MonAugMon2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

གཟུངས་ཕྱུག་སྐྱིད་ལ་བོད་ཀྱི་རྩོམ་རིག་སྐོར་གྱི་བཅར་འདྲི།

 གཟུངས་ཕྱུག་སྐྱིད།

སྤྱིར་བཤད་ན་བོད་གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་དག་ནི་སྤྱི་ཚོགས་མི་འདྲ་བ་གཉིས་ན་འཚོ་སྡོད་བྱས་ཡོད་པས་ཕྱོགས་གཉིས་ཀའི་སྤྱི་ཚོགས་འཚོ་བར་བཟུང་བའི་དགའ་འདུན་དང་རེ་སྙེག དེ་བཞིན་དུ་རྩོམ་ཡིག་གི་བརྗོད་སྙིང་སོགས་ཚད་ཐིག་གཅིག་ཏུ་མ་ངེས་པ་ཞིག་རེད།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་རྣམས་སུ་བོད་ཀྱི་རྩོམ་རིག་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་གཟུངས་ཕྱུག་སྐྱིད་ཀྱིས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་བགྱིས།

༡ ཁྱེད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན།   ང་ལ་མཚོན་ན་སྣང་ཚུལ་ཡ་མཚན་པ་དེ་འདྲ་གང་ལ་ཡང་འཕྲད་མྱོང་མེད། རང་ཉིད་སྙན་ངག་ལ་དགའ་བའི་བརྒྱུད་རིམ་ནི་མཐར་གཏུགས་ན་ང་རང་ཉིད་ལ་དགའ་སྟངས་ཤིག་ཡིན། དང་ཐོག་ང་ནི་རང་ཉིད་ཀྱི་ཕ་མ་སྤུན་ཉེ་དང་གྲོགས་པོ། དེ་བཞིན་དུ་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་སྒོ་ཕྱུགས་ཚུན་ཚད་ལ་དགའ་བ་ཤ་སྟག་ཡོད་པ་གཞིར་བཞག་གི་སྟེང་ནས་རང་གི་དགའ་དུང་གི་ཁ་དོག་སྣ་ཚོགས་ཚོར་བ་བན་བུན་ལ་བསྲེས་ནས་ཚིག་གྲུབ་ཐར་ཐོར་ལ་བྲིས་མྱོང་།
དེ་ལ་ངས་སྙན་ངག་ཅེས་བདག་ཐོབ་ཆེན་པོ་ཞིག་འདོག་པར་མི་སྤྲོ་ལ་དེ་བཞིན་དུ་དགོས་མེད་ཀྱི་རོལ་རྩེད་ལྟ་བུ་ཞིག་ལའང་འདོད་ཀྱིན་མེད། ད་བར་དུ་སྙན་ངག་ཡིན་པར་རློམ་པའི་མི་ཚེའི་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་དག་སེམས་སུ་རུམ་ནས་དེ་ལ་རྗོད་བྱེད་ཀྱི་ཐ་སྙད་གསོན་པོ་རེ་བཙལ་ནས་སྦ་གསང་མེད་པར་ཡི་གེར་བཀོད་པ་ཡིན། ངས་འདི་ལྟར་བསམ་སྟེ་སྒྱུ་རྩལ་རྩོམ་རིག་ནི་ཆིག་ལབ་ཀྱི་ལམ་ནས་རང་གི་བསམ་ཚུལ་གཞན་ལ་བཤད་པའི་ཐབས་ལམ་ཞིག་སྟེ། དེ་ལས་རྩོམ་འབྲི་བ་དག་གི་མི་ཚེའི་དང་འཚོ་བར་བཟུང་བའི་དགའ་ཞེན་གྱི་ཆའམ། ཡང་ན་ངོ་ལོག་གི་ཆ་སོགས་ཐད་ཀར་ཀློག་མཁན་དག་ལ་འགྲེམས་སྟོན་བྱེད་པ་ལྟ་བུར་འདོད། འདི་ལྟ་བུའི་ཆིག་ལབ་ཀྱི་སྐད་ཆ་མང་པོ་ཞིག་སྔ་གཞུག་བྱས་ཏེ་ཀ་མད་སུམ་ཅུའི་བླ་སྲོག་ལ་བརྒྱུས་ནས་ཀློག་མཁན་དག་གི་བགོ་སྐལ་དུ་བཞག་མྱོང་ཡོད།  སླད་མར་ཡང་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་དཀའ་ངལ་གང་ལ་འཕྲད་ཀྱང་འཚོ་བའི་ཟུར་ངོས་ནས་ཡིག་འབྲུའི་ཚེ་སྲོག་འཚོལ་བར་རེ་ཆད་དང་འཁང་ར་གང་ཡང་མེད་པར་འཇུག་འདོད་པ་ནི་རང་ཉིད་རྩོམ་འབྲིའི་ལས་ལ་འཇུས་པའི་སྣང་ཚུལ་ཙམ་ཡིན།

