MonSepMon2017

སྤེལ་དུས་མཐའ་མ།11:04:15 AM GMT

རྩོམ་གསར།:

སྤུས་ཚད་ཀྱི་ཆ་ནས་ཀྱང་རིམ་པས་ཡར་རྒྱས་སུ་འགྲོ་བའི་རེ་བ་འདུག

ཆུ་སྐྱེས་སྒྲོལ་མ།

ང་རང་ལ་མཚོན་ན། སྙན་ངག་མེ་ལོང་སྦྱངས་ནས། རྩོམ་འབྲིའི་རྨང་གཞི་སྦྱངས་པ་ཞིག་ཡིན། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་སོགས་སྲོལ་རྒྱུན་སྙན་ངག་ལ་སྦྱངས་ནས་འཚར་ལོངས་བྱུང་བ་ཞིག་ཡིན། བོད་ཀྱི་རྩོམ་རིག་ལ་སྦྱངས་པ་རེད། རྩོམ་ཡིག་ཀྱང་གང་ལ་གང་འཚམ་འབྲི་ཁུལ་བྱས་པ་རེད། བློ་སྐྱེད་ཟེར་ན་རེད། ཐོབ་བྱ་ཟེར་ན་རེད། སྤོབས་པ་ཞིག་ཡོང་གི་འདུག གཙོ་བོ་དེ། དཔེ་ཀློག་ཡིན་ན་རེད། རྩོམ་འབྲི་ཡིན་ན་རེད། ག་དུས་ཡིན་ནའང་། རང་ཉིད་སྦྱོང་བརྡར་བ་དཀྱུས་མ་ཞིག་ཡིན་བསམ་བསམ་ཞིག་སེམས་ནང་ལ་ཡོད་དགོས་པ་གལ་ཆེན་པོར་མཐོང་མཁན་ཞིག་ཡིན།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་རྣམས་སུ་བོད་ཀྱི་རྩོམ་རིག་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་ཆུ་སྐྱེས་སྒྲོལ་མས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡༽ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན། ང་རང་རྩོམ་འབྲིའི་ལས་སུ་ཞུགས་ནས་ཕལ་ཆེར་མི་ལོ་ཉི་ཤུ་ཙམ་ཕྱིན་འདུག དེའི་རིང་ལ། སྦྱོང་བརྡར་མང་པོ་ཞིག་བྱས་ཡོད་རེད། ཉམས་མྱོང་ཡང་མང་པོ་ཞིག་བསགས་ཡོད་རེད། ད་ལྟ་ཕྱིར་དྲན་ཞིག་བྱས་ན། བཅད་ལྷུག་སྤེལ་མ་ལབ་ནའང་འདྲ། སྲོལ་རྒྱུན་དང་དེང་རབས་ལབ་ནའང་འདྲ། དཔྱད་རྩོམ་དང་སྒྲུང་རྩོམ་ལབ་ནའང་འདྲ། སྒྱུར་རྩོམ་ལབ་ནའང་འདྲ། སྦྱོང་བརྡར་མང་པོ་ཞིག་བྱས་པ་དང་། ཉམས་མྱོང་ཡང་མང་པོ་ཞིག་བསགས་རྒྱུ་རག་ཡོད་པ་འདྲ་པོ་རེད།

