WedMarWed2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

ཅོ་ནེ་སངས་རྒྱས་བསོད་ནམས་ལ་བོད་ཀྱི་བརྡ་སྤྲོད་སྐོར་ནས་རྒྱང་འདྲི་བྱས་པ།

ཅོ་ནེ་སངས་རྒྱས་བསོད་ནམས་ལ་བོད་ཀྱི་བརྡ་སྤྲོད་སྐོར་ནས་རྒྱང་འདྲི་བྱས་པ།

༡་བོད་ལ་སྐད་བརྡ་རིག་པ་ཞེས་པའི་བརྡ་ཆད་འདི་ནམ་ཞིག་ལ་བྱུང་བ་དང་སྐད་ཆར་ཞིབ་འཇུག་བྱེད་པ་ལ་བོད་རང་གིས་གསར་གཏོད་བྱས་པའི་རིག་གནས་ཤིག་རེད་དམ་ཡང་ན་ཕྱི་འོང་གི་རིག་གནས་ཤིག་རེད།

ལན། སྤྱིར་བརྡ་ཞེས་པ་ནི་དོན་གོ་བར་བྱེད་པའི་བདག་ཉིད་ཅན་ཞིག་ལ་བྱ་ཞིང་། དེ་ལ་ལག་བརྡ་དང་མིག་བརྡ། མེ་བརྡ། དུང་བརྡ། དར་བརྡ། མདེལ་བརྡ། སྐད་བརྡ། དམག་བརྡ་སོགས་ཤིན་ཏུ་མང་ངོ་།། དེ་ཡང་སྐད་བརྡ་ཞེས་པའི་ཐ་སྙད་འདི་ནི་བོད་རང་གི་ཐ་སྙད་རྣལ་མ་ཞིག་ཡིན་ཏེ། བོད་རྒྱ་ཚིག་མཛོད་ཆེན་མོར། སྐད་བརྡ་ནི་ངག་ཐོག་གི་བརྡའམ་གོ་བརྡ་ལའོ་ཞེས་བཀོད་ཡོད་ཅིང་། དེ་ནི་འགྲོ་བ་མིའི་རིགས་ཀྱི་སྐད་ཆའི་བརྡ་ཐབས་ཕུན་སུམ་ཚོགས་པ་འདི་ལ་བྱའོ།། སྐད་བརྡ་རིག་པ་ཞེས་པ་ནི་སྐད་བརྡ་ལ་ཞིབ་འཇུག་བྱེད་པའི་རིག་པའི་གཞུང་ལུགས་ཤིག་ལ་ཟེར་ཞིང་། འདི་ནི་ཐོག་མར་ནུབ་གླིང་དུ་དུས་རབས་བཅུ་དགུ་བའི་དུས་མགོར་དར་ཞིང་རྒྱ་ནག་ཏུ་དུས་རབས་ཉི་ཤུ་བའི་ལོ་རབས་སུམ་ཅུ་བར་དར། བོད་དུ་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ནང་དུ་དར་བ་ཞིག་རེད། དེ་ནི་དབྱིན་སྐད་དུlinguisticsཞེས་དང་རྒྱ་སྐད་དུ语言学ཞེས་པ་དེ་རེད། དེ་ནི་ཕྱི་འོང་གི་རིག་གནས་ཤིག་ཡིན་ཞིང་བོད་རང་གི་སྲོལ་རྒྱུན་གྱི་སྒྲ་རིག་པ་དང་དབྱེ་བ་འབྱེད་པའི་ཆེད་དུ་སྐད་བརྡ་རིག་པ་ཞེས་གསར་དུ་སྦྱར་བ་ཞིག་རེད་ལགས།