༢ ཁྱེད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།
ལན། རེད་རེད།  སྤྱིར་བཤད་ན་བོད་ཀྱི་རྩོམ་རིག་ཟེར་དུས་དེ་ནི་ཁྱབ་ཁོངས་རྒྱ་ཆེན་པོ་ཞིག་རེད། དེའི་སྐོར་ནས་སྐད་ཆ་ཆེན་པོ་བཤད་རྒྱུ་མེད། ཡིན་ནའང་འདིར་རང་གི་བསམ་ཚུལ་ཙམ་བཤད་ན་བོད་ཀྱི་རྩོམ་རིག་གི་གནས་བབ་དེ་ཕྱིའི་རྣམ་པའི་སྟེང་ནས་སྔོན་ལས་ཅུང་སྣ་མང་ཅན་དང་། དེང་རབས་སྟབས་བདེ་བརྡ་འཕྲིན་གྱི་ཁ་ཕྱོགས་སུ་བསྐྱོད་བཞིན་པའི་ཆ་དེ་ནི་ཡག་ཕྱོགས་ཀྱི་འགྱུར་བ་ཞིག་ཏུ་མཐོང་སོང་། ཡིན་ཡང་དེ་དང་མཉམ་དུ་སྔར་གྱི་རང་སྐྱ་ཐུབ་པའི་བོད་སྐད་ཀྱི་གདངས་དང་ཐ་སྙད་མང་པོ་ཞིག་གི་བླ་སྲོག་བག་ལ་ཞ་བའམ་ཡང་ན་གང་ཞིག་ལ་བོར་བརླག་འགྲོ་བཞིན་པའི་ཕངས་སེམས་ཀྱང་ཡོང་གི་འདུག  དཔེར་ན་བོད་ཀྱི་གནའ་རབས་རྩོམ་རིག་ནང་གི་བྱ་ཚིག་གི་རྣམ་པ་སྟོན་པའི་ཚིག་རྒྱན་བཀོད་སྟངས་མང་པོ་ཞིག་ང་ཚོའི་འདོན་ཆོག་དང་མགུར་འབུམ། ཡང་ན་གླིང་སྒྲུང་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་བསྟན་བཅོས་དག་གི་ཁྲོད་ན་གཟི་མདངས་ལམ་མེར་ཡོད་པ་ལྟར་དམངས་ཁྲོད་རང་བཞིན་གྱི་སྐད་ཆའི་ནང་ན་དེ་དག་ཤ་འདྲིས་པགས་འདྲིས་སུ་གྱུར་ཡོད་ནའང་ད་སྐབས་ཀྱི་རྩོམ་འབྲི་བ་མང་པོ་ཞིག་གིས་རྩོམ་རིག་ཟེར་དུས་བསམ་གཟས་ནས་གཞུང་ལུགས་ཀྱི་སྐད་ཆ་ཆེན་མོ་རེ་དང་ཡང་ན་ཐ་སྙད་ཆེན་པོ་རེ་བཙན་གྱིས་སྒྲིག་ཡོང་བ་ཙམ་ལས་གོང་གི་བོད་སྐད་ཀྱི་གཏིང་ན་ཁ་ཞག་འཁྱིལ་ལེར་ཡོད་པའི་རྒྱུན་སྤྱོད་རྩོམ་རིག་གི་མིང་བརྡ་མང་པོ་ཞིག་སྤྱི་ཡོངས་ནས་བེད་སྤྱོད་བྱེད་སྟངས་ནི་ཁ་ཕྱོགས་གཞན་ལ་འགྱུར་བཞིན་ཡོད་པའི་སྣང་ཚུལ་ཞིག་མཐོང་གི་འདུག དཔེར་ན། དགུང་ཉི་མའི་འོད་མདངས་དལ་ལ་ལ། ། དཔོན་བཟང་བོའི་ཞལ་གསུང་དལ་ལ་ལ་ལ།། ཆུ་ཆེན་པོའི་འབབ་རྒྱུན་དལ་ལ་ལ།ལྟ་བུ་དང་་ཡང་ན་རྫ་མཐོན་པོའི་ཁ་ཆར་ཐུ་ལུ་ལུ།།མྱི་ངན་པའི་གཏམ་ངན་ཐུ་ལུ་ལུ།། མཚོ་ཆེན་པོའི་རླངས་པ་ཐུ་ལུ་ལུ། དེ་ལྟ་བུ། གཞན་ཡང་ན་བྱ་རྒོད་དགུང་ན་ཉིལ་ལི་ལི། དགུན་གྱི་རླུང་དམར་འུ་རུ་རུ། ཆུ་མོའི་བཞུར་སྒྲ་ཤག་ཤག་ཤག མཛེས་པའི་འཛུམ་མདངས་ཡ་ལ་ལ། གར་གྱི་རོལ་མོ་ཁྲོལ་ལོ་ལོ།ལྟ་བུའི་བྱ་བའི་རྣམ་པ་སྟོན་བྱེད་ཀྱི་ཚིག་རྒྱན་དག་ནི་དུས་རབས་དང་སྤྱི་ཚོགས་ཇི་ལྟར་འགྱུར་ན་ཡང་བེད་སྤྱོད་ཀྱི་ཪིན་ཐང་ཆེ་གསེར་ཞུན་ལྟ་བུར་མཐོང་བས་དེ་ནི་ཕ་སྐད་ཀྱི་གདངས་ངོ་མ་དང་བོད་རང་གི་ཐུན་མོང་མ་ཡིན་པའི་ཚིག་རྒྱན་རྗོད་བྱེད་རྨ་མེད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།  ངས་འདི་ལྟར་བསམ་སྟེ་མི་རིགས་ཤིག་གི་རྩོམ་རིག་ཟེར་དུས་དེ་ལ་ལུས་སྲོག་གཉིས་ཡོད་པའི་དབང་དུ་བཏང་ན་དེའི་བསམ་བློའམ་བརྗོད་བྱ་ནི་སྲོག་ཡིན་ལ། སྐད་བརྡ་དང་དེ་ཇི་བཞིན་དུ་མཚོན་བྱེད་ཀྱི་ཡི་གེ་ནི་དེའི་རྣམ་པ་སྟོན་བྱེད་ཀྱི་གཟུགས་ལྟ་བུ་རེད།དེ་བས་བོད་ཀྱི་རྩོམ་རིག་ལ་མཚོན་ན་དེ་གཉིས་ཀྱི་གང་ཡིན་ཡང་མེད་དུ་མི་རུང་བ་ཞིག་རེད།  ཁ་སང་དེ་རིང་མི་མང་པོ་ཞིག་གིས་སྔ་མའི་ཕྱོགས་སུ་བརྩོན་ལེན་བྱེད་ཀྱིན་ཡོད་མོད། ཕྱི་མ་ནི་ཅུང་ཉམས་རྒུད་དུ་འགྲོ་བཞིན་ཡོད་པའི་ཚུལ་དུས་རྒྱུན་མཐོང་ཡོང་གི་འདུག་ལ།
མདོར་ན་ལད་ཟློས་ཀྱི་ཆ་དང་གཞན་འགྱུར་གྱི་ཆ་སོགས་ཉེན་ཁ་མང་པོ་ཞིག་མཐོང་ཡོང་གི་འདུག