ད་ལྟ་ཁྱེད་རང་གིས་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ཡོད་མེད་སྐོར་འདྲི་ཡི་ཡོད་པ་རེད། བོད་ཀྱི་མཁས་པ་དང་རྩོམ་པ་པོ་ཁག་ཅིག་གི་གསུང་རྩོམ་ན་ཤར་མར་སྤེལ་ཟེར་བ་དང་། ཐོལ་བྱུང་དུ་སྦྱར་ཟེར་བ་དེ་འདྲ་འདུག ང་ལ་ནི་དེ་འདྲ་བྱུང་མ་མྱོང་། ཡིན་ནའང་། ཁོང་ཚོས་གསུངས་པ་དང་འདྲ་པོ་ཞིག་ཞུས་ན། ཉམས་མྱོང་བསགས་ཀྱིན་བསགས་ཀྱིན་འབྲི་རྒྱུ་ལས་སླ་རུ་འགྲོ་བ་ཞིག་འདུག ཚད་ལྡན་ཡིན་མིན་ཞུ་རྒྱུ་དཀའ་ཡང་། ད་བར་དུ་དེབ་ཁ་ཤས་བྲིས་ཁུལ་བྱས་པ་རེད། དུས་དེབ་དང་ཚགས་པར། དྲ་རྒྱའི་བརྒྱུད་ལམ་ལ་རྩོམ་ཡིག་ཡིན་ལ་མིན་ལ་མང་པོ་ཞིག་བྲིས་པ་རེད། རྩོམ་འབྲི་དང་ལྷན་དུ་དེབ་དང་རྩོམ་ཡིག་མང་པོ་ཞིག་བཀླགས་མྱོང་། ང་རང་ལ་ཡ་མཚན་པ་གཅིག་བྱུང་མྱོང་། ཉི་མ་གཅིག་ལ་ངས་སློབ་གྲྭ་ཞིག་གི་དུས་དེབ་ཅིག་བཀླགས་པ་ཡིན། དེའི་ནང་ལ་ངའི་རྩོམ་ཡིག་ཅིག་སློབ་མ་ཞིག་གིས་བཤུ་འབྲི་ཞུས་ནས་སྤེལ་འདུག་པ་མཐོང་བྱུང་། དེ་དུས་ང་ལ་སེམས་ཚོར་གཉིས་བྱུང་། ངའི་རྩོམ་ཡིག་ལ་དོ་སྣང་བྱས་འདུག་སྙམ་པའི་ཚོར་བ་ཞིག་དང་། སློབ་གྲྭའི་ཁོར་ཡུག་ནང་ལ་བོད་ཡིག་གི་རྩོམ་དེབ་དང་ཚགས་པར། རྩོམ་ཡིག་བཅས་ལ་དོ་སྣང་དེ་ཙམ་ཡོང་གི་མེད་པའི་ཚོར་བ་ཞིག་ཀྱང་བྱུང་།