༢ ད་ལྟའི་ཆར་བོད་ལ་དེང་རབས་སྐད་བརྡ་རིག་པ་ནང་བཞིན་གཞུང་ལུགས་ཆ་ཚང་བ་ཞིག་ཆགས་ཡོད་དམ། ཡོད་ན་ག་དུས་ནས་ཆགས་པ་དང་དེའི་བརྒྱུད་རིམ་ཇི་ལྟར་དབྱེ་བ་དང་། དེའི་གྲུབ་ཆ་གང་གིས་ཟིན་ཡོད་དམ།
ལན། སྤྱིར་སྐད་བརྡ་རིག་པ་ཞེས་པ་འདི་འཛམ་གླིང་ཡོངས་ལ་མཚོན་ན་རིག་ཚན་རང་རྐྱ་ཐུབ་པ་ཞིག་ཏུ་དུས་རབས་བཅུ་དགུ་བའི་དུས་མགོར་གྱུར་ཅིང་རྒྱ་ནག་ཏུ་དུས་རབས་ཉི་ཤུ་བའི་ལོ་རབས་སུམ་ཅུ་བར་དར། བོད་དུ་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ནང་དུ་དར་བ་ཞིག་ཡིན་སྟབས། དེ་ནི་གཞུང་ལུགས་ཆ་ཚང་བ་ཞིག་ཏུ་ཆགས་བཞིན་པའི་སྒང་ཡིན་ཏེ། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ནང་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཧྭ་ཁན华侃 དང་བསོད་ནམས་ཚེ་རིང་རྣམ་གཉིས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་ཐོག་མར་བསྒྱུར་ཅིང་བོད་སྐད་ཀྱི་དཔེར་བརྗོད་སྣ་ཚོགས་ཁ་གསབ་བྱས་ཏེ། ༡༩༩༢ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་ནས་དཔར་བའི༼སྐད་བརྡ་རིག་པའི་སྤྱི་བཤད༽ཅེས་པ་དེ་ནི་བོད་དུ་སྐད་བརྡ་རིག་པ་གསར་དུ་དར་བའི་མཚོན་བྱེད་དུ་འཇོག་དགོས་ཤིང་། དེ་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དངོས་གཞི་སློབ་མའི་བསླབ་དེབ་བྱས་པ་རེད། དེ་ནས་རྒན་ཧྭ་ཁན་དང་ཀླུ་འབུམ་རྒྱལ་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི༼བོད་རྒྱ་ཤན་སྦྱར་གྱི་ཨ་མདོའི་ཁ་སྐད་ཚིག་མཛོད༽ཅེས་པ༡༩༩༣ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར། དེ་ནས་༡༩༩༩ལོར་དོན་གྲུབ་ཚེ་རིང་གིས་བརྩམས་པའི༼སྤྱི་ཚོགས་སྐད་བརྡ་རིག་པའི་སྤྱི་དོན༽ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། དེ་ནས༢༠༠༢ལོར་སྐལ་བཟང་འགྱུར་མེད་དང་སྐལ་བཟང་དབྱངས་ཅན་གཉིས་ཀྱིས་བརྩམས་པའི༼བོད་ཀྱི་ཡུལ་སྐད་རྣམ་བཤད༽ཅེས་པ་མི་རིགས་དཔེ་སྐྲུན་ཁང་ནས་དཔར། ༢༠༠༥ལོར་སུམ་པ་དོན་གྲུབ་ཚེ་རིང་གིས་བརྩམས་པའི༼སྐད་བརྡ་རིག་པའི་སྤྱི་དོན༽ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར། ༢༠༡༡ལོར་སུམ་པ་དོན་གྲུབ་ཚེ་རིང་གིས་བརྩམས་པའི༼བོད་ཀྱི་ཡུལ་སྐད་རྣམ་བཤད༽ཅེས་པ་ཀྲུང་གོའི་བོད་རིགས་པ་དཔེ་སྐྲུན་ཁང་ནས་དཔར། ༢༠༡༡ལོར་བསྟན་གོས་བརྩམས་པའི༼བོད་སྐད་མིང་བརྡ་རིག་པ་ཞེས་བྱ་བ་བཞུགས་སོ༽ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བ་སོགས་དཔེ་ཆ་དང་དཔྱད་རྩོམ་ནི་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་བཞིན་ཡོད་དོ།། སྐད་བརྡ་རིག་པའི་ཡན་ལག་ལ་སྒྲ་གདངས་རིག་པ་དང་བརྡ་སྤྲོད་རིག་པ། ཐ་སྙད་རིག་པ་བཅས་ཕྱོགས་གསུམ་ཡོད། དེའི་ནང་གསེས་སུ་སྤྱི་ཚན་སྐད་བརྡ་རིག་པ་དང་རང་མཚན་སྐད་བརྡ་རིག་པ། གཞུང་ལུགས་སྐད་བརྡ་རིག་པ། རྒྱུན་སྤྱོད་སྐད་བརྡ་རིག་པ། ཞིབ་འབྲི་སྐད་བརྡ་རིག་པ། ལོ་རྒྱུས་སྐད་བརྡ་རིག་པ། གཤིབ་བསྡུར་སྐད་བརྡ་རིག་པ། ས་ཁམས་སྐད་བརྡ་རིག་པ་དང་ཡུལ་སྐད་རིག་པ། སེམས་ཁམས་སྐད་བརྡ་རིག་པ། སྤྱི་ཚོགས་སྐད་བརྡ་རིག་པ་སོགས་ཡོད་དོ།།

