WedMayWed2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

ཚེ་རིང་སྐྱིད་ལ་བོད་ཀྱི་རྩོམ་རིག་སྐོར་གྱི་བཅར་འདྲི།

མཛངས་མ་ཚེ་རིང་སྐྱིད།

སྙན་ངག་འབྲི་དུས་ངས་རང་སོ་སོའི་སེམས་ཀྱི་ཟོག་རྫུན་དང་ཟོལ་བཅོས། གནག་སེམས་དང་རྩུབ་སྤྱོད། འདོད་ཧམ་དང་ཆགས་སྡང་སོགས་ལ་བསྐྱར་ཞིབ་དང་འཚང་འདྲི་ཐུབ་ལ། རང་གིས་རང་ཉིད་ངོ་གནོངས་པར་བཟོ་ཐུབ། ཞི་བ་དང་ལྷོད་པོའི་སེམས་ཀྱི་མཛེས་པ་དང་མིའི་རང་བཞིན་ལྷན་སྐྱེས་ཀྱི་སྙིང་བརྗེ་སོགས་ལ་ལག་སྙོབས་བྱ་ཐུབ་ཀྱིན་འདུག དེ་བས་སྙན་ངག་འདི་ངའི་ཆོས་ལུགས་ལྟ་བུར་གྱུར་འདུག་པས། འདི་དངོས་བྱུང་སྣང་ཚུལ་མ་འདྲ་བ་ཞིག་ལ་བརྩི་བཞིན་ཡོད། འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་རྣམས་སུ་བོད་ཀྱི་རྩོམ་རིག་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་ཚེ་རིང་སྐྱིད་ཀྱིས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་བགྱིས།

༡ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།
ལན། ངས་མཐོ་འབྲིང་ལོ་རིམ་དང་པོ་ནས་སྙན་ངག་འབྲི་མགོ་བརྩམས་པ་ཡིན། ད་ལྟ་ཕལ་ཆེར་མི་ལོ་༡༧ཙམ་འགྲོ་གི་འདུག དང་ཐོག་ནང་མི་དང་དགེ་རྒན། སློབ་གྲོགས་ཚོའི་བསྔགས་བརྗོད་ཙམ་གྱི་ཆེད་དུ་ཡིན་པར་སྣང་། ཕྱིས་སུ་སེམས་ཀྱི་སྐད་ཆ་བཤད་ས་ཞིག་དགོས་པ་དེའི་ཆེད་དུ་རེད་འདུག རིམ་བཞིན་ད་ལྟའི་དུས་ཚོད་ལ་སྙན་ངག་འབྲི་བ་འདི་སྒྲུབ་སྦྱོང་དང་ཉམས་ལེན་ལྟ་བུ་རེད། འདིའི་ནང་དོན་གང་རེད་ཟེར་ན། ང་ཚོའི་དུས་རབས་འདི་ལ་སྐད་ཆས་མི་གསོད་པའི་དུས་རབས་ཤིག་རེད། སྐད་ཆ་བཤད་རྒྱུ་སྔ་མ་དང་བསམ་བློ་གཏོང་རྒྱུ་རྗེས་མ་བྱེད་པའི་མགོ་མཇུག་ལྡོག་པའི་དུས་རབས་ཤིག་ཡིན་པར་ཡང་ཡང་ཚོར་ཀི་འདུག དེ་ཡིན་དུས་འདི་ལྟ་བུའི་སྤྱི་ཚོགས་སུ་གལ་ཏེ་རང་ཉིད་ལ་རང་གི་བཟང་སྤྱོད་དང་སེམས་ཀྱི་ཞི་བདེ་སྲུང་བའི་ལག་ཆ་ཞིག་མེད་ན་རང་ཚིགས་བརྟན་པོ་དང་རང་སེམས་དཀར་པོས་འཚོ་བ་རོལ་རྒྱུ་ཁག་པོ་རེད། སྙན་ངག་འབྲི་དུས་ངས་རང་སོ་སོའི་སེམས་ཀྱི་ཟོག་རྫུན་དང་ཟོལ་བཅོས། གནག་སེམས་དང་རྩུབ་སྤྱོད། འདོད་ཧམ་དང་ཆགས་སྡང་སོགས་ལ་བསྐྱར་ཞིབ་དང་འཚང་འདྲི་ཐུབ་ལ། རང་གིས་རང་ཉིད་ངོ་གནོངས་པར་བཟོ་ཐུབ། ཞི་བ་དང་ལྷོད་པོའི་སེམས་ཀྱི་མཛེས་པ་དང་མིའི་རང་བཞིན་ལྷན་སྐྱེས་ཀྱི་སྙིང་བརྗེ་སོགས་ལ་ལག་སྙོབས་བྱ་ཐུབ་ཀྱིན་འདུག དེ་བས་སྙན་ངག་འདི་ངའི་ཆོས་ལུགས་ལྟ་བུར་གྱུར་འདུག་པས། འདི་དངོས་བྱུང་སྣང་ཚུལ་མ་འདྲ་བ་ཞིག་ལ་བརྩི་བཞིན་ཡོད།

