་སྙན་ཆ་བཟོས་ཡོད་པ་མཐོང་སོང་། 

འོན་ཀྱང་། བོད་ཀྱི་རྩོམ་ཡིག་ལ་མཚོན་ན་ཤེས་ཡོན་པ་འགའ་ཞིག་ལ་དམིགས་ནས་བྲིས་བཞག་པ་ཞིག་ལས་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་གསོན་པོ་ཞིག་སྟོན་ཐུབ་པ་དང་། ཀློག་པ་པོ་རབ་འབྲིང་ཐ་གསུམ་ལ་འཚམས་ཐུབ་པའི་རྩོམ་ཡིག་མང་པོ་མཐོང་མ་སོང་།

༣༽རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན། ང་ཚོས་བོད་ཀྱི་ལོ་རྒྱུས་ལ་བལྟས་པ་ཡིན་ན་དེང་དུས་བོད་ཀྱི་བུད་མེད་རྩོམ་པ་པོ་མང་དུ་འགྲོ་བཞིན་པ་དང་། ཆུ་ཚད་ཀྱང་ལེགས་ཏུ་འགྲོ་བཞིན་པ་འདྲ་བོ་ཞིག་མཐོང་གི་ཡོད།  འོན་ཀྱང་། རྒྱལ་ཁབ་གཞན་པའི་ལོ་རྒྱུས་ལ་བལྟས་པ་ཡིན་ན། དབྱིན་ཇི་ལུང་པ་སོགས་ལ་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་བུད་མེད་རྩོམ་པ་པོ་གྲགས་ཅན་མང་པོ་བྱུང་མྱོང་པ་དང་། ན་ནིང་ལོའི་རྩོམ་རིག་གཟེངས་རྟགས་ཆེན་མོ་ཐོབ་མཁན་དེ་ནུབ་ཕྱོགས་པའི་བུད་མེད་རྩོམ་པ་པོ་ཞིག་རེད།  དེ་བས་ང་ཚོ་བོད་ཀྱི་བུད་མེད་རྩོམ་པ་པོ་ཡོངས་ཀྱིས་ཤུགས་སྣོན་རྒྱག་དགོས་པ་ཞིག་མཐོང་གི་ཡོད།

༤༽གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན། བོད་ཡིག་གི་ལམ་དུ་བུད་མེད་རྩོམ་པ་པོ་ལ་མཚོན་ན་སྐད་ཡིག་གི་ཆུ་ཚད་བོད་ནང་དུ་ཡག་པ་མཐོང་སོང་། འོན་ཀྱང་། རྩོམ་ཆོས་ཀྱི་ཐད་དུ་བཤད་ན་ཕྱི་ཕྱོགས་སུ་ཡོད་པའི་བུད་མེད་ཚོ་ལེགས་པ་མཐོང་སོང་བས་དེ་ནི་རང་དབང་གི་བསམ་བློ་ཡོད་པས་ཡིན་སྲིད། མདོར་བསྡུས་ན་ཕྱོགས་གཉིས་ཀ་ནས་ཞན་ཆ་དེ་ལ་ཤུགས་རྒྱག་ཐུབ་ན་བོད་ཀྱི་བུད་མེད་རྩོམ་པ་པོ་ཚད་ལྡན་མི་ཉུང་བ་ཞིག་ཐོན་ཐུབ་པའི་རེ་བ་ཆེ།

༤༽ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།

ལན། དང་པོ་དེ་ཆེས་གལ་ཆེན་གྱི་ཐོབ་བྱ་ནི་རང་མི་རིགས་ཀྱི་སྐད་ཡིག་དེ་ཡར་རྒྱས་སུ་གཏོང་ཐུབ་པ་ཞིག་བྱུང་སོང་།  ད་ལྟ་གུས་མོའི་སྐད་ཡིག་འདི་རྩོམ་ཡིག་ཐར་ཐོར་ཞིག་འབྲི་བསྲིངས་བྱས་ནས་བྱུང་པ་ཞིག་ཡིན།   འོན་ཀྱང་།  ད་ལྟ་ངའི་ཆེད་སྦྱོང་དེ་དབྱིན་ཡིག་གི་ལམ་དུ་ཡིན་པས་བོད་ཡིག་ལ་དེ་ཙམ་ལྟ་ཁོམ་མེད་པར་བློ་ཕམ་ཡོད།


༥༽རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། ངའི་མིང་ལ་དོན་འགྲུབ་སྒྲོལ་མ་ཟེར།  ཕ་ཡུལ་ཁམས་སྡེ་དགེ་སྨན་ཤོད་ནས་ཡིན།  ཕྱི་ལོ་༢༠༠༥ ལོར་བོད་ནས་རྒྱ་གར་དུ་འབྱོར་སྟེ། བོད་ཁྱིམ་སུ་ཇཱ་སློབ་གྲྭར་འཛིན་རིམ་བཅུ་པ་བར་དང་བོད་ཁྱིམ་གོ་པལ་པུར་འཛིན་རིམ་བཅུ་གཉིས་བར་སློབ་གཉེར་བྱས་ཤིང་།   ད་ལྟའི་ཆར་རྒྱ་གར་རྒྱལ་ས་ལྡི་ལི་ནང་གི་བུད་མེད་མཐོ་སློབ་ཅིག་གི་ནང་དུ་སློབ་སྦྱོང་བྱེད་མུས་ཡིན་པས་ལོ་གཅིག་ཙམ་གྱི་རྗེས་སུ་སློབ་མཐར་ཕྱིན་གྱི་ཡོད།

༢༠༡༣ ལོར་༼ཡུལ་གྱར་བུ་མོའི་སེམས་པ༽ཞེས་པའི་སྒེར་དེབ་ཅིག་སྤྱི་ཚོགས་སུ་བཀྲམས་པ་ཡིན།  ༼ ཁྱེད་འཆི་ན་སུ་ངུ་སྲིད་།༽ཅེས་པའི་བོད་འགྱུར་དཔེ་དེབ་ཅིག་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྤྱན་ལམ་དུ་འབུལ་ལ་ཉེ།   བཀའ་དྲིན་ཆེ།


༡༥།༤།༢༠༡༦ཉིན། ཞོགས་པའི་དུས་ཚོད་༢།༤༥་ལ་ཕུལ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།