SatNovSat2017

སྤེལ་དུས་མཐའ་མ།10:45:42 AM GMT

རྩོམ་གསར།:

རིག་གནས་གང་ཞིག་གི་གཞུང་འཛིན་གྱི་ལྟ་གྲུབ་ཆགས་ཐུབ་མེད།

གཅན་ཡུ་མོ་ལ་བོད་ཀྱི་རྩོམ་རིག་སྐོར་གྱི་བཅར་འདྲི།

བོད་ནང་གི་བུད་མེད་ཚོར་བོད་རང་གི་སྲོལ་རྒྱུན་གྱི་ཁྱད་ཆོས་དང་བོད་པའི་གོམས་གཤིས་ལ་འབྲལ་ཐབས་མེད་པའི་ཕ་ས་ཕ་ཡུལ་གྱི་ཁོར་ཡུག་དེ་འདྲ་ཞིག་ཡོད་པས་རྩོམ་འབྲིའི་རྨང་གཞིའི་ཐད་ནས་ཆ་རྐྱེན་འཛོམས་ཡོད། ཕྱི་ལོག་གི་བུད་མེད་ཚོར་སྤྱི་ཚོགས་མི་འདྲ་བ་དང་འཚོ་བ་མི་འདྲ་བའི་སྣ་མང་མཐོང་རྒྱ་དང་མྱོང་བ་ཡོད་པས་དེང་རབས་ཀྱི་སྤྱི་ཚོགས་དང་བསམ་བློ་མཚོན་པའི་རྩོམ་ཡིག་འབྲི་བར་བགོ་སྐལ་ཡོད་པ་ཡིན།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་རྣམས་སུ་བོད་ཀྱི་རྩོམ་རིག་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་གཅན་ཡུ་མོས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན། བདག་ཀློག་པ་པོ་ནས་རྩོམ་འབྲི་བ་ཞིག་ཏུ་གྱུར་བའི་ཡུལ་དངོས་ནས་རང་ཉིད་ཀྱི་བློ་ཐག་ཉེ་བའི་མི་རེ་འགའི་བཀག་འགོག་དང་གནོན་ཤུགས་སྤྲད་དེ་རྩོམ་ཡིག་དང་སེམས་ཚོར་གང་བྲིས་པ་དེ་སྤྱི་ཚོགས་ཐོག་ཏུ་བཀྲམ་མ་ཐུབ་པའི་དཀའ་ངལ་བྱུང་བའམ།  ཡང་སྤྱི་ཚོགས་ཐོག་གི་མིས་ལྟ་སྟངས་ཁྱད་མཚར་བོ་དེའི་ཟུར་ཟ་དང་འཕྱ་དམོད་ལས་རང་གི་རྩོམ་ཡིག་དེ་གཞིར་བཞག་སྐད་ཡིག་འདི་ལ་བཅངས་པའི་བརྩེ་སེམས་དེ་ནད་པ་ལྟ་བུའི་ཉམ་ཐག་ཅིག་ཏུ་གྱུར་བའི་ཤུགས་རྐྱེན་བྱུང་མྱོང་མོད།  ཤུགས་རྐྱེན་སྣ་ཚོགས་པ་དེའི་ཁྲོད་ནས་སེམས་ཚོར་ནི་ནམ་ཡང་འགོག་ཐབས་བྲལ་ཞིང་ལྷན་སྐྱེས་རང་བཞིན་ལྡན་པའི་མྱུ་གུ་གསོན་པོ་ཞིག་ཡིན་སྟབས།  ད་ལྟ་བདག་ལ་དབང་བའི་སེམས་ཀྱི་ཚོར་བ་ཟློས་གར་ཏུ་འཁྲབ་ཆོག་པའི་རང་བྱུང་གི་རྩོམ་འབྲིའི་ཁོར་ཡུག་ཅིག་རག་ཡོད།   རང་གི་སྐད་ཡིག་ཕྱུག་པོ་འདི་ང་དང་ཁྱེད་ཅག་གི་དགའ་སྐྱོ་ཆགས་སྡང་གི་བང་མཛོད་ཡིན་པ་འདི་ནི་ངའི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་གི་སྣང་ཚུལ་ཙམ།