༣བོད་ཀྱིས་སྒྲ་རིག་པའི་ཡན་ལག་ཏུ་བརྩི་བའི་སྙན་ངག་དང་མངོན་བརྗོད་སོགས་སྐད་བརྡ་རིག་པའི་ཡན་ལག་ཏུ་བརྩིའམ། དེང་རབས་སྐད་བརྡ་རིག་པས་མངོན་བརྗོད་དང་སྡེབ་སྦྱོར་སོགས་སྐད་བརྡ་རིག་པའི་ཡན་ལག་ཏུ་བརྩི་འམ།
ལན། སྤྱིར་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་སྒྲ་རིག་པའི་ཡན་ལག་ཏུ། སྙན་ངག་དང་མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་བཅས་འདུ་ཞིང་། དེ་ལས་སྐར་རྩིས་མ་གཏོགས་གཞན་པ་རྣམས་སྐད་བརྡ་རིག་པའི་ཡན་ལག་ཏུ་བརྩིས་ཆོག་སྟེ། སྙན་ངག་དང་ཟློས་གར་ནི་རྩོམ་རིག་བརྩམས་ཆོས་ཡིན་པས་དེ་དག་ནི་སྐད་ཆའི་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་ཤིང་། གལ་ཏེ་སྐད་བརྡ་ལ་བྱང་ཆ་ཆེན་པོ་མེད་ན་རྩོམ་རིག་བརྩམས་ཆོས་ལེགས་པོ་ཞིག་མི་འགྲུབ་ཅིང་། སྙན་ངག་དང་ཟློས་གར་གྱི་སྐད་ཆའི་སྒྱུ་རྩལ་ཏེ། རྗོད་བྱེད་ཚིག་དང་བརྗོད་བྱ་དོན་གྱི་ཁྱད་ཆོས་ལ་དཔྱད་པ་གཏང་དགོས་ན་ངེས་པར་སྐད་བརྡ་རིག་པའི་གཞུང་ལུགས་བེད་སྤྱོད་དགོས་པ་ཞིག་རེད། དེ་ནས་མངོན་བརྗོད་ནི་སྐད་བརྡ་རིག་པའི་ཡན་ལག་ལས་ཐ་སྙད་ཀྱི་ཁོངས་སུ་གཏོགས་ཤིང་དེ་ནི་དོན་གཅིག་མིང་གི་རྣམ་གྲངས་སུ་བརྩི་དགོས། སྡེབ་སྦྱོར་ནི་སྐད་བརྡ་རིག་པ་ལས་སྒྲ་གདངས་ཀྱི་ཁོངས་སུ་གཏོགས་ཤིང་དེ་ནི་དབྱངས་དང་གསལ་བྱེད་ཀྱི་སྡེབ་སྦྱོར་ཇེ་ལེགས་སུ་བཏང་ནས་མིང་དང་ཚིག་རྣམས་ངག་ནས་ཀློག་པའི་ཚེ་བརྗོད་བདེ་ངག་གི་དཔལ་བསྐྲུན་རྒྱུ་དེའོ།།