༢ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།
ལན། དྲི་བ་གནང་མཁན་ལགས། རྩོམ་རིག་ཟེར་བ་ཧ་ཅང་གིས་ཁྱབ་ཆེན་པོ་རེད། བོད་ཀྱི་སྨན་དང་རྩིས། ཆོས་ཀྱི་གསུང་འབུམ་སོགས་བོད་ཀྱི་རིག་གནས་ཕལ་ཆེ་ཤོས་དེ་རྩོམ་རིག་གི་ངོ་བོར་འདྲེས་ཡོད། ང་བོད་ཀྱི་རྩོམ་རིག་ཤོད་པའི་སྤོབས་པ་ཁྱོན་ནས་མེད། ང་ནི་བོད་ཀྱི་དེང་རབས་རྩོམ་རིག་ཁྲོད་ཀྱི་ཡ་གྱལ་དེང་རབས་སྙན་ངག་ལ་དགའ་མཁན་ཙམ་ཡིན། དེའི་རྨང་གཞི་ཡང་གཙོ་བོ་བོད་ཀྱི་ངག་ཐོག་གི་སྙན་ངག་ཏེ། ལ་གཞས་དང་རོགས་འཐེན།  ཁེད་དང་གཏམ། བསང་ཡིག་དང་ཁ་འདོན། ངག་ཐོག་དམངས་སྒྲུང་སོགས་ཀྱིས་བག་ཆགས་ཆེན་པོ་བཞག་མྱོང་བ་ལས་བོད་ཀྱི་སྲོལ་རྒྱུན་སྙན་ངག་སོགས་ལ་ཡང་ཧ་ལས་པའི་ཡག་པོ་ཞིག་སྦྱོང་ཐུབ་མེད། ངས་མ་གཞི་ནས་འབྲི་བཞིན་པ་དེ་ཡང་གཞན་ལ་གནས་ལུགས་བརྗོད་བྱེད་ཀྱི་ལག་ཆ་ཞིག་ཏུ་བརྩི་བཞིན་མེད་པར་ཀློག་པ་པོ་རང་ངོས་ནས་ཀློག་པའི་བརྒྱུད་རིམ་ཁྲོད་མྱོང་རོལ་གྱི་བྲོ་བ་ཙམ་བྱུང་ན་འགྲིག་པར་འདོད་མཁན་ཞིག་ཡིན།

༣ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།
ལན། ང་ཚོའི་སྤྱི་ཚོགས་ནང་དུ། རྩོམ་རིག་འབྲི་མཁན་ཚོ་གཞུང་ལུགས་འཆད་པ་པོ་དང་ཡང་ན་རྩོམ་རིག་དཔྱད་བརྗོད་པ་ཡིན་དགོས་ཤག་བརྩི་བ་འདི་ལ་ང་སྔོན་མ་ནས་བསམ་འཆར་ཡོད། དེ་བཞིན་རྩོམ་རིག་གི་ཁོངས་གང་འབྲི་མཁན་གྱི་རྩོམ་པ་པོ་ཚོ་ཡིན་ཡང་རང་ཉིད་རྩོམ་པ་པོ་ཡིན་དགོས་པ་དང་དཔྱད་བརྗོད་པ་ཡང་ཡིན་ཤག་རྩིས་ཏེ་སྐད་ཆ་བཤད་རྐྱང་བྱེད་ཀི་འདུག ད་དུང་ཆོས་གཞུང་ཤེས་མཁན་ཞིག་ཡིན་ན་ལོ་རྒྱུས་ཀྱང་ཤེས་མཁན་ཞིག་ཏུ་བརྩི་བ། རྩོམ་འབྲི་མཁན་ཞིག་ཡིན་ན་གཞུང་ལུགས་རེ་ཡང་བཤད་ཤེས་མཁན་ཞིག་ཏུ་བརྩི་བ་འདི་ངས་ལྟས་ན་ང་ཚོར་ཆེད་ལས་ཀྱི་ཐོག་ཏུ་འཛུབ་མོ་འཛུགས་རྐྱང་བྱེད་ས་ཞིག་མེད་སོང་བའི་རྒྱུ་རྐྱེན་རེད་བསམ་ཀི་ཡོད། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཀ་གང་འདྲ་ཡིན་མིན་དང་རྩོམ་རིག་གི་གནས་བབ་གང་འདྲ་ཡིན་མིན་སོགས་དཔྱད་བརྗོད་པའི་ལས་འགན་རེད་འདོད། ང་སྙན་ངག་ཁ་མཐོར་རེ་འབྲི་མཁན་ཙམ་ལས་དུས་ནམ་ཡང་གཞུང་ལུགས་འཆད་པ་པོ་དང་ཡང་ན་དཔྱད་བརྗོད་པ་མིན་པ་ངས་གསལ་བོ་ཤེས་པས། སྐད་ཡིག་གང་རུང་དུ་འབྲི་བཞིན་པའི་བོད་ཀྱི་བུད་མེད་ཚོའི་རྩོམ་འབྲིའི་སྤུས་ཀའི་ཐད་ནས་ཆེད་ལས་རྩོམ་རིག་ཉམས་ཞིབ་པ་དང་དཔྱད་བརྗོད་པ་དཔེར་ན་དབྱིན་ཇི་Oxford སློབ་གྲྭ་ཆེན་མོར་དེང་རབས་བོད་ཀྱི་རྩོམ་རིག་ཐད་ལ་འབུམ་རམས་པའི་མཚན་གནས་བཞེས་མཁན་མདའ་ཚན་བླ་མ་སྐྱབས་ལྟ་བུ་ལ་འདྲི་དགོས་རེད། ཁོང་ལྟ་བུ་ཡིན་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་རྩོམ་རིག་སོགས་ཀྱི་རྨང་གཞི་ལེགས་ཤིང་ནུབ་གླིང་གི་ལོ་རྒྱུས་དང་རྩོམ་རིག་སོགས་ལ་འདྲིས་ཆ་ཆེ་བའི་དོན་དངོས་ཀྱི་རྩོམ་རིག་དཔྱད་བརྗོད་པ་ཡིན་ནི་རེད།