༢༽ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཇི་འདྲ་བཟུང་ཡོད།

ལན། ད་ལྟའི་བོད་ཀྱི་རྩོམ་རིག་ལབ་ཡོང་དུས། རྒྱ་ཆེན་པོ་ཞེ་དྲག་རེད། དཔེར་ན། བོད་ཕྱི་ནང་ལབ་ན་རྒྱ་ཆེན་པོ་རེད་ལ། གནའ་རབས་དང་དེང་རབས་ལབ་ནའང་རྒྱ་ཆེན་པོ་རེད། ལོ་བཅུ་ཕྲག་གཉིས་ཙམ་གྱི་རིང་ལ་རྩོམ་ཡིག་ཐ་རེ་ཐོར་རེ་འདྲ་པོ་ཞིག་བྲིས་མྱོང་བ་དང་། རྩོམ་ཡིག་དང་དེབ་གང་འཚམ་བཀླགས་མྱོང་བའི་ཐད་ནས་ཞུས་ན། གཞོན་སྐྱེས་རྩོམ་པ་པོ་ཚོའི་ནང་ལ། སྲོལ་རྒྱུན་གྱི་འབྲི་སྟངས་དེ་ཉམས་འགྲོ་ཡི་ཡོད་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། དེང་རབས་ཀྱི་འབྲི་སྟངས་ལ་འཇུག་མཁན་ཅུང་མང་བ་ཞིག་མཐོང་སོང་། དཔེར་ན། གཞོན་སྐྱེས་ཚོའི་ནང་ལ། སྲོལ་རྒྱུན་སྙན་ངག་འབྲི་མཁན་ཉུང་ཉུང་འདྲ་པོ་རེད། རང་མོས་སྙན་ངག་དང་། ཡང་ན། ཕལ་སྐད་ཀྱིས་སྙན་ངག་འབྲི་མཁན་མང་པོ་འདྲ་པོ་ཞིག་རེད། ཡིན་ནའང་། ངས་སྲོལ་རྒྱུན་སྙན་ངག་འབྲི་མཁན་ཚོ་ཡག་པོ་འདུག དེང་རབས་སྙན་ངག་འབྲི་མཁན་ཚོ་ཡག་པོ་མི་འདུག་ཟེར་གྱི་མེད། སྤྱི་ཚོགས་ཀྱི་བསམ་བློ་དང་ཀློག་མཁན་གྱི་དོ་སྣང་། སྐབས་ཐོག་སྐབས་ཐོག་གི་རིག་གནས་སེམས་ཁམས་ཟེར་བ་ལ་ཚད་ཡོད་པ་མ་རེད། དེར་བརྟེན། སྲོལ་རྒྱུན་དང་དེང་རབས་ཀྱི་རྩོམ་ཡིག་འབྲི་མཁན་ལ་མང་ཉུང་གི་ཁྱད་པར་ཤོར་བ་འདིས་ཉམས་ཆག་ཅིག་སྟོན་གྱི་ཡོད་པར་ངོས་འཛིན་ཞུ་ཡི་མེད། དེ་ལྟར་རེད།
ཡང་རྩོམ་རིག་གི་གནས་སྟངས་བཤད་དགོས་ན། དཔེ་ཀློག་གནས་སྟངས་དེ་ཡང་བལྟ་ས་གཅིག་རེད། དེང་དུས་ཀྱི་དེབ་གསར་དང་སྔོན་གྱི་དཔེ་ཆ་བསྡུར་བ་ཡིན་ན། དགོན་པ་དང་སློབ་གྲྭ་གཉིས་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་སློབ་གཉེར་གྱི་ཁོར་ཡུག་ཆེན་པོ་གཉིས་རེད། ང་རང་གི་མཐོང་སྣང་ལ། དགོན་སྡེའི་རིག་གནས་པ་ཚོར་ཕྱོགས་གཉིས་ཀའི་ཤེས་ཚད་མཐོ་བ་ཡོད་པ་དང་། སློབ་གྲྭའི་རིག་གནས་པ་ཚོས་ཐུན་མོང་རིག་གནས་ལ་དམིགས་བསལ་དོ་སྣང་བྱས་དང་བྱེད་ཀྱིན་ཡོད་པ་ཞིག་འདུག་བསམ་གྱི་ཡོད།  གང་ལྟར། ད་ལྟའི་དུས་སྐབས་ལ། ང་ཚོར་བོད་ཡིག་གི་ལམ་ནས་རྩོམ་ཡིག་འབྲི་མཁན་ཧ་ཅང་འཕེལ་རྒྱས་འགྲོ་བཞིན་པའི་དུས་སྐབས་ཤིག་རེད། དེ་ནང་བཞིན་སྤུས་ཚད་ཀྱི་ཆ་ནས་ཀྱང་རིམ་པས་ཡར་རྒྱས་འགྲོ་བའི་རེ་བ་ཡོད་པ་ཞིག་རེད།

༣༽ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན། སྤྱིར་བོད་ཀྱི་བུད་མེད་ཀྱི་བརྩམས་ཆོས་ལབ་ན་རྒྱ་ཆེན་པོ་རེད། དཔེར་ན། ངས་དབུས་བཟའ་མཁའ་འགྲོ་མའི་གསུང་འབུམ་ལ་རགས་ཙམ་མཇལ་མྱོང་། དེབ་ཆེན་པོ་དྲུག་འདུག དེ་བཞིན་བུད་མེད་སྐྱེས་ཆེན་ཚོའི་གསུང་འབུམ་གཞན་ཡང་མང་པོ་ཡོད་པ་རེད། དེ་ནས་དེང་སྐབས་ལ་མཚོན་ན། གཡང་སྒྲོལ་ལགས་དང་། བློ་བཟང་རབ་རྒྱས་ལགས། བཀྲ་ཤིས་རབ་རྒྱས་ལགས། དོམ་པ་ཚེ་རིང་དབང་མོ་སོགས་ཕྱི་རྒྱལ་ཁག་ཏུ་སྡོད་མཁན་དང་། དེ་བཞིན་རྒྱ་བལ་འབྲུག་གསུམ་ནང་ཡོད་མཁན་བུད་མེད་ཁག་ཅིག་ནས་དབྱིན་ཡིག་ནང་ལ་དེབ་དང་རྩོམ་ཡིག་སྤེལ་ཡོད་པ་རེད། དེ་སྡེ་ཚན་གཅིག་རེད།