༤བོད་ལ་སྐད་བརྡ་རིག་པའི་ལོ་རྒྱུས་བྱུང་ཡོད་དམ། ཡོད་ན་ལོ་རྒྱུས་ཀྱི་འཕེལ་རིམ་དང་ནང་གསེས་ཀྱི་དབྱེ་བ་སོགས་ཡོད་དམ།
ལན། བོད་ལ་སྐད་བརྡ་རིག་པའི་ལོ་རྒྱུས་ཀྱི་དཔེ་དེབ་མིག་སྔར་ད་དུང་བྱུང་མེད་མོད། མི་འགྱངས་པར་རྒན་ཧྭ་ཁན་དང་ང་ཚོ་མཉམ་འབྲེལ་གྱིས༼བོད་ཀྱི་སྐད་བརྡ་རིག་པའི་ལོ་རྒྱུས༽ཞེས་པ་ཞིག་མི་རིགས་དཔེ་སྐྲུན་ཁང་ནས་དཔར་ལ་ཉེ། དེ་རུ་བོད་ཀྱི་སྐད་ཡིག་ཞིབ་འཇུག་གི་ལོ་རྒྱུས་དེ་དུས་རིམ་ཆེན་པོ་གསུམ་ལ་ཕྱེ་ཡོད་དེ། གནའ་རབས་ཀྱི་སྐད་ཡིག་ཞིབ་འཇུག་ནི་གདོད་མ་ནས་དུས་རབས་བཅུ་བའི་བར་དང་། ཉེ་རབས་ཀྱི་སྐད་ཡིག་ཞིབ་འཇུག་ནི་དུས་རབས་བཅུ་གཅིག་པ་ནས་བཅུ་དགུ་བའི་བར། དེང་རབས་ཀྱི་སྐད་ཡིག་ཞིབ་འཇུག་ནི་དུས་རབས་ཉི་ཤུ་བ་ནས་ད་ལྟའི་བར་ལྟར་དགར་ཡོད་དོ།།

༥དེང་རབས་སྐད་བརྡ་རིག་པ་བ་རྣམས་ཀྱིས་བརྡ་སྤྲོད་རིག་པ་ནི་སྐད་བརྡ་རིག་པའི་བྱེ་བྲག་གཅིག་ཏུ་འདོད་དོན་ཅི་ཡིན་པ་དང་དེ་གཉིས་ལ་སྤྱི་དང་བྱེ་བྲག་གི་ཁྱད་པར་ཡོད་དམ།
ལན། སྤྱིར་སྲོལ་རྒྱུན་གྱི་སྐད་བརྡ་རིག་པ་ལྟར་ན། སྐད་ཆ་ལ་གྲུབ་ཆ་ཆེན་པོ་གསུམ་ཡོད་པར་འདོད་དེ། དེ་དག་ནི་སྐད་ཆའི་སྒྲ་གདངས་དང་། ཐ་སྙད། བརྡ་སྤྲོད་བཅས་ཡིན་སྟབས། དེང་རབས་སྐད་བརྡ་རིག་པ་བ་རྣམས་ཀྱིས་བརྡ་སྤྲོད་རིག་པ་ནི་སྐད་བརྡ་རིག་པའི་བྱེ་བྲག་ཅིག་ཏུ་འདོད་པ་རེད། དེ་བཞིན་གོང་གི་སྒྲ་གདངས་དང་ཐ་སྙད་སོ་སོའང་རིག་པའི་གཞུང་ལུགས་རེར་དགར་ཆོག་སྟེ། སྒྲ་གདངས་རིག་པ་དང་ཐ་སྙད་རིག་པ་གཉིས་ཡིན། དེར་བརྟེན། སྐད་བརྡ་རིག་པ་ནི་སྤྱི་དང་བརྡ་སྤྲོད་རིག་པ་ནི་བྱེ་བྲག་ཡིན་ནོ།།

