TueOctTue2017

སྤེལ་དུས་མཐའ་མ།09:34:26 AM GMT

རྩོམ་གསར།:

སྤྱི་ཚོགས་ཀྱི་བག་ཆགས་ལ་འཐིམ་པའི་ཀུན་སྤྱོད་ཀྱི་སྣང་ཚུལ་ལ་ངར་ཤུགས་ལྡན་པ།

སྐལ་གསུམ་སྲིང་མོ།

ང་ཚོས་སྤྱི་ཚོགས་ཧྲིལ་བོའི་དགའ་སྐྱོ་ཆགས་སྡང་གི་ཚོར་བར་རྒྱུས་ལོན་བྱེད་རྒྱུ་ནམ་མཁའི་སྐར་མ་འཛིན་པ་ལས་ཀྱང་དཀའ་ངལ་ཆེ་ནའང་། རྩོམ་རིག་གི་ལམ་ནས་ང་ཚོས་ས་མཚམས་དང་ལེ་དབར་གྱི་ཚད་བཀག་མེད་པར་བདེ་ལེགས་ངང་སྤྱི་ཚོགས་ཧྲིལ་བོར་རྒྱུས་ལོན་བྱེད་ཐུབ།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་རྣམས་སུ་བོད་ཀྱི་རྩོམ་རིག་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་སྐལ་གསུམ་སྲིང་མོས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་བགྱིས།

གཅིག  ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན།  སྤྱིར་གུས་མོ་ངར་མཚོན་ན། རྩོམ་རིག་གི་གཞུང་ལུགས་ལ་ཤེས་རྟོགས་དེ་ཙམ་མེད་ཀྱང་། བོད་མི་རིགས་ལ་ཞེན་ཁོག་ཡོད་མཁན་ཞིག་དང་། བོད་སྐད་ཡིག་ལ་ཆེ་མཐོང་བླ་ལྷག་སྤྲོད་མཁན་ཞིག་ཡིན། ཁྱད་པར་དུ་རྩོམ་རིག་ནི། ཁོ་མོའི་དགའ་ཕྱོགས་ཀྱི་རུས་རྐང་ལ་སིམ་པའི་ཡིད་འོང་གི་འཛུམ་རིས་དེ་ཡིན་ཕྱིར། རང་ཉིད་ཀྱི་ལྷན་སྐྱེས་གཤིས་ཀ་འདི་ལ་དུས་གསུམ་ཀུན་ཏུ་གདེང་འཇོག་ཚད་མཐོ་བོས་གཉོར་སྐྱོང་དང་སྐྱེད་སྲིང་བྱེད་རྒྱུའི་ཆོད་སེམས་ཀྱིས་རྩོམ་འབྲིའི་ལས་ལ་ཞུགས་པ་ཡིན། དང་ཐོག་གཅེས་ཕྲུག་མའི་ཁྲི་ལས་བབས་ཏེ་བས་མཐའི་ཁེར་རྐྱང་གི་འཚོ་བ། དམར་པོ་གཞུང་གི་གཡོ་ཇུས་ལས་ཀྱང་སྡུག་རྩུབ་ཆེའང་། སྐབས་དེར་བྱང་ཆ་མེད་པའི་སྨྱུ་གུ་ཉམ་ཆུང་ཁོ་མོས་འདོད་འདུན་གྱིས་བྲན་དུ་བཀོལ་ཐེངས་རེར། སྨྱུག་ཁར་བཞུད་ཀྱིན་པའི་ལྷད་མེད་དྭངས་གཙང་གི་སེམས་ཀྱི་ཚོར་འདུ་དག ཕ་མ་དང་། སྤུན་མཆེད། ཕ་ཡུལ་གྱི་རི་ཀླུང་རི་ཆུ་དག་དྲན་པའི་འདུ་ཤེས་ལས་བརྒལ་མ་ཐུབ་སྟབས།  རྩོམ་ཡིག་གི་བརྗོད་གཞི་གཙོ་ཆེ་བའི་དབང་དུ་བྱས་ན་དྲན་གདུང་དང་སུན་སྣང་། སྐྱོ་གར་སོགས་ཚོར་འདུ་ཁོ་ན་བརྗོད་པའི་རྩོམ་ཡིག་རེད་ལབ་ཀྱང་ཆོག དཔེར་ན། ཨ་མ་ལགས་དང་། ཨ་ཕ། ངས་ཁྱེད་ཉིད་དྲན། ཕུ་བོ་ལགས་ལ་སོགས་པའི་མཚོན་དུངས་སེམས་བརྗོད་པའི་རྩོམ་ཡིག་གི་ཁོངས་སུ་འདུས་པ་ཤ་སྟག་ཡིན།