༢ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།

ལན། ད་ལྟའི་བོད་ཀྱི་རྩོམ་རིག་གི་གནས་བབ་ནི་རྩོམ་རིག་རང་ངོས་ཀྱི་རིན་ཐང་དང་མཛེས་དཔྱོད། སྒྱུ་རྩལ་བཅས་ཀྱི་རིན་ཐང་དང་འཕེལ་རྒྱས་ཐད་ནས་དམིགས་བསལ་གྱིས་ཁ་ཕྱོགས་ཀྱི་མེད་པར། སྙན་ངག་ནི་ཡི་གེ་ཤེས་ཙམ་དང་རིག་གནས་ཀྱི་བསམ་བློ་མ་སྨིན་པའི་ཁྱུ་ཚོགས་ཀྱི་བྱིས་པའི་མེ་མདའ་ལྟ་བུ་ཞིག་ཏུ་མཐོང་སོང་།  དེ་བས་རྩོམ་རིག་ནི་རིག་གནས་གང་གི་གཞུང་འཛིན་གྱི་ལྟ་གྲུབ་ཅིག་ཏུ་ཆགས་ཐུབ་མེད་པར་འདོད།

༣ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན། སྤུས་ཚད་ནི་གཅིག་ནས་རིག་གནས་ཀྱི་ཆུ་ཚད་དང་གཉིས་ནས་གོ་ཐོས། བསམ་བློའི་ངོས་ཐད་ནས་སྤུས་ཚད་གྲུབ་པ་རེད་འདོད།  ད་ལྟའི་བོད་ཀྱི་སྤྱི་ཚོགས་ནང་བུད་མེད་ཚོའི་རྩོམ་རིག་གི་སྤུས་ཚད་དེ་འཕེལ་རྒྱས་སུ་འགྲོ་དང་འགྲོ་བཞིན་པ་རེད་བསམ། ཡིན་ཡང་ངས་མཐོང་ཚུལ་ཞིག་ལ་ཁོ་མོ་ཚོའི་སེམས་གཤིས་དང་གཉུག་སེམས་ཀྱི་འགྱུར་བག་དེ་ཧ་ཅང་ཐད་ཀར་དང་མངོན་སུམ་དོད་པོ། སྤོབས་པའི་སྒོ་ནས་མངོན་པར་སྟོན་ནུས་པའི་ཁྱད་གཤིས་ཤིག་ད་རུང་གྲུབ་མེད་པར་འདོད། འདི་ནི་སྤྱི་ཚོགས་སམ་ཡང་ན་རིག་གནས་ཤིག་གི་གནོན་ཤུགས་སམ་མི་མངོན་པའི་ཤུགས་རྐྱེན་ཞིག་གིས་དམ་པོར་བསྡམས་ཡོད་པས་ན། མི་རིགས་གཞན་གྱི་བུད་མེད་ཚོར་བཀག་རྒྱ་དང་རང་ངོས་ནས་སྦ་གསང་བྱེད་པའི་གཤིས་ཀ་མེད་པར་ཚོར་ལ།  འདི་དག་ལས་རྩོམ་རིག་གི་སྤུས་ཚད་གྱ་ནོམ་པ་ཞིག་ཡོད་པ་ནི་གཞན་སྐད་ཀྱི་རྩོམ་འབྲི་བ་དག་ཡིན།

༤ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན། བོད་ནང་གི་རྩོམ་པ་པོ་ཚོར་ཐ་སྙད་ཀྱིས་ཕྱུག་ལ་ཐ་སྙད་དང་དངོས་པོའི་བར་གྱི་དོན་གྱི་གནད་ཟིན་ཐུབ་ཡོད། བྱེས་ཀྱི་རྩོམ་པ་པོ་ཚོར་བོད་རང་གི་ཐ་སྙད་ཀྱི་རྫོང་མི་མཐུག་པ་གང་ཞིག་དངོས་པོ་དག་ཀྱང་དྲན་པའི་ངོས་སུ་ཡོད་དུས་ཐད་ཀར་དུ་གནད་ཟིན་པའི་ཆ་ཅུང་དཀའ་ཚོད་རེད། དེ་གཅིག་རེད། གཉིས་ནས་ཁོར་ཡུག་གི་ཆ་རྐྱེན་རེད། བོད་ནང་གི་བུད་མེད་ཚོར་བོད་རང་གི་སྲོལ་རྒྱུན་གྱི་ཁྱད་ཆོས་དང་བོད་པའི་གོམས་གཤིས་ལ་འབྲལ་ཐབས་མེད་པའི་ཕ་ས་ཕ་ཡུལ་གྱི་ཁོར་ཡུག་དེ་འདྲ་ཞིག་ཡོད་པས་རྩོམ་འབྲིའི་རྨང་གཞིའི་ཐད་ནས་ཆ་རྐྱེན་འཛོམས་ཡོད། དེ་བཞིན་ཁོ་ཚོ་སློབ་སྦྱོང་གི་གོ་སྐབས་བཟང་བས་བོད་ཀྱི་རིག་གནས་དང་དཔེ་ཀློག་གི་མཐུན་རྐྱེན་ལྡན་པས་རྩོམ་འབྲིའི་རྨང་གཞི་བརྟན་པོ་ཡོད། ཡིན་ཡང་ཕྱི་ལོག་གི་བུད་མེད་ཚོར་སྤྱི་ཚོགས་མི་འདྲ་བ་དང་འཚོ་བ་མི་འདྲ་བའི་སྣ་མང་མཐོང་རྒྱ་དང་མྱོང་བ་ཡོད་པས་དེང་རབས་ཀྱི་སྤྱི་ཚོགས་དང་བསམ་བློ་མཚོན་པའི་རྩོམ་ཡིག་འབྲི་བར་བགོ་སྐལ་ཡོད་པ་ཡིན།