༦བོད་ཀྱི་སྐད་བརྡ་རིག་པ་སྨྲ་བ་ཁ་ཤས་ཀྱིས་བོད་ལ་དེང་རབས་སྐད་བརྡ་རིག་པ་བཞིན་སྐད་བརྡའི་གཞུང་ལུགས་ཆ་ཚང་བ་ཞིག་དར་མེད་ཀྱང་བཙན་པོའི་རྒྱལ་རབས་སྐབས་སུ་སྐད་བརྡའི་གྲུབ་ཆ་གཙོ་བོ་སྐད་གདངས་དང་། མིང་གི་ཚོགས་པ། བརྡ་སྤྲོད་བཅས་གསུམ་ལ་ཞིབ་འཇུག་རགས་པ་ཞིག་བྱས་ཡོད་པར་མ་ཟད་དེའི་ཕྱོགས་ཀྱི་བསྟན་བཅོས་ཀྱང་ཡོད་པ་ལ་བསམ་ན། དེའི་སྐབས་དེ་ནི་"སྐད་བརྡ་རིག་པའི་རྨང་གཞི་ཆགས་པའི་སྐབས་"ཤིག་ཡིན་པར་འདོད་པ་དང་དེ་ལྟར་བཏགས་པ་དེ་ལ་འདོད་ཚུལ་ཇི་ཡོད།

ལན། སྤྱིར་ནུབ་གླིང་དུ་དར་བའི་སྐད་བརྡ་རིག་པ་དང་བོད་ཀྱི་སྒྲ་རིག་པ་གཉིས་ཀའི་མགོ་ཁུངས་རྒྱ་གར་ལ་གཏུགས་དགོས་པས་དེ་གཉིས་ཀྱི་ཆ་ན་འདྲ་ས་ཤིན་ཏུ་མང་ཞིང་། བོད་རང་གི་སྐད་ཡིག་ཞིབ་འཇུག་གི་ཐད་དུ་སྔོན་བྱུང་གི་མཁས་པ་རྣམས་ཀྱིས་གསུང་རྩོམ་རི་བོའི་གཏོས་དང་མཉམ་པ་ཞིག་མཛད་ཡོད་ཅིང་། བོད་ཀྱི་བརྡ་སྤྲོད་རིག་པ་ཁོ་ནའི་ཆ་ནས་བཤད་ཀྱང་ཐོན་མི་སམྦྷོཊས་མཛད་པར་གྲགས་པའི་སུམ་རྟགས་ཀྱི་རྩ་བ་ནས་བཟུང་། སྨྲ་སྒོ་མཚོན་ཆ་དང་ཚོགས་གསུམ་གསལ་བ་སོགས་བསྟན་བཅོས་ཤིན་ཏུ་མང་བས་དེ་དག་ནི་སྐད་བརྡ་རིག་པའི་རྨང་གཞིར་གྱུར་ཡོད་པ་སུས་ཀྱང་བསྙོན་ཐབས་མེད་དོ།། སྐད་བརྡ་རིག་པ་ལ་རིགས་དགར་ཚུལ་མང་མོད། རིག་པའི་གཞུང་ལུགས་དེའི་ཞིབ་འཇུག་བྱ་ཡུལ་གྱི་ཁྱབ་ཆེ་ཆུང་གི་ཆ་ནས་སྤྱི་མཚན་སྐད་བརྡ་རིག་པ་དང་རང་མཚན་སྐད་བརྡ་རིག་པ་གཉིས་སུ་དགར་ཆོག དེ་ལས་སྤྱི་མཚན་སྐད་བརྡ་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་འགྲོ་བ་མིའི་རིགས་ཀྱི་སྐད་ཆའི་ཆོས་ཉིད་སྤྱིར་བཏང་བའམ་ཐུན་མོང་གི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ་དང་། རང་མཚན་སྐད་བརྡ་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་མི་རིགས་བྱེ་བྲག་པའི་སྐད་ཆའི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན་པས། བོད་ཀྱི་བརྡ་སྤྲོད་རིག་པར་ཞིབ་འཇུག་བྱས་པའི་བརྩམས་ཆོས་རྣམས་ནི་རང་མཚན་སྐད་བརྡ་རིག་པའི་ཁོངས་སུ་གཏོགས་དགོས་སོ།།