ཕྱི་ལོ་༢༠༠༨ ལོར་ཡུན་རིང་བརྣགས་པའི་ན་ཟུག་བཟོད་མེད་ཀྱིས་ཁ་བའི་ལྗོངས་ཀྱི་དཔའ་བརྟུལ་ཚོས་ཚེ་སྲོག་གསོན་པོའི་རིན་ཐང་གིས་སྐད་ཡིག དྲང་བདེན། བདེན་དོན། རང་དབང་། རིག་གཞུང་། ཁོར་ཡུག ཞི་བདེ་བཅས་མི་རིགས་ཤིག་གི་བདེ་དོན་དང་ཆགས་འཇིག་ལ་འབྲེལ་བའི་ལོ་རྒྱུས་དག་ཤ་རུས་ཁྲག་གིས་བྲིས་པའི་ལོ་ཟླའི་ཁྲོད་ནས་ངའི་འདུ་ཤེས་དང་ཚོར་སྣང་། དྲན་གདུང་དང་སྐྱོ་གར་ལས་བརྒལ་ཏེ་རྩོམ་ཡིག་གི་བརྗོད་གཞི་དེ་ཡང་རྩ་བ་ནས་འགྱུར་ཏེ། དཔའ་རྒོད་ཚོར་རེ་རེ་བཞིན་ངའི་སེམས་ཁོང་ན། ལོ་ཟླ་འདི་དག ཚེ་སྲོག་མེ་ནང་ན། དཔའ་བོའི་རྟོགས་བརྗོད། ལ་སོགས་པའི་མཚོན་རང་ཉིད་ཀྱིས་རྩོག་ཡིག་འབྲི་སྦྱོང་གི་གཞི་བརྟེན་དེ་འགྱུར་འགྲོས་ཆེན་པོ་ཞིག་དང་མི་རིགས་ལ་དུང་ཞེན་ཟབ་མོ་ཞིག་གིས་དོན་བརྗོད་རྩོམ་ཡིག་གི་ངོ་བོར་འཕོ་འགྱུར་བྱུང་བ་དང་། སྐབས་དེར་རང་ཉིད་འདས་ཟིན་པའི་ལོ་ངོ་འདི་དག་ལ་ཕྱིར་འདང་ཞིག་བརྒྱབ་ན་རང་ཉིད་ཀྱི་ཚོར་འདུ་དང་སེམས་ཚོར་ལ་རང་ཉིད་ཀྱིས་ཚོད་འཛིན་བྱེད་མི་ཐུབ་པར་ཁོར་ཡུག་དང་སྤྱི་ཚོགས། ལོ་རྒྱུས། གནས་བབ་ལ་སོགས་པའི་དངོས་ཡོད་འཚོ་བའི་འཕོ་འགྱུར་གྱི་འགྲོས་དང་བསྟུན་ནས་རྩོམ་ཡིག་གི་ཁ་ཕྱོགས་ཀྱང་རིམ་གྱིས་འགྱུར་བ་ཐེབས་པ་དང་། སྐྱི་གཡའ་བའི་དོན་དག་དང་མི་འདོད་པ་མང་པོ་ཞིག་གི་ཁྲོད་རང་ཉིད་ཀྱི་རྩོམ་ཡིག་གི་བརྗོད་བྱ་དེ་སྒེར་ནས་སྤྱི་དང། སྣང་ཚུལ་ལས་གནས་ཚུལ། ཚོར་སྣང་ལས་དངོས་ཡོད་ལ་ཕྱོགས་པ་དང་། རྗོད་བྱེད་ཚིག་གི་ཆ་ནས་ཁ་དམ་པ་ལས་ཅུང་ལྷོད་པའི་སྣང་བ་ཞིག་འདུག་པ་དེ་ངའི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་ཞིག་ཀྱང་ཡིན་ཞེས་བརྗོད་ན་ཆོག་སྙམ།

