FriAprFri2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

ཉི་མ་འཚོར་བོད་ཀྱི་རྩོམ་རིག་སྐོར་གྱི་བཅར་འདྲི།

ཉི་མ་འཚོ།

མ་སྐད་རང་གི་ཐོག་ནས་བྲིས་པའི་བོད་ཕྱི་ནང་གི་བུད་མེད་ཀྱི་བརྩམས་ཆོས་དེབ་བརྒྱ་ལྷག་དང་རྩོམ་པ་པོ་སུམ་ཅུ་སོ་གྲངས་ཟིན་འདུག དེའི་ནང་ན་སྤུས་ཚད་ཅན་ཡང་མང་པོ་འདུགམི་གྲངས་དང་གནས་སྐབས། བུད་མེད་ལ་སློབ་སྦྱོང་གི་ཁོར་ཡུག་ཆ་ཚང་ཞིག་ཐོབ་ནས་དུས་ཡུན་མང་པོ་སོང་མེད་པ་བཅས་ལ་འདང་བརྒྱབ་ན་ཡག་པོ་རེད་སྙམ།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་རྣམས་སུ་བོད་ཀྱི་རྩོམ་རིག་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་ཉི་མ་འཚོས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་བགྱིས།


༡ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།
ལན། རྩོམ་འབྲིའི་ལས་ཀ་ཟེར་ན་ཡང་རྒྱ་ཆེན་པོ་དེ་འདྲ་གང་ཡང་གྲུབ་ཡོད་པ་མ་རེད། དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲ་ཟེར་ན་ཡང་མི་ཤེས་མོད། རྩོམ་ཡིག་ཁྲོད་ཀྱི་མི་སྣ་དང་ཁོར་ཡུག་འབྲི་བཞེངས་སྐབས་མཚམས་ལན་རེར་རང་ཉིད་ཀྱང་ལྷ་ཡུལ་ཀླུ་ཡུལ་ལ་སོགས་པའི་ཁོར་ཡུག་སྣ་ཚོགས་ལ་འཐིམས་པ་དང་། ཡང་ན་བྱ་བྱེའུ་ཉ་མོ་དང་སྤྲང་བོ་དཔའ་རྟུལ་སོགས་མི་སྣ་དེའི་སེམས་ཁམས་དང་མཉམ་འགྲོ་ཡི་རྟོག་བཟོའི་བློ་དང་འགྲོགས་དགོས་པ་རེད། སྐད་ཅིག་རེར་འཁྲུལ་སོང་བ་ལྟ་བུའི་སྣང་ཚུལ་དེ་འདྲ་སུ་ལ་ཡང་ཡོད་རྒྱུ་ རེད་སྙམ། དེ་བཞིན་གཞི་རིམ་སློབ་གྲྭའི་སྐབས་སུ་རང་ཉིད་ལ་སློབ་གྲྭ་ལས་ལྷག་པའི་ལྟ་རྟོག་བྱེད་མཁན་གཞན་མེད། མཚམས་ལན་རེར་རྩོམ་ཡིག་འགྲན་སྡུར་སོགས་ནས་དངུལ་གྱི་བྱ་དགའ་རེ་ཐོབ་པ་དང་རྩོམ་སྒྲིག་ཁང་རེ་ནས་རྩོམ་ཡོན་རེ་འབྱོར་བའི་དགའ་ཚོར་ནི་བར་སྣང་ལ་འཕུར་བའི་དུས་སྐབས་ཡ་མཚན་པ་རེ་ཡིན་ཟེར་ན་ཡང་མི་ཆོག་པ་ཡོད་རྒྱུ་མ་རེད།

༢ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།
ལན། རྩོམ་རིག་ལ་ལྟ་སྟངས་ཟེར་ན་རེད་གང་ལྟར་དྲང་བདེན་གྱི་སྒོ་ནས་སྤྱི་ཚོགས་ཀྱི་སྣང་ཚུལ་ངན་པ་དག་དྲང་ལམ་དུ་གཏོང་བྱའི་སྐད་ཆ་ནི་རྩོམ་རིག་ནི་ནུས་པར་གོ་དགོས་པས་ན། རྩོམ་འབྲིའི་བརྒྱུད་རིམ་ཁྲོད་དུ་ངས་རང་གིས་བཤད་པའི་སྐད་ཆ་དག་དྲང་ ཕྱོགས་ཁོ་ན་བཟུང་ཡོད་ཟེར་རྒྱུ་དཀའ་མོ་རེད་དེ། ང་ལ་མཚོན་ན་གང་ཅི་ཐད་ནས་རྣམ་འགྱུར་དྲང་མོ་ཞིག་འཛིན་བཞིན་ཡོད།