༧དུས་རབས་བཅུ་དགུ་བའི་ཡོ་རོབ་ཀྱི་ལོ་རྒྱུས་དང་སྐད་བརྡ་རིག་པ་ཞིབ་བསྡུར་བ་དག་གིས་སྐད་བརྡ་རིག་པ་དང་མི་རིགས་རིག་པ་གཉིས་ཟུང་འབྲེལ་གྱིས་ཞིབ་འཇུག་བྱས་པ་ལས་སྐད་བརྡ་རིག་པ་དེ་རང་རྐྱ་འཕེར་བའི་རིག་ཚན་ཞིག་ཏུ་ཆགས་པ་དང་མཉམ་དུ་རིག་ཚན་གཞན་ལའང་ཤུགས་རྐྱེན་ཐེབས་པ་དང་ཆེ་ཤོས་སུ་གྱུར་བའི་རིག་ཚན་ཞིག་ཆགས་པ་ལྟར་བོད་ལའང་དེ་དང་འདྲ་བའི་ཆ་འབྱུང་ངེས་སམ།
ལན། སྤྱིར་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འདི་འཕེལ་རྒྱས་ཇི་ཙམ་སོང་ན་ཚན་རིག་ལག་རྩལ་དང་རིག་པའི་གཞུང་ལུགས་ཀྱང་དེ་ཙམ་གྱིས་འཕེལ་རྒྱས་སུ་འགྲོ་བ་ནི་ཆོས་ཉིད་རེད། བོད་མི་རིགས་ལ་མཚོན་ན་སྔོན་ཆད་རིག་གནས་ཆེ་ཆུང་བཅུ་ཡིས་བོད་ཀྱི་རིག་གནས་ཐམས་ཅད་ལ་ཁྱབ་མོད། ད་ལྟ་འཛམ་གླིང་ན་རིག་པའི་གཞུང་ལུགས་གསར་བ་ཧ་ཅང་མང་བས་དེ་དག་ཚང་མ་རང་ཅག་གི་རིག་གནས་བཅུ་རུ་བསྡུ་དགོས་ན་ཅུང་ཁག་པོ་ཞིག་ཡིན་པས། ད་ལྟའང་མི་འགའ་རེས་སྐད་བརྡ་རིག་པ་ཞེས་པའི་མིང་འདི་ལ་སྔར་བཞིན་སྒྲ་རིག་པ་ཞེས་སྦྱར་བས་འཐུས་པར་འདོད་མོད། དེ་ཡི་སྒྲ་ཡངས་འཇུག་ནི་རིག་གནས་ཆུང་བ་ལྔ་བོའི་སྤྱི་མིང་ཡིན་པས་ཁྱབ་ཆེ་དྲགས་ཤིང་། སྒྲ་དོག་འཇུག་ནི་ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་ལ་གོ་བས་དེང་རབས་ཀྱི་སྐད་བརྡ་རིག་པའི་དོན་ལ་ཅུང་འབྱོར་དཀའ་བ་ཞིག་རེད། བོད་རང་ལ་སྐད་བརྡ་རིག་པའི་རྨང་གཞི་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡོད་པའི་སྟབས་ཀྱིས། མ་འོངས་པར་བོད་དུ་སྐད་བརྡ་རིག་པ་ནི་རིག་ཚན་གཞན་ལ་ཤུགས་རྐྱེན་ཆེ་བའི་རིག་པའི་གཞུང་ལུགས་རྩ་བ་བོ་ཞིག་ཏུ་འགྱུར་བར་ཡིད་ཆེས་ཡོད་དོ།།