གཉིས། ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད་དམ།

ལན།  སྤྱིར་ངར་མཚོན་ན་རྩོམ་རིག་ལ་དུང་ཀ་དང་སྤྲོ་སེམས་ཆེ་བ་ཙམ་ལས་སྦྱངས་པ་དཔྱིས་ཕྱིན་པ་ཞིག་ཕར་ཞོག ཐ་ན་རྩོམ་རིག་ལ་ཤེས་རྟོགས་གཏིང་ཟབ་རྙེད་མཁན་ཞིག་ཀྱང་མིན་སྟབས། ངས་འདིར་བོད་ཀྱི་རྩོམ་རིག་ལ་བཅངས་པའི་ཚོར་འདུ་ཙམ་ལས་བརྗོད་རྒྱུ་དཀའ་མོ་རེད། ཡིན་ནའང་། ཁོ་མོའི་ལྟ་ཚུལ་ཙམ་བརྗོད་ན། གནའ་རབས་བོད་ཀྱི་རྩོམ་རིག་དང་ད་ལྟའི་བོད་ཀྱི་རྩོམ་རིག་གཉིས་ཀྱི་ཧེ་བག་དང་ངོ་བོ་འགྱུར་བའི་ཆ་ནས་“སྲོལ་རྒྱུན་དང་སྙན་ངག་གསར་པའི་འགལ་འབྲེལ་གྱི་སོ་མཚམས་དབྱེ་བ་ནས་འགོ་འཛུགས་བྱེད་རིགས་ཀྱང་། གངས་ལྗོངས་སུ་རྩོམ་འགྲོས་འདི་དར་སྐབས་ཀྱི་ཐོག་མའི་དུས་རིམ་ནི་བོད་ཀྱི་གནས་བབ་དང་རྒྱ་དམར་གཞུང་གི་སྲིད་ཇུས་ཀྱི་འགལ་ཟླའི་རྣོ་ངར་ཁྲོད་ཀྱི་ལོ་རབས་བརྒྱད་ཅུ་པའི་ནང་རང་རེའི་གཞོན་སྐྱེས་རྩོམ་པ་པོ་དོན་གྲུབ་རྒྱལ་(༡༩༥༤-༡༩༨༥)མཆོག་གིས་ཕྱི་ལོ་༡༩༨༣ ལོའི་«སྦྲང་ཆར་»འདོན་ཐེངས་གཉིས་པའི་སྟེང་«ལང་ཚོའི་རྦབ་ཆུ་»ཞེས་པའི་རྩོམ་ཡིག་ཅིག་སྤེལ་བ་ནི་བོད་དུ་སྙན་ངག་གསར་པ་སྤེལ་བའི་ཐོག་མ་སྟེ། བོད་དུ་སྙན་ངག་གསར་པའི་ཚད་ལྡན་གྱི་གོམ་སྟབས་དང་པོར་ངོས་འཛིན་བྱེད་པ་ཡིན།”ཞེས་སྡོམ་ཚིག་བཀོད་པ་ལྟར་ལོ་རབས་བརྒྱད་ཅུ་པའི་ནང་ནས་བོད་ཀྱི་རྩོམ་ཡིག་དེ་ཡང་འགྱུར་འགྲོས་གསར་པ་ཞིག་བྱུང་བ་ཡིན་པས་འདིར་བོད་ཀྱི་རྩོམ་རིག་གི་གྲངས་འབོར་དང་སྤུས་ཚད། ཁྱབ་ཚད་གསུམ་གྱི་སྟེང་ནས་བཤད་ན་ཆོག་པར་སྙམ།