༣ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན། ངས་རང་སྐད་དང་གཞན་སྐད་ཐུན་མོང་གི་སྟེང་ནས་བོད་ཀྱི་བུད་མེད་རྩོམ་འབྲིའི་སྤུས་ཚད་ལ་བསྡུར་ཞིབ་བྱེད་མྱོང་མེད་ལ་དེ་ནི་ང་ལྟ་བུ་ཞིག་གིས་བྱེད་ཐུབ་པ་ཞིག་ཀྱང་མ་རེད། ཡིན་ནའང་རང་གི་བསམ་ཚུལ་ཙམ་བཤད་ན་སྤྱིར་བྱ་དངོས་གང་འདྲ་ཞིག་ཡིན་ཡང་རྣམ་པ་དང་ཚད་ཐིག་སོགས་ནམ་ཡང་གཅིག་ཏུ་ཡོང་མི་སྲིད་པ་བཞིན་དུ།  བོད་མོ་རྩོམ་འབྲི་བ་དག་གི་བློ་གྲོས་དང་རྣམ་དཔྱོད་ཡང་ཚད་གཞི་གཅིག་ལ་མི་ཡོང་བའི་དབང་གིས་དེ་དག་གི་རྩོམ་ཡིག་ལ་ཡང་འབྲི་ཐབས་ཀྱི་ཆ་དང་སྒྱུ་རྩལ་གྱི་ཆ་ནས་སྣ་མང་ཅན་དང་ཐུན་མོང་མ་ཡིན་པའི་རང་རང་སོ་སོའི་ཁྱད་ཆོས་ཡོད་ངེས་པས། དེ་ལ་སྤུས་ཚད་ཟེར་ན་རེད་གང་ལྟར་རྣམ་པ་མི་འདྲ་མང་པོ་ཡོང་སྲིད་པ་ཞིག་དང་ཡོད་འོས་པ་ཞིག་ཀྱང་རེད་བསམ་གི
དེ་བས་ན་བོད་མོ་རྩོམ་འབྲི་བ་དག་གི་གཅིག་མཚུངས་མ་ཡིན་པའི་གཤིས་ཀ་དང་མི་ཚེའི་ལྟ་སྟངས། འཚོ་བ་དང་བརྩེ་དུང་ལ་བཟུང་བའི་དགའ་ཕྱོགས་སོགས་ནི་ཧ་ཅང་སྣ་མང་ཡིན་པས་དེ་ནི་ནམ་ཡང་ཚད་བཟུང་མེད་པ་ཞིག་ཏུ་མཐོང་བཞིན་ཡོད། འདིར་བཤད་འདོད་པ་ནི་བོད་མོ་རྩོམ་འབྲི་བ་དག་གི་རྩོམ་འབྲིའི་སྤུས་ཚད་ནི་མེད་པ་ནས་ཡོད་པ་དང་ཡོད་པ་ནས་སྣ་མང་ཅན་དུ་འགྲོ་བཞིན་ཡོད་པར་ཡིད་ཆེས་དང་རེ་བ་ཡོད། དེ་མིན་ང་རང་ཡིན་ན་དུས་རྒྱུན་འཚོ་བའི་ཁྲོད་ནས་རང་གི་མྱོང་བ་དངོས་ཀྱི་དགའ་སྡུག་གི་ཚོར་བ་རེ་སྙན་ངག་ལ་འབྲི་བར་བརྩོན་ཁུལ་བྱེད་མྱོང་བ་ཙམ་ལས་ཆེད་དུ་བོད་མོ་རྩོམ་འབྲི་བ་དག་གི་རྩོམ་ཡིག་ལ་བསྡུར་ཞིབ་དང་དབྱེ་ཞིབ་བྱེད་པའི་ལས་ཀར་འཇུ་མྱོང་མེད།ངས་བལྟས་ན་དེ་ནི་རྩོམ་རིག་དཔྱད་བརྗོད་པའམ་ཡང་ན་རྩོམ་རིག་གཞུང་ལུགས་སྨྲ་བ་དག་གི་བགོ་སྐལ་དུ་འཇོག་འོས་པ་ཞིག་རེད།