ཡང་། རྒྱ་ནག་གི་ཡི་གེའི་ནང་ལ་མཚོན་ནའང་ཚེ་རིང་འོད་ཟེར་ལགས་དང་། མེ་སྒྲོན་ལགས་སོགས་བུད་མེད་རྩོམ་བྲིས་པ་སྡེ་ཚན་གཅིག་ཡོད་པ་རེད། ཁོང་རྣམ་པས་ཡིག་རིགས་དེ་གཉིས་ནང་རྩོམ་བྲིས་གནང་མཁན་ཚོ་དང་འདྲ་འདྲ་བྱས་ནས་ཕེབས་ཀྱི་ཡོད་པ་རེད། དེ་ཡང་ང་ཚོའི་གཟི་བརྗིད་ཅིག་རེད་བསམ་གྱི་ཡོད། ཁོང་ཚོའི་རྩོམ་འབྲིའི་སྤུས་ཚད་གང་འདྲ་ཡོད་མེད་ནི་ཞུ་ཁག་པོ་རེད། གང་ལ་ཟེར་ན། ང་རང་ལ་མཚོན་ན། བོད་ཡིག་ནང་ལ་རྩོམ་འབྲི་དང་། མཚམས་རེར་དབྱིན་ཡིག་གི་དེབ་དང་རྩོམ་ཡིག་དེ་འདྲ་བོད་ཡིག་ནང་ལ་བསྒྱུར་དང་སྒྱུར་གྱིན་ཡོད་པ་ཡིན་ནའང་། ཁོང་རྣམ་པའི་རྩོམ་ཡིག་རེ་འགའ་ཀློག་མྱོང་བ་ཙམ་ལས། བསྡུར་ནས་ཚད་གཞི་གང་ལ་སླེབས་ཡོད་མེད་ནི་ངའི་དབྱིན་ཡིག་ཤེས་ཚད་ཀྱིས་ཚོད་དཔག་ཐུབ་པ་ཞིག་མ་རེད།

སྤྱི་ཡོངས་ནས་བལྟས་ན། ད་ལྟ་བོད་ཀྱི་བུད་མེད་རྩོམ་པ་པོའི་དཔུང་ཁག་ཅིག་གྲུབ་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ནང་ལ། བཙན་བྱོལ་སྤྱི་ཚོགས་ནང་ནས། <<གཡུ་མཚོ>> <<སྒྲོལ་མ>> <<ཐེའུ་གསར>> <<འཚོལ་སྙེགས>>བཅས་བུད་མེད་ལ་ཆེད་དུ་དམིགས་པའི་དུས་དེབ་དང་རྩོམ་ཡིག་ཕྱོགས་བསྒྲིགས་ཀྱི་དེབ་འདོན་སྤེལ་བྱས་ཡོད་པ་རེད། ཡང་གཞིས་བཞུགས་བོད་མིའི་སྤྱི་ཚོགས་ནང་ནས། གཞིས་བྱེས་བུད་མེད་ཁག་ཅིག་གི་རྩོམ་ཡིག་ཕྱོགས་བསྒྲིགས་<<བཞོ་ལུང>>དང་དེང་རབས་བོད་ཀྱི་བུད་མེད་བརྩམས་ཆོས་བདམས་བསྒྲིགས<<དཔྱད་རྩོམ་ཕྱོགས་བསྒྲིགས>> <<སྒྲུང་རྩོམ་ཕྱོགས་བསྒྲིགས>> <<འབོལ་རྩོམ་ཕྱོགས་བསྒྲིགས>>སོགས་ཡོད་པ་རེད། དེ་ཚོར་བལྟས་པ་ཡིན་ན། ད་ལྟ་ང་ཚོས་སྤོབས་པ་བྱེད་ཆོག་པ་ཞིག་ཆགས་འདུག འདི་ནི་ཕལ་ཆེར་བོད་ཀྱི་བུད་མེད་ཀྱི་རྩོམ་རིག་ལོ་རྒྱུས་ནང་གི་འཕེམ་རིམ་གསར་པ་ཞིག་རེད་ལབ་ནའང་འགྲིག་པ་ཞིག་ཏུ་མཐོང་གི་ཡོད།