༤ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།
ལན། རྩོམ་འབྲིའི་རྨང་གཞི་ཟེར་ན་ཡང་ཧ་ཅང་ཁྱབ་ཆེ་སོང་བར་འདོད། གང་ལྟར་དབྱེ་བའམ་ཁྱད་ཆོས་ཏག་ཏག་འདུག བོད་ནང་གི་བུད་མེད་རྩོམ་པ་པོ་རྣམས་ལ་བོད་ཀྱི་རིག་གནས་ཀྱི་རྨང་ཧ་ཅང་མཐུག་པོ་རེད་ལ་སྒྱུ་རྩལ་རྩོམ་རིག་གི་ཁ་ཕྱོགས་ཧ་ཅང་བརྟན་པོ་རེད་འདུག དེ་བཞིན་བྱེས་ཀྱི་བུད་མེད་རྩོམ་པ་པོ་རྣམས་ལ་བརྗོད་བྱ་ཕུན་སུམ་ཚོགས་པོ་རེད་འདུག

༥ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།
ལན། ངས་སྙན་ངག་ཁ་ཤས་རེ་འབྲི་ཁུལ་བྱེད་པ་ཡིན། རྩོམ་རིག་ཟེར་ན་ཧ་ཅང་ཁྱབ་ཆེན་པོ་རེད།  བོད་ཀྱི་རྩོམ་རིག་གི་ཁྱབ་ཁོངས་ཧ་ཅང་ཆེ་བས་བོད་ཀྱི་རིག་གནས་ཕལ་ཆེ་ཤོས་རྩོམ་རིག་དང་འབྲེལ་བ་ཆགས་ཡོད་དུས་རྩོམ་རིག་དང་འབྲེལ་བའི་དཔེ་ཀློག་ལ་དུང་བ་ཡོད་པ་འདི་དང་། དཔེ་ཀློག་གི་ཁྲོད་དུ་ངས་བོད་ཅེས་པ་ཞིག་རྙེད་པ་འདི་གཉིས་ལག་ཡོང་ངམ་ཐོབ་བྱ་ལ་རྩིས་ན་འགྲིག

༦ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།
ངའི་མིང་ལ་ཚེ་རིང་སྐྱིད་ཟེར། མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཨ་མཆོག་ནས་འཚར་ལོངས་བྱུང་བ་ཡིན། ཕྱིས་སུ་ཕྱི་ལ་འབྱོར་ཏེ་ཕྱི་རྒྱལ་ཡུལ་གྲུ་གང་སར་འཁྱམས་ཉུལ་གྱི་འཚོ་བ་རོལ་རྗེས་ད་ལྟ་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་གསར་འགོད་པ་དང་སྙན་སྒྲོན་པའི་ལས་ཀ་བྱེད་བཞིན་ཡོད། སྔ་ཕྱིར་སྙན་ངག་གི་༼ལན་བུའི་གསེབ་ཀྱི་མིག་མདངས།༽དང་༼ཟླ་བའི་ཚོམས།༽ཞེས་པའི་དེབ་གཉིས་རང་ངོས་ནས་དཔར་བསྐྲུན་བྱེད་མྱོང་ལ། བོད་ནང་ནས་མི་གཞན་གྱིས་༼ཆུ་མིག་གི་བཞུར་རྒྱུན།༽ཞེས་པའི་ངའི་སྙན་ངག་ཕྱོགས་སྒྲིག་གི་དེབ་ཅིག་དཔར་བསྐྲུན་བྱེད་མྱོང་། གཞན་ཡང་༼ཆུ་མིག་གི་བཞུར་རྒྱུན།༽དང་༼དབྱངས་ཅན་མའི་ཟླ་མཚན།༽ཞེས་ལོ་འདི་འགའི་ནང་དྲ་ལམ་དུ་བྲིས་པའི་གློ་རྡུལ་འཕྲུལ་དེབ་གཉིས་མི་གཞན་གྱིས་འགྲེམས་སྤེལ་བྱེད་འདུག

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།