༤གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན། སྤྱིར་བཤད་ན་བོད་གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་དག་ནི་སྤྱི་ཚོགས་མི་འདྲ་བ་གཉིས་ན་འཚོ་སྡོད་བྱས་ཡོད་པས་ཕྱོགས་གཉིས་ཀའི་སྤྱི་ཚོགས་འཚོ་བར་བཟུང་བའི་དགའ་འདུན་དང་རེ་སྙེག དེ་བཞིན་དུ་རྩོམ་ཡིག་གི་བརྗོད་སྙིང་སོགས་ཚད་ཐིག་གཅིག་ཏུ་མ་ངེས་པ་ཞིག་རེད། མདོར་ན་སྤྱི་ཚོགས་འཚོ་བའི་ཟུར་ངོས་རེ་རེ་ནས་སྦྱོང་བརྡར་སྤྲད་པའི་བློ་སྦྱོང་གི་ཆ་དང་། མི་རིགས་གཞན་གྱིས་རིག་གནས་མི་འདྲ་བས་ཤུགས་རྐྱེན་ཐེབས་སྟངས། ཡང་ན་འཚོ་བར་གདམ་གསེས་བྱེད་སྟངས་སོགས་ཕྱོགས་མང་པོ་ཞིག་ནས་གཅིག་འདྲ་མིན་པས་དེ་དག་གི་རྩོམ་འབྲིའི་རྨང་གཞི་ཡང་ཚད་ཐིག་གཅིག་ཏུ་ངོས་འཛིན་གྱིན་མེད།