༤༽ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན། གཞིས་བྱེས་གཉིས་ཀྱི་རྩོམ་འབྲིའི་རྨང་གཞི་ལབ་ན་འདྲ། ཡང་ན་གཞིས་བྱེས་གཉིས་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་རྨང་གཞི་ལབ་ནའང་འདྲ། དེ་གཉིས་ལ་ཁྱད་པར་ཆེན་པོ་འདུག དཔེར་ན། ང་རང་ལ་མཚོན་ན། བོད་ནས་སྐྱེས་པ་རེད། འདི་ལྟར་བསམ་བློ་བཏང་བ་ཡིན་ན། ཕལ་ཆེར་གཞིས་བྱེས་གཉིས་ཀ་ནས་མི་ལོ་ཉི་ཤུ་རེ་བསྡད་པ་ཞིག་ཆགས་འདུག དེ་ཡིན་དུས་བོད་གཞིས་བྱེས་གཉིས་ཀར་རྒྱུས་ཡོད་ལྟ་བུ་རེད། དེ་གཞི་ལ་བཞག་ནས་ཞུས་ན། བོད་ནང་ནས་འཚར་ལོངས་བྱུང་མཁན་མང་ཆེ་བ་བོད་ཀྱི་འཚོ་གནས་ཁོར་ཡུག་དང་འབྲེལ་ནས་འཚར་ལོངས་བྱུང་བ་ཞིག་ཡིན་སྟབས། བོད་ཀྱི་འཚོ་བ་དང་རིག་གནས་མང་པོ་ཞིག་ལ་དངོས་སུ་འགྲོགས་འདྲིས་ཀྱི་རིག་གནས་རྨང་གཞི་ཞིག་ཡོད་པར་མཐོང་གི་ཡོད། དཔེར་ན། འབྲི་དང་གཡག ལུག་དང་ར་མ། ལྕི་བ་དང་རིལ་མ། བལ་དང་རྩིད་པ། ཀོ་བ་དང་པགས་པ་སོགས་དང་། ཡང་ན་དེ་དག་བེད་སྤྱོད་བྱེད་སྟངས་སོགས་རང་བཞིན་གྱིས་ཤེས་ཡོད་པ་ཞིག་དང་།

བྱེས་ཀྱི་སྤྱི་ཚོགས་ནང་ལ་མཚོན་ན། འབྲི་དང་གཡག ལུག་དང་ར་མ་སོགས་ཕལ་ཆེར་པར་གྱི་ལམ་ནས་ངོ་སྤྲོད་བྱེད་པ་ཙམ་བརྒྱུད་ནས་ཤེས་རྟོགས་བྱེད་དགོས་པ་ཞིག་ཆགས་ཡོད། འདི་གཉིས་ནི་རིག་གནས་དང་འཚོ་གནས་ཁོར་ཡུག་གི་ཁྱད་པར་རེད། དེ་ལྟར་རིག་གནས་ཀྱི་རྨང་གཞི་ལ་ཁྱད་པར་ཆེན་པོ་ཞིག་ཡོང་གི་ཡོད་པ་རེད། དེར་བརྟེན། བཙན་བྱོལ་ནང་ལ་བོད་ཡིག་གི་ལམ་ནས་རྩོམ་ཡིག་འབྲི་མཁན་ཕལ་ཆེ་བ་བོད་ནས་ཕེབས་མཁན་རེད།