༣ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།
ལན། མ་སྐད་རང་གི་ཐོག་ནས་བྲིས་པའི་བོད་ཕྱི་ནང་གི་བུད་མེད་ཀྱི་བརྩམས་ཆོས་དེབ་བརྒྱ་ལྷག་དང་རྩོམ་པ་པོ་སུམ་ཅུ་སོ་གྲངས་ཟིན་འདུག དེའི་ནང་ན་སྤུས་ཚད་ཅན་ཡང་མང་པོ་འདུག མི་གྲངས་དང་གནས་སྐབས། བུད་མེད་ལ་སློབ་སྦྱོང་གི་ཁོར་ཡུག་ཆ་ཚང་ཞིག་ཐོབ་ནས་དུས་ཡུན་མང་པོ་སོང་མེད་པ་བཅས་ལ་འདང་བརྒྱབ་ན་ཡག་པོ་རེད་སྙམ།

གཞན་སྐད་ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་ཀྱང་གང་ལ་གང་འཚམས་འདུག རྩོམ་པ་པོ་ཚེ་རིང་འོད་ཟེར་དང་མེ་སྒྲོན་སོགས་ཀྱི་རྒྱ་ཡིག་བརྩམས་ཆོས་ཁག་ལ་འཛམ་གླིང་དང་རྒྱལ་ཁབ་རིམ་པའི་གདེངས་འཇོག་ཐོབ་ཡོད། འཐད་ཕྱོགས་ནས་བསམ་བློ་བཏང་ན་ང་ཚོས་ཁས་མི་ལེན་རང་ལེན་རེད། དེ་བཞིན་འཛམ་གླིང་གི་བུད་མེད་རྩོམ་པ་པོ་དག་གི་བྱུང་རབས་ལོ་རྒྱུས་ལ་བལྟས་པ་ཡིན་ན་ཡང་རྩོམ་པ་པོར་གྱུར་སྟངས་དང་རྩོམ་པ་པོ་ཚད་ལྡན་དང་གྲགས་ཅན་ཆགས་སྟངས་སོགས་ང་ཚོའི་བོད་ཀྱི་བུད་མེད་དང་འདྲ་འདྲ་རེད། ད་དུང་འཕེལ་རྒྱས་ཀྱི་ཕྱོགས་དེ་ང་ཚོ་མགྱོགས་པ་མེད་ན་དལ་བ་མི་འདུག

༤ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།
ལན། གཞིས་བྱེས་གཉིས་ཟེར་ན་མ་ཟེར་ན་མ་སྐད་རང་གི་སྒང་ནས་རྩོམ་འབྲི་མཁན་མང་ཆེ་བ་བོད་ནང་ནས་རྨང་གཞི་གང་འཚམས་བཞག་ནས་ཡོད་པ་ཏག་ཏག་རེད། བོད་ནང་ན་བོད་ཡིག་གི་ཁོར་ཡུག་ཡག་པོ་ཁྱད་པར་བ་ཞིག་ཡོད་པ་ནི་ཁྱིམ་ཚང་སློབ་གསོ་རེད་སྙམ། བོད་ཀྱི་ཁྱིམ་ཚང་ཞིག་ལ་མཚོན་ན་གྲྭ་བ་མེད་པའི་ཁྱིམ་ཚང་ཧ་ལམ་མེད་པ་རེད། དེ་བཞིན་མདོ་གདུགས་སྒྲོལ་གསུམ་སོགས་ཁ་འདོན་ཙག་ཙིག་མི་ཤེས་པའི་ཁྱིམ་པ་བ་ཧ་ལམ་མེད་ཟེར་ན་ཡང་ཆོག དེ་དང་དེ་ལྟ་བུའི་བག་ཆགས་ཀྱིས་བོད་ཡིག་ལ་དགའ་བའི་ཚོར་བ་དེ་ཆུང་དུས་ནས་སྐྱེས་ཐུབ་ཡོད་ས་རེད་སྙམ།

དེ་ནས་སློབ་གྲྭའི་སློབ་གསོ་རེད། ང་ནི་ཐོག་དང་པོ་སློབ་གྲྭ་འགྲིམས་དུས་ཀྱི་བོད་དགེ་དང་གླུ་དབྱངས་དགེ་རྒན། ལུས་རྩལ་དགེ་རྒན། རི་མོ་དགེ་རྒན་ཚང་མ་བོད་པ་ཏག་ཏག་ཡིན། ཁོང་ཚོའི་ཉིན་རྒྱུན་འཚོ་བའི་ཁྲོད་ན་བོད་ཡིག་བོད་སྐད་མ་གཏོགས་པ་ཅི་ཡང་མི་འདུག བྱིས་པའི་དུས་སུ་དགེ་རྒན་ནི་སེམས་ནང་གི་དཔའ་བོ་དཔའ་མོ་དང་ཡང་ན་མིག་དཔེ་ལྟ་ས་ཡོད་ན་མེད་ན་དེ་རེད། ཐ་ན་གྱོན་པ་གོན་སྟངས་ཙམ་ཡིན་ན་ཡང་ཆེན་པོ་ཆགས་རྗེས་ཁོང་ཚོ་ནང་བཞིན་གོན་དགོས་ཨང་སྙམ་མྱོང་། དགའ་ཕྱོགས་འཐད་ཕྱོགས་ཀྱི་བག་ཆགས་དེ་དག་གིས་འཚོ་བའི་ཟ་ཟུར་མང་པོ་ནས་བོད་ཡིག་གི་བག་ཆགས་མཐུག་པོ་བཞག་ཡོད་པ་རེད་སྙམ།