༥བོད་ཀྱི་རྩོམ་རིག་ལས་ཁྱེད་རང་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།
ལན། ངས་ནམ་རྒྱུན་འདི་ལྟར་བསམ་བཞིན་ཡོད་དེ་བོད་ཀྱི་རྩོམ་རིག་ཟེར་ན་རེད་གང་ལྟར་དེ་ལ་སྤྲོ་བའི་སེམས་ཁམས་འདི་ལས་ང་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཞིག་ཐོབ་པ་ནི། ད་ལྟའི་བར་དུ་སྤྱི་ཚོགས་མ་འདྲ་བ་དང་འཚོ་བའི་གནས་སྟངས་སོགས་མང་པོ་ཞིག་ལ་འགྱུར་ལྡོག་གང་མང་བྱུང་ཡོད་ཀྱང་རང་ཉིད་ཀྱིས་འཁྱོངས་མི་འཁྱོངས་བར་མ་བལྟས་པར་དེ་ཉིད་ལ་དགའ་དུང་ངོ་མ་ཞིག་བཟུང་ནས་དེ་ལ་ཚད་མཐོན་པོས་རེ་བ་དང་ཡིད་ཆེས་བཅོལ་མྱོང་ཡོད།   འདི་ལྟར་སྒྱུ་རྩལ་རྩོམ་རིག་གི་བླ་སྲོག་དང་དྲང་བདེན་དངོས་ལ་རེ་བ་གསར་བ་མང་པོ་ཞིག་གིས་འཚོལ་སྙེག་དང་ཧུར་ཐག་བྱས་མྱོང་ཡོད་པ་ལྟར་སླད་མར་ཡང་དེ་ལ་འབད་འབུངས་དང་རྩོལ་བ་བྱ་ཐུབ་ཚེ། དེ་ཡིས་མཇུག་མཐར་རང་ཉིད་མི་བསླུ་བ་ཞིག་ལ་ཡིད་ཆེས་དང་དད་པ་བརྟན་པོ་ཡོད། ང་ལ་མཚོན་ན་འདི་ལས་ལྷག་པའི་ཐོབ་བྱ་གཞན་ཞིག་མེད་དོ།

༦ རང་ཉིད་ངོ་སྤྲོད་མདོར་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། ངའི་དངོས་མིང་ལ་གཟུངས་ཕྱུག་སྐྱིད་ཟེར་ཞིང་པིར་མིང་ལ་མགར་བཟའ་འམ་གཡུ་ཆུང་སོགས་སུ་འབོད།
སྐྱེས་ཡུལ་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བ་ཡིན། ༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ནས་དེ་གར་ཟས་འཚོང་གི་ལས་ཀ་ཙག་ཙིག་གཉེར་ཞོར་སྙན་ངག་ལ་འཇུས་ཁུལ་བྱས།
སྔ་གཞུག་ཏུ་དྲ་ཚིགས་རྩོམ་སྒྲིག་པ་དང་དཔེ་རྙིང་རྩོམ་སྒྲིག་གི་ལས་ཀ་ཡང་བསྒྲུབས་མྱོང་།  ད་བར་བརྩམས་ཆོས་ལ། སྙན་ངག་དེབ<<བྱུ་རུའི་ལས་དབང>><<འཇགས་མི་སྲིད་པའི་བཞུར་རྒྱུན>><<བང་སོ>>མོ་དང་གཅེན་གཅུང་བཞིས་མཉམ་དུ་པར་སྐྲུན་བྱས་པའི་སྙན་ངག་དེབ། <<བདག་མོ>>དང་དེ་མིན་ལྷུག་རྩོམ་དེབ།<<ས་ཆེན་གྱི་སྨྲེ་ངག>> སོགས་ཡོད།
སྙན་ངག་མང་པོ་ཞིག་བོད་ཁུལ་གྱི་ལེགས་རྩོམ་ཕྱོགས་བསྡུས་སོགས་སུ་བདམས་ཡོད། གཞན་ཡང་སྔ་བཞུག་ཏུ་སྙན་ངག་འགའ་རེ་ཉི་ཧོང་དང་ཧྥ་རན་སི། དབྱིན་ཡིག  ར་ཤིས་ཡ་དང་རྒྱ་ནག་སོགས་ཀྱི་ཡི་གེར་བསྒྱུར་ཅིང་དེ་གའི་དུས་དེབ་སོགས་སུ་ཡང་བཀོད་ཡོད། ད་ལྟ་ཨོ་གླིང་ན་དབྱིན་ཡིག་རེ་སྦྱང་ཞོར་དུ་སྔར་མུས་བཞིན་རང་ཉིད་ཀྱི་དགའ་ཕྱོགས་ལ་འཇུ་བཞིན་ཡོད །

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།