ཡིན་ནའང་། ང་ཚོས་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱས་པའི་མི་ལོ་བཅུ་གྲངས་ཕྱིན་ཡོད་པ་རེད། དེ་ལ་ལྟ་སྟངས་གཞན་པ་ཞིག་གིས་བལྟ་དགོས་ཀྱི་འདུག དཔེ་སྟོན་སློབ་གྲྭ་ནི་དཔེ་མཚོན་ཡག་ཤོས་དེ་རེད། དཔེ་སྟོན་སློབ་གྲྺའི་སློབ་མ་ཚོ་ནི་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་གི་སློབ་གྲྭ་གཞན་དང་བསྡུར་ན་བོད་ཡིག་གི་གནས་ཚད་མཐོ་བ་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ང་རང་གིས་དཔེ་སྟོན་སློབ་གྲྭའི་གནས་སྟངས་དང་ཤེས་ཚད་འདིའི་རྒྱུན་དེ་མཐོ་རིམ་སློབ་གཉེར་བར་དུ་རྒྱུན་བསྲིངས་ཐུབ་པ་ཡིན་ན། ང་ཚོས་ནམ་ཞིག་བཙན་བྱོལ་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་ནང་ཀྱང་བོད་ཡིག་གི་ལམ་ནས་རྩོམ་ཡིག་འབྲི་མཁན་དེ་འདྲ་ཡོང་བའི་རེ་བ་ཆེན་པོ་འདུག་བསམ་གྱི་ཡོད།

༥༽ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།

ལན། བོད་ཀྱི་རྩོམ་རིག་ནི་ཧ་ཅང་རྒྱ་ཆེན་པོ་རེད། ང་རང་ལ་མཚོན་ན། སྲོལ་རྒྱུན་དང་དེང་རབས་ཀྱི་འབྲི་སྟངས་སྣ་ཚོགས་ལ་སྦྱོང་བརྡར་བྱས་མྱོང་བ་ཞིག་དང་། ཡང་སྲོལ་རྒྱུན་དང་དེང་རབས་ཀྱི་དེབ་དང་རྩོམ་ཡིག་གང་ལ་གང་འཚམ་བཀླགས་མྱོང་། ཡིན་ནའང་། ངས་བཀླགས་པ་དེ་ཚོ་ནི་ཆ་ཤས་ཆུང་ཆུང་ཞིག་རེད། སོ་སོས་རྩོམ་དང་དེབ་བྲིས་པ་དེ་ཡང་ཆ་ཤས་ཆུང་ཆུང་ཞིག་རེད།

ངས་ནམ་རྒྱུན་མཁས་པ་དང་རྩོམ་པ་པོ་གཞན་གྱི་དཔེ་དེབ་དང་རྩོམ་ཡིག་ཀློག་པ་དང་རང་ཉིད་ཀྱིས་རྩོམ་འབྲི་གཉིས་ནས་དཔེ་ཀློག་དེ་གལ་ཆེ་བར་མཐོང་གི་ཡོད། དེ་གང་འདྲ་རེད་ལབ་ན། དཔེ་ཀློག་ཅིག་གི་མགོ་བཙུགས་པ་ཡིན་ན། དེ་ནི་བློ་སྐྱེད་ལེན་པའམ་དཔེ་ཁྲིད་ཅིག་ལ་ཞུགས་པ་ལྟ་བུ་རེད། སོ་སོས་རྩོམ་ཡིག་འབྲི་བ་ནི། སོ་སོ་ལ་ཡིག་ཚད་གཏོང་གི་ཡོད་པ་འདྲ་པོ་རེད། དེ་འདྲ་ཡིན་དུས། དཔེ་ཀློག་དང་རྩོམ་འབྲི་གཉིས་བསྡུར་བ་ཡིན་ན། གཅིག་གིས་བློ་སྐྱེད་སྟེར་བ་དང་། གཅིག་གིས་སྤོབས་པ་སྟེར་བ་ཞིག་རེད། ངས་འདི་ལྟར་ངོས་འཛིན་ཞུ་ཡི་ཡོད། ང་རང་ལ་མཚོན་ན། སྙན་ངག་མེ་ལོང་སྦྱངས་ནས། རྩོམ་འབྲིའི་རྨང་གཞི་སྦྱངས་པ་ཞིག་ཡིན། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་སོགས་སྲོལ་རྒྱུན་སྙན་ངག་ལ་སྦྱངས་ནས་འཚར་ལོངས་བྱུང་བ་ཞིག་ཡིན། བོད་ཀྱི་རྩོམ་རིག་ལ་སྦྱངས་པ་རེད། རྩོམ་ཡིག་ཀྱང་གང་ལ་གང་འཚམ་འབྲི་ཁུལ་བྱས་པ་རེད། བློ་སྐྱེད་ཟེར་ན་རེད། ཐོབ་བྱ་ཟེར་ན་རེད། སྤོབས་པ་ཞིག་ཡོང་གི་འདུག གཙོ་བོ་དེ། དཔེ་ཀློག་ཡིན་ན་རེད། རྩོམ་འབྲི་ཡིན་ན་རེད། ག་དུས་ཡིན་ནའང་། རང་ཉིད་སྦྱོང་བརྡར་བ་དཀྱུས་མ་ཞིག་ཡིན་བསམ་བསམ་ཞིག་སེམས་ནང་ལ་ཡོད་དགོས་པ་གལ་ཆེན་པོར་མཐོང་མཁན་ཞིག་ཡིན།