༨བོད་ཀྱི་སྤྱི་ཚོགས་ཀྱི་ནང་དུ་སྐད་བརྡ་རིག་པ་ལ་ངོས་འཛིན་སྟངས་ཇི་ལྟར་ཡིན་པ་དང་། རྒྱལ་ཁབ་གཞན་པ་ལྟར་ཞིབ་འཇུག་དང་ཆེད་ལས་རང་བཞིན་ལ་བདམས་ཏེ་སློབ་གྲྭ་ཁག་གི་སློབ་ཚན་དང་བསླབ་དེབ་བཟོས་པ་སོགས་ཡོད་དམ།
ལན། སྤྱིར་སྐད་བརྡ་རིག་པ་ནི་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ནང་བོད་ལ་གསར་དུ་དར་བའི་རིག་གཞུང་ཞིག་ཡིན་སྟབས། བོད་ཀྱི་སྤྱི་ཚོགས་སུ་ལྟ་བ་འཛིན་ཚུལ་ཆེན་པོ་གཉིས་ཡོད་དེ། གཅིག་ནི་བོད་རང་ལ་སྒྲ་རིག་པ་ཞེས་པ་རིག་གནས་ཆེ་བ་ལྔའི་ཡ་གྱལ་ཞིག་ཡོད་པས་བོད་ཀྱི་སྐད་ཡིག་ཞིབ་འཇུག་གི་རིག་པའི་གཞུང་ལུགས་ཚང་མ་དེར་འདུ་བས། སྐད་བརྡ་རིག་པ་ཞེས་གསར་དུ་ཐ་སྙད་སྦྱར་མི་དགོས་ཤིང་གཞུང་ལུགས་དེ་ལྟ་བུ་ཞིག་ནང་འདྲེན་བྱེད་མི་དགོས་པར་འདོད་པའི་མི་སྐོར་ཞིག་དང་། གཅིག་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་འཛམ་གླིང་དུ་རིག་གཞུང་ཞིབ་འཇུག་བྱས་པ་ཚགས་ཇེ་ཞིབ་ཡིན་སྟབས་རིག་ཚན་གསར་བ་ཡང་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད་པས། ང་ཚོ་བོད་མི་རིགས་ཀྱིས་ཀྱང་རིག་ཚན་གསར་བ་རྣམས་གང་ནུས་སྒོས་ནང་འདྲེན་བྱས་ཏེ་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་རིག་གཞུང་རེ་རེར་བསྒྱུར་དགོས་པའི་ལྟ་ཚུལ་འཛིན་པ་སྐོར་ཞིག་མཆིས་སོ།། ད་ལྟ་རྒྱལ་ནང་གི་མི་རིགས་སློབ་གྲྭ་ཆེན་མོ་མང་ཆེ་བས་སྐད་བརྡ་རིག་པ་ནི་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་སློབ་མས་ངེས་པར་སྦྱང་དགོས་པའི་བསླབ་ཚན་རྩ་བ་བོ་ཞིག་ཏུ་བཟུང་ནས་སློབ་ཁྲིད་བཀོད་སྒྲིག་བྱེད་བཞིན་ཡོད། དཔེར་ན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ལྟ་བུ་ལ་མཚོན་ན། དངོས་གཞི་སློབ་མ་རྣམས་ལ༼སྐད་བརྡ་རིག་པའི་སྤྱི་བཤད༽ནི་ལོ་རིམ་དང་བོའི་སློབ་སྐབས་གཉིས་པར་བཀོད་སྒྲིག་བྱས་ཡོད་ཅིང་། ལོ་རིམ་གཉིས་པ་ནས་བཟུང་སྐད་བརྡ་རིག་པའི་སྐོར་གྱི་བསླབ་ཚན་གདམ་ང་ཅན་ལ། ༼བོད་ཀྱི་ཡུལ་སྐད་སྤྱི་བཤད༽དང༼སྤྱི་ཚོགས་སྐད་བརྡ་རིག་པ༽ ༼བོད་ཀྱི་སྐད་བརྡ་རིག་པའི་ལོ་རྒྱུས༽ ༼ཐ་སྙད་རིག་པ༽ ༼ལོ་རྒྱུས་སྐད་བརྡ་རིག་པ༽སོགས་ཡོད་པར་མ་ཟད། སྐད་བརྡ་རིག་པའི་རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་ཀྱང་ཡོད་དོ།།

 

རྩོམ་སྒྲིག་པ།  བསྟན་འཛིན་ཆོས་གྲགས།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།