དང་པོ།  སྤྱིར་འཇིག་རྟེན་གྱི་བྱ་དངོས་གང་ཞིག་ཡིན་ཡང་གྲངས་ཚད་དང་སྤུས་ཚད་ལས་སྤུས་ཚད་གཙོ་བ་དང། སྤུས་ཚད་དང་གྲངས་ཚད་དོ་མཉམ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པ་དང་བྱ་དངོས་གང་ཞིག་འཕེལ་འགྱུར་གྱི་གོ་རིམ་ཁྲོད་སྤུས་ཚད་དང་གྲངས་ཚད་དོ་མཉམ་གྱིས་འཕེལ་རྒྱས་བྱུང་བ་ནི་ཆེས་བླ་ན་མེད་པ་དེ་ཡིན་ལ། གནའ་རབས་བོད་ཀྱི་རྩོམ་རིག་དེ་མི་གྲངས་ས་ཡ་དྲུག་གི་ངོས་ཐད་ནས་གླེང་ན་སྤུས་ཚད་དང་གྲངས་འབོར་དོ་མཉམ་གྱི་སྒང་ནས་འཕེལ་འགྱུར་བྱུང་བ་འཛམ་གླིང་སྟེང་ཆེས་ལེགས་པའི་གྲས་ཤིག་ཡིན་པར་སྙམ་ལ། ལྷག་པར་རྗེ་ཡབ་སྲས་གསུམ་དང་བོ་དོང་ཕྱོགས་ལས་རྣམ་རྒྱལ་སོགས་མཚོན་པའི་ཡབ་མེས་གོང་མ་རྣམས་ཀྱི་ཕྱག་རྗེས་ཀྱིས་ད་ལྟའི་འཛམ་གླིང་གི་སྨོན་ཡུལ་གྱི་གཞི་འདི་གྲུབ་པ་རེད། ད་ལྟའི་དུས་སུ་གྲངས་ཚད་ཀྱི་དབང་དུ་བྱས་ན་བོད་ཕྱི་ནང་གཉིས་ནས་ཕྱི་རུ་མང་བ་དང་། སྔ་ཕྱི་གཉིས་ཀྱི་ཐད་ནས་ཀྱང་ཕྱི་མར་མང་བར་མཐོང་མོད། འོན་ཀྱང་གྲངས་འབོར་དང་སྤུས་ཚད་དོ་མི་མཉམ་པ་མ་ཟད་སྤུས་ཚད་ལས་གྲངས་འབོར་གཙོ་བཟུང་གི་དུས་སྐབས་ཤིག་ལ་བསྐྱོད་བཞིན་འདུག་པར་སྙམ།

གཉིས་པ།  དེ་ཡང་རྩོམ་རིག་གི་སྤུས་ཚད་ཀྱི་ཆ་ནས་བོད་ཕྱི་ནང་གཉིས་ནས་ནང་དང་།  སྔ་ཕྱི་གཉིས་ནས་སྔ་མའི་རྩོམ་ཡིག་དག་སྤུས་ཚད་ཕུལ་དུ་བྱུང་བ་དང་ཁྱད་དུ་འཕགས་པ་ཞིག་ལ་ངོས་འཛིན་གནང་བཞིན་ཡོད། དེ་ནི་རྩོམ་པ་པོ་དག་བོད་ཀྱི་ཡུལ་གོམས་གཤིས་ལུགས་ཀྱི་ཉེ་སར་ཡོད་པ་དང་། ཐ་སྙད། འཚོ་བའི་གོམས་སྲོལ་སོགས་ཕྱོགས་གང་ཅིར་རྩོམ་པ་པོ་རང་གི་ཡུལ་ལུང་སོ་སོར་འདྲེས་ནས་ཡོད། སྔ་ཕྱི་གཉིས་ལ་མཚོན་ནས་བཤད་ན་ཡང་སྔ་མའི་རྩོམ་རིག་གི་ཁྲོད་ན་བོད་ཀྱི་བླ་ན་མེད་པའི་རིག་གཞུང་དང་། སྲོལ་རྒྱུན། མྱི་གཤིས། ཀུན་སྤྱོད་ལ་སོགས་པའི་མཚོན། མི་རིགས་ཤིག་གི་འདས་པའི་ལོ་རྒྱུས་ཀྱི་སྣང་བརྙན་གསལ་བར་མངོན་ཡོད། སྤྱི་ཚོགས་དང་མྱི་གཤིས་རིམ་པས་འཕོ་འགྱུར་གྱིས་ད་ལྟའི་རྩོམ་རིག་འདིའང་དར་སྲོལ་བྱུང་ཡོད་པ་རེད།