༥ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།
ལན། བོད་ཀྱི་རྩོམ་ཟེར་ནས་འགྲིག་གི་ཡོད་མེད་མི་ཤེས་གི ངས་རང་གི་ཚོར་བ་ངོ་མ་དེ་ཡི་གེར་སྡེབ་དུས་ནི་བཙན་བྱོལ་གྱི་འཚོ་བ་རོལ་བ་ནས་འགོ་བཟུང་བ་ཡིན། བཙན་བྱོལ་གྱི་འཚོ་བ་རོལ་བ་ནས་དཀའ་སྡུག་གི་འཚོ་བའི་མགོ་བཟུང་བ་རེད་ལ་དེ་ནས་བཟུང་རང་མགོ་རང་ཐོན་གྱི་ལམ་དུ་ཡང་གོམ་པ་སྤོས་པ་རེད། སྐབས་དེ་དག་ཏུ་འཚོ་བའི་ཁྲོད་ཀྱི་དཀའ་སྡུག་དང་ཕ་མ་དྲན་པའི་སྐྱོ་ གདུང་། རང་གི་དམིགས་ཡུལ་དང་ཕུགས་འདུན་བཅས་ཉི་མ་རེ་རེའི་ཚོར་བ་དང་སེམས་ཁམས་དེར་འགྲེལ་བཤད་རྒྱག་ས་ཧ་ལམ་མེད་དུས་རེད། ཡིན་ན་ཡང་ཡི་གེ་འབྲི་ཤེས་པ་འདིས་ཚོར་བ་སྤུངས་ས་ཡོད་སོང་བ་རེད། སྐབས་དེར་འབྲི་དེབ་སོགས་ཤོག་བུ་དཀར་པོ་དང་གཙང་མ་ཉོ་བྱེད་ཀྱི་ལག་དངུལ་མེད། ཤོག་བུ་ཅུང་ཁ་ནག་པོ་སོབ་སོབ་གོང་ཆུང་ཆུང་ཅན་ཞིག་ཡོད་པ་རེ་ཉོས་ནས་རྒྱབ་ཤོག་གཙང་མ་རེ་གཡོག་རྗེས་ཚོར་བ་དམར་རྗེན་དུ་བྲིས་མྱོང་།

སྐབས་དེ་དག་ཏུ་ཕ་མ་དང་ཕ་ཡུལ། ཕུ་ནུ་མིང་སྲིང་། ཁ་ཡ་ན་ཟླ་སོགས་འདང་བརྩེ་བ་ཟབ་པའི་མི་ཡོད་ཚད་ཀྱི་ཚབ་མཚོན་ཡང་དེ་ག་རང་ལས་མ་འདས། དེ་ནི་ཡི་གེ་ཙམ་འབྲི་ཤེས་པའི་དགེ་མཚན་དང་ཡང་ན་རྩོམ་ཞེས་པའི་ཡིག་ འབྲུ་འདི་དག་དང་འབྲི་བ་པོ་བར་གྱི་རླབས་ཆེན་གྱི་འབྲེལ་ལམ་དེ་ལོས་ ཡིན་འདོད། འདི་ལས་ལྷག་པའི་ཡིད་ཆེས་འཕེར་བ་ཞིག་ཡི་གེ་བ་སུ་ལ་ཡང་ཡོད་མི་སྲིད་ལ་ཅི་ཞིག་ལྷུག་པར་བརྗོད་ཐུབ་པ་དང་བརྗོད་པར་འབད་བརྩོན་བྱེད་ས་ཡང་འདི་རང་ཡིན་ངེས།

༦ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།
ལན། ངའི་མིང་ལ་ཉི་མ་འཚོ་ཟེར། ད་ལྟ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ལས་བྱེད་ཡིན། སློབ་ཞོར་ལས་ཞོར་དུ་བྲིས་པའི་སྙན་ངག་དང་སྒྲུང་གཏམ་འགའ་རེ་དེབ་ཏུ་ དཔར་མྱོང་།

༢༠༡༦ཟླ་༠༦ཚེས་༢༩ལ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།