༥ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།

ལན། བོད་རྒན་རབས་པ་ཚོའི་རིག་པའི་རྩལ་ལས་བྱུང་བའི་རྩོམ་གཤིས་དང་བོད་མིའི་བསམ་བློ། མི་ཚེའི་རིན་ཐང་བཅས་ཀྱི་ཁྱད་ནོར་དེ་ནི་ངའི་ཐོབ་བྱ་ཡིན་པ་འདྲ།

༦ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། ངའི་མིང་ལ་གཅན་ཡུ་མོ་འམ་དངོས་མིང་ལ་དྲུག་དཀར་མཚོ་དང་། ང་ནི་བོད་མདོ་སྨད་གཅན་ཚ་ནས་སྐྱེས་ཤིང་ཆུང་དུས་ནས་ཤེས་རིག་བཅུད་ཀྱིས་བལྟམས་པའི་སློབ་གླིང་ནས་བོད་རྒྱའི་ཡིག་རིགས་ལ་སྦྱངས་པ་བྱེད་པའི་སྐལ་བཟང་ཤར་མྱོང་། ༢༠༠༠ལོར་རྒྱུ་རྐྱེན་གང་མང་ཞིག་གིས་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་ཞིང་འདི་ནས་ཀྱང་བོད་དབྱིན་ལ་སྦྱངས། ༢༠༡༡གི་ལོ་མགོར་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནས་གསར་འགོད་པའི་ཡིག་བསྒྱུར་གྱི་བྱ་བ་དང་བླངས་ཀྱིས་སྒྲུབ་མྱོང་ལ་དེའི་ལོ་མཇུག་ཏུ་ཆང་ས་དྲ་བ་ནས་རྩོམ་སྒྲིག་ལས་རོགས་བྱས།  ༢༠༡༢ལོ་ནས་པེན་བོད་ཀྱི་ཕྱི་སྡོད་རྩོམ་པ་པོ་མཐུན་ཚོགས་ཀྱི་སྐབས་ལྔ་བའི་རྒྱུན་ལས་ལ་བདམས་ཐོན་བྱུང་བ་དང་དེ་གར་གསར་འགོད་པའི་ལས་ཀ་སྒྲུབ། ད་རུང་སྤྱི་ཚོགས་མེ་ལོང་གི་གསར་འགོད་པ་དང་། ང་རང་ལ་མཚོན་ན་ཆུང་དུས་ནས་རྩོམ་རིག་ལ་དུང་བ་ཟབ་ལ་ལྷག་པར་སྙན་ངག་ནི་རང་གི་མིག་ཟུང་ཡིན་པའི་བསམ་བློ་ནས་འཚར་ལོངས་བྱུང་སྟེ་བོད་ཕྱི་ནང་གི་དྲ་རྒྱ་དང་དུས་དེབ་ཁག་ནང་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་ངག་སོགས་མང་པོ་བཀོད་མྱོང་ལ། ལྷག་པར་རང་ཉིད་བུད་མེད་ཅིག་ཡིན་པའི་ཆ་ནས་བོད་ཀྱི་བུད་མེད་ཚོའི་ལས་དབང་ལ་ནམ་ཡང་བསམ་གཞིགས་བྱེད་མཁན་ཞིག་ཡིན་པས། བོད་ཀྱི་བུད་མེད་ཚོའི་ཐོབ་ཐང་དང་བུད་མེད་ཀྱི་འཕྲོད་བསྟེན་སོགས་ཀྱི་གནས་བབ་སྐོར་ལའང་མང་བོ་ཞིག་བྲིས་མྱོང་བས་ཀློག་པ་པོ་མང་པོས་གདེང་འཇོག་ཐོབ། ད་ལྟ་ཡོ་རོབ་སྦེལ་ཇམ་དུ་སློབ་སྦྱོང་དང་ལས་ཀ་ལས་ཀྱིན་ཡོད།

ཕྱི་ལོ་ ༢༠༡༧ ཟླ་ ༠༦ ཚེས་ ༢༦ ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།