གསུམ་པ།  རྩོམ་རིག་གི་ཁྱབ་ཚད་ཀྱི་ཐད་ནས་བོད་ཕྱི་ནང་གཉིས་དང་། སྔ་ཕྱི་གཉིས་ནས་ཕྱི་ལ་ཁྱབ་ཚད་ཆེ་བར་མཐོང་། སྔ་མ་ཡིན་ན་འཚོ་བའི་མཐུན་རྐྱེན་གྱི་དབང་གིས་ཤོག་བུ་ཟད་པོ་ཞིག་གི་སྟེང་དུ་བྲིས་པ་ལས་གློག་ཀླད་དང་ཁྱབ་བརྡལ་གྱི་ཡོ་ཆས་ཅི་ཡང་མེད། དེང་སྐབས་ཡིན་ནའང་ཞིང་ཆེན་ནང་ཁུལ་མ་གཏོགས་ཞིང་ཆེན་དང་ཞིང་ཆེན་གྱི་བར་ནའང་ཁྱབ་བརྡལ་དེ་ཙམ་མེད། བཙན་བྱོལ་ལ་མཚོན་པ་ཡིན་ན། རང་དབང་གི་ཁོར་ཡུག་ཅིག་ཡིན་དུས་བོད་རང་གི་སྐད་ཡིག་ཐོག་ནས་བརྩམས་ཆོས་མང་པོ་ཡོད་པ་མ་ཟད། རྒྱལ་ཁབ་གཞན་གྱི་སྐད་ཡིག་ཐོག་བརྩམས་ཆོས་མང་སྟབས་ཁྱབ་ཚད་ཀྱི་ཐད་ནས་ཁྱབ་རྒྱ་ཆེ་བར་མཐོང་།

གསུམ། རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད་དམ།

ལན། རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བཤད་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཐད། དེ་འདྲའི་སྐྱོ་བོ་ཞིག་ལ་ངོས་འཛིན་བྱས་མ་མྱོང་།  ཡིན་ནའང་། མི་བུ་ཞིག་དང་བསྡུར་ནས་བཤད་ན་མི་མོ་ཞིག་གི་རྩོམ་འབྲིའི་སྤུས་ཚད་ཅུང་ཞན་པར་མཐོང་། གང་ཡིན་ཞེ་ན། ཤེས་ཚད་དང་བསམ་བློའི་འཁོར་ཕྱོགས། འཆར་འགོད། བརྗོད་སྙིང་། སྟངས་འཛིན། འབྲི་ཐབས། བརྒྱུད་རིམ། བསྟན་དོན་ལ་སོགས་པའི་མཚོན་ཕྱོགས་གང་ཅིར་ཞན་ཆ་ཅུང་ཡོད་པར་སྙམ་ཡང་། དོན་དངོས་སུ་རྩོམ་པ་པོའི་གཉུག་གཤིས་དང་སྤོབས་སེམས་བཅས་རྩོམ་རིག་ལས་བྱད་བཞིན་ལྟར་ཚུར་སྣང་ཐུབ་པ་རྩོམ་པ་པོ་ཞིག་གི་བརྩམས་ཆོས་ལས་རྩོམ་པ་མོའི་བརྩམས་ཆོས་ལས་མཐོང་ཐུབ་པ་འདི་ཡང་བུད་མེད་ཀྱི་རྣམ་དཔྱོད་ཤེས་རབ་ཀྱི་གསལ་ཆ་ཞིག་ལ་ངོས་འཛིན་བྱས་ཆོག དཔེར་ན། རྩོམ་པ་པོ་ཚད་ལྡན་དག་གིས་རང་རྩོམ་ལ་གཉུག་གཤིས་ཀྱི་ང་རོ་ཞེས་སུ་འབོད་ཀྱི་ཡོད།  འཕགས་ཡུལ་གྱི་པཎྜི་ཏ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལས། “ཚད་མ་བསླུ་མེད་ཅན་ཤེས་པ།། མ་ཤེས་དོན་གྱི་གསལ་བྱེད་ཅན།།” ཞེས་པའི་བརྗོད་དོན་དེར་འབྲེལ་ཏེ་མཚན་ཉིད་རིག་པའི་ལམ་ནས་ཕྱིར་རྟོག་ཅིག་བྱས་ན། རང་རྩོམ་ནི་རང་རྟོགས་ངོ་མ་དེ་ཡིན་དགོས་ངེས་རེད། དེར་བརྟེན། བུད་མེད་ཀྱི་རྩོམ་འབྲིའི་བརྒྱུད་རིམ་ཁྲོད་ན་བྱམས་བརྩེ་དང་དུངས་སེམས་ཀྱིས་གཏམས་ཤིང་། ལྷད་མེད་དྭངས་གཙང་གི་ངོ་བོ་འཛིན་པ་ཞིག་ཡིན། ཁྱད་པར་དུ་བུད་མེད་ཀྱི་རྩོམ་ཡིག་རེ་རེ་བཞིན་ཞིབ་ཀྱིས་བཀླགས་ན་བློ་འབྱེད་བསམ་བློའི་རྣོ་ངར་ཀུན་ནས་རྒྱས་པའང་ཧ་ཅང་མང་སྟེ། དཔེར་ན། གངས་ལྷ་མོས་«བོད་ཡར་ལངས་ཆེན་མོའི་ལས་འགུལ་གྱི་དགེ་མཚན་དང་སྟོང་ཆ་འགའ་གླེང་བ།» དང་། གཟུངས་ཕྱུག་སྐྱིད་ཀྱིས་«རང་ཉིད་རང་ཉིད་ཀྱིས་གསོད་མི་རུང་། » གཡུ་ཞུན་གྱིས་«ཨ་མ་ལགས་འདི་ལྟར་གློ་བུར་དུ་བཞུད་སོང་།» ལ་སོགས་པའི་མཚོན། སྤྱི་ཚོགས་ཀྱི་བག་ཆགས་ལ་འཐིམ་པའི་ཀུན་སྤྱོད་ཀྱི་སྣང་ཚུལ་དག་ལ་ངར་ཤུགས་ལྡན་པའི་འགྲན་རྒོལ་བྱེད་ཀྱི་ཡོད་པས་བུད་མེད་ཀྱི་རྩོམ་རྩལ་ཅུང་ཞན་ན་ཡང་རྦད་དེ་ཞན་ཆ་འདུག་ཅེས་བཤད་དཀའ་བ་ཞིག་རེད།