༦༽ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། ངའི་མིང་ལ་ཆུ་སྐྱེས་སྒྲོལ་མ་དང་། ཕ་ཡུལ་ལྷ་ས། ང་རང་ལ་མཚོན་ན། དགེ་རྒན་གྱི་ལས་ཀ་ཡུན་རིང་བྱས་མྱོང་བ་ཞིག་ཡིན། བོད་ཀྱི་བརྡ་སྤྲོད་དང་སྙན་ངག རྩོམ་རིག་་བཅས་ཀྱི་དགེ་རྒན་ལོ་འགའ་བྱས་མྱོང་། ད་ལྟ་བར་དུ་རྩོམ་ཡིག་ཐར་ཐོར་རེ་ཆད་མ་མཐུད་ཀྱིས་བྲིས་མྱོང་། དཔེར་ན། ༡༩༩༩ ལོར་ ༼སྤྲིན་བྲལ་ཟླ་བའི་འཛུམ་རླབས༽་ཟེར་བའི་སྙན་ངག་དེབ་ཅིག་དང་། དེ་ནས་རིམ་པས།  རྡི་ལི་བོད་ཁང་གི་སཾབྷོཊ་ཞིབ་འཇུག་སློབ་ཡོན་ཐོབ་འོག་༼བོད་ཀྱི་བུད་མེད་རིག་པའི་སྐོར་གླེང་བ་༽ཞེས་པའི་དེབ་ཅིག བོད་གཞུང་ཤེས་རིག་ལས་ཁུངས་དང་མཉམ་འབྲེལ་གྱིས་༼ལོ་རྒྱུས་སྟེང་གི་བུད་མེད་གྲགས་ཅན་ངོ་སྤྲོད༽་ཀྱི་དེབ་གཅིག དཔྱད་བརྗོད་རྩོམ་ཡིག་ཕྱོགས་བསྒྲིགས༼དཔྱད་གླེང༽ཞེས་པ་ཞིག་བཅས་ཡོད། ད་ལྟ་བོད་ཀྱི་བུད་མེད་གྲགས་ཅན་ཞིག་གི་སྐུ་ཚེའི་ལོ་རྒྱུས་རྩོམ་སྒྲིག་བྱེད་ཀྱིན་ཡོད། ཡང་དུས་ཚོད་ཡོད་སྐབས་སུ། དབྱིན་ཡིག་གི་ནང་ཡོད་པའི་རྩོམ་ཡིག་དེ་འདྲ་དང་བྱིས་སྒྲུང་གི་དེབ་དེ་འདྲ་བོད་བསྒྱུར་ཡང་ཞུ་ཡི་ཡོད། གཞན་ལོ་རྒྱུས་ཟེར་ནས་ཅང་ཞུ་རྒྱུ་མེད།

 

ཕྱི་ལོ་༢༠༡༧ཟླ་༠༦ཚེས་༢༨ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།