བཞི། གཞིས་བྱེས་གཉིས་བོད་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མི་འདྲ་བ་ཅི་ཞིག་མཐོང་ངམ།

ལན། སྤྱིར་བོད་ཀྱི་གནམ་འོག་གཉིས་སུ་ཕྱེས་ཤིང་། བོད་གཞིས་བྱེས་གཉིས་སུ་གྱེས་ཡོད་ཀྱང་།  བོད་ཀྱི་རྩོམ་རིག་གི་གཞུང་ལུགས་ཐད་ནས་སྤྱི་མཚུངས་ལྟར་ཡིན་དགོས།   ཡིན་ནའང་། གྲངས་འབོར་དང་སྤུས་ཚད། བརྗོད་བྱ། ཁྱབ་ཚད་བཅས་ཕྱོགས་གང་ཅིར་ཅུང་མི་འདྲ་ས་ཡོད་ངེས་རེད། དེ་ནི་སྤྱི་ཚོགས་དང་ཁོར་ཡུག་གི་གནས་སྟངས། ཤེས་ཡོན་ལམ་ལུགས་ལག་བསྟར་གྱི་ཆ། ཁྱད་པར་དུ་རྒྱ་མིའི་ཆབ་སྲིད་ཀྱི་ལྟ་བ་དང་མ་འགལ་བ་ཞིག་ཡིན་དགོས་སྟབས། མདོ་དོན་ཧྲིལ་གྱིས་དྲིལ་ན། ཁོར་ཡུག་གི་གནས་སྟངས་གཙོས་བསམ་བློའི་བཀག་རྒྱའི་དབང་གིས་གཞིས་ཀྱི་རྩོམ་ཡིག་གི་བརྗོད་བྱ་ཕལ་ཆེ་བ་ཆབ་སྲིད་དང་འབྲེལ་མེད་པས་མི་འདྲ་ས་ཅུང་ཡོད།  མ་ཟད་ལོ་ན་ཆེ་ཆུང་དང་བསླབ་པ་རྒན་གཞོན་གྱི་ཁྱད་པར་ཏན་ཏན་ཡོད་པར་སྙམ།  གཞིས་ལ་མཚོན་ནས་བཤད་ན། འཛིན་རིམ་བཅུ་གཉིས་ནས་བཟུང་སོ་སོའི་ཁམས་དང་མོས་པ་བསྟུན། ཆེད་ལས་སྦྱོང་བརྡར་བྱེད་བཞིན་ཡོད།  ཁྱད་པར་ཆེད་སྦྱོང་སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་དང་། ཨ་ལགས་དོར་ཞི་གདོང་དྲུག་སྙེམས་བློ།  རྩོམ་རིག་གི་སློབ་དཔོན་བདུད་ལྷ་རྒྱལ་ལ་སོགས་པའི་མཚོན་དགེ་རྒན་ཕུལ་བྱུང་ཅན་མང་པོ་ཡོད་པས་གཞིས་ལུས་བུད་མེད་ཀྱི་རྩོམ་འབྲིའི་རྨང་གཞི་ཅུང་ཚད་ལྡན་རེད་ཅེས་བརྗོད་ཆོག བྱེས་ཀྱི་རིགས་ལའང་རྩོམ་རིག་སློབ་དཔོན་རྦད་དེ་མེད་པ་མིན་ཡང་ཆེད་སྦྱོང་གི་སྡིངས་ཆ་མེད་པ་དང་། ལོ་ན་ཆུང་བ། བརྩམས་ཆོས་མང་ཆེ་བ་གཞི་རིམ་དང་མཐོ་སློབ། སློབ་མའི་སྐབས་བཏོན་པ་ཤ་སྟག་ཡིན་སྟབས་སྤྱི་ཚོགས་འཚོ་བའི་ཉམས་མྱོང་མེད་པ་ལ་སོགས་པའི་མཚོན། ངོ་བོའི་ཆ་ནས་མང་བ་དང་ཁྱབ་རྒྱ་ཆེ་ནའང་།  རྣམ་པའི་ཆ་ནས་ཡང་དག་པ་ཞིག་ཡིན་ཞེས་བཤད་དཀའ་བར་སྙམ་མོ།། 

ལྔ། བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།

ལན། སྤྱིར་དེང་གི་དུས་འདིར་རྩོམ་རིག་ཅེས་པ་སྙན་ངག་གཅིག་པུར་ངོས་འཛིན་གནང་གི་ཡོད་པ་འདྲ། ཡིན་ཡང་རྩོམ་རིག་ཅེས་པ་སྙན་ངག་གཅིག་པུར་གོ་ན་མི་འགྲིག་སྟེ། རྩོམ་རིག་ནི་སྙན་ངག་ཙམ་མ་ཡིན་པར་དེ་ལས་ཁྱབ་རྒྱ་ཆེ་ཞིང་། གནད་དོན་ཕུན་སུམ་ཚོགས་པ།  རིག་གཞུང་མ་ལག་ཚང་མར་རྒྱུས་ལོན་བྱེད་ཐུབ་པའི་རིག་པའི་གཞུང་ལུགས་གལ་ཆེ་ཞིག་ཡིན་པར་བརྟེན། འདིར་ངས་དུམ་མཚམས་གསུམ་དབྱེ་སྟེ་མདོར་ཙམ་གླེང་ན། གཅིག  རྩོམ་རིག་གི་ལམ་ནས་རིག་གཞུང་མ་ལག་ཚང་མར་རྒྱུས་ལོན་ཐུབ་པ། དེ་ནི་བོད་ཀྱི་རིག་གནས་བཅུ་གཙོས་ལོ་རྒྱུས་དང་གཏམ་བརྗོད། བྱ་དངོས་ཅི་ཞིག་ལ་རྟོག་ཞིབ་དང་རྒྱུས་ལོན། ཉམས་ཞིབ་བྱེད་དགོས་ཚེ་ང་ཚོས་རྩོམ་རིག་གི་ལམ་ནས་རྙེད་ཐུབ།
གཉིས། རྩོམ་རིག་གི་ལམ་ནས་སྤྱི་ཚོགས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བར་རྒྱུས་ལོན་ཐུབ་པ། གང་ཡིན་ཞེ་ན། ང་ཚོས་སྤྱི་ཚོགས་ཧྲིལ་བོའི་དགའ་སྐྱོ་ཆགས་སྡང་གི་ཚོར་བར་རྒྱུས་ལོན་བྱེད་རྒྱུ་ནམ་མཁའི་སྐར་མ་འཛིན་པ་ལས་ཀྱང་དཀའ་ངལ་ཆེ་ནའང་། རྩོམ་རིག་གི་ལམ་ནས་ང་ཚོས་ས་མཚམས་དང་ལེ་དབར་གྱི་ཚད་བཀག་མེད་པར་བདེ་ལེགས་ངང་སྤྱི་ཚོགས་ཧྲིལ་བོར་རྒྱུས་ལོན་བྱེད་ཐུབ།
གསུམ། རྩོམ་རིག་གི་ལམ་ནས་མིའི་རིགས་ཀྱི་བསམ་བློ་དང་གཤིས་སྤྱོད་ལ་རྒྱུས་ལོན་ཐུབ་པ། རྒྱུ་མཚན་ང་ཚོས་སྤྱི་ཚོགས་ཁྲོད་ཀྱི་མི་དང་མིའི་བར་གྱི་འབྲེལ་ལམ་བརྒྱུད་ནས་མིའི་རིགས་ཀྱི་བསམ་བློ་དང་གཤིས་སྤྱོད་ལ་དེ་ཙམ་རྒྱུས་ལོན་བྱེད་མི་ཐུབ། གལ་ཏེ་ཐུབ་པ་ཡིན་ནའང་རང་གི་ཕ་མ་དང་གཉེན་ཉེ། གྲོགས་པོ་དང་གྲོགས་མོ། མདོར་ན། རང་ཉིད་ལ་འབྲེལ་འདྲིས་ཡོད་པ་མ་གཏོགས་མི་རེ་ངོ་རེའི་བསམ་སྤྱོད་དང་།  སེམས་ཁམས་ལ་རྒྱུས་ལོན་བྱེད་དཀའ་ནི་རེད། ཡིན་ཡང་རྩོམ་རིག་གི་ལམ་ནས་ཐག་ཉེ་རིང་གི་ཁྱད་པར། རྒྱལ་ཁབ་གང་ཞིག་ནས་ཡིན་མིན་ལ་མ་བལྟོས་པར།  རྒྱུས་ལོན་རྟོག་ཞིབ་གསལ་བོ་བྱེད་ཐུབ།

དྲུག རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

དངོས་མིང་།  གཟུངས་འདུས་སྐྱིད།
སྨྱུག་མིང་།  སྐལ་གསུམ་སྲིང་མོ།
སྐྱེས་ཡུལ།  རྡོ་སྦིས།
བོད་ནང་དུ་སློབ་གྲྭ་རིམ་པར་འགྲིམས་ཤིང་ཕྱི་ལོ་༢༠༠༣ལོར་བཙན་བྱོལ་དུ་འབྱོར་ནས་སུ་ཇཱ་བོད་ཁྱིམ་དང་ས་རཱ་མཐོ་རིམ་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན། དེའི་རིང་དུ་«ཟམ་པ་»དང་«གངྒཱའི་བཞད་སྒྲ»འི་རྩོམ་སྒྲིག་པ་བྱས། མ་ཡུམ་ཚགས་པར་གྱི་རྐང་འཛིན་རྩོམ་པ་པོ་དང་། འོད་དཀར་དྲ་ཚིགས་ཀྱི་རྐང་འཛིན་རྩོམ་པ་པོ། རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྩོམ་སྒྲིག་པ་བྱས་པ་དང་། ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཀྱི་ཉམས་ཞིབ་པ།
སྔ་ཕྱིར་ལྷུག་རྩོམ་གཙོ་བྱས་པའི་རྩོམ་ཡིག་བརྒྱ་ཕྲག་ལྷག་བོད་ཕྱི་ནང་གི་དུས་དེབ་དང་ཚགས་པར། དྲ་རྒྱ་བཅས་སུ་སྤེལ་བ་དང་རྩོམ་ཡིག་འགྲན་སྡུར་གང་མང་ཁྲོད་རྩེ་སོན་གྱི་བྱ་དགའ་ཐེངས་མང་ཐོབ་མྱོང། བརྩམས་ཆོས་ལ་«རིགས་ཞེན་གྱི་འབོད་བརྡ»དང་«བརྩེ་བའི་ཤ་ཁྲག»  «རང་རྟོགས»བཅས་དེབ་ཕྲེང་གསུམ་ཡོད།

༢༠༡༦ཟླ་༠༦ཚེས་༡༥ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།