FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་ལ་ཁྱད་གསོད་བྱེད་ཀྱི་མེད།

དཔལ་འབྲུག་མོ།

རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་ལ་ཁྱད་གསོད་བྱེད་ཀྱི་མེད། རྒྱུ་མཚན། ལན་རེར་རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་ཀློག་ཡོང་དུས་གློག་བརྙན་འཆར་བ་ནང་བཞིན་ཡིད་ལ་གསལ་ལྷང་ངེ་བ་ཡོང་རྒྱུ་འདུག་པས། དེ་ལའང་རིན་ཐང་ཡོད་པའི་སྣང་ཚུལ་འདུག

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་དང་ཀློག་པ་པོ་རྣམས་སུ་བོད་ཀྱི་བུད་མེད་རྩོམ་པ་པོའི་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་དཔལ་འབྲུག་མོས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན། ང་རང་ཉིད་ཀྱིས་རྩོམ་འབྲི་བའི་རྣམ་པ་ལ་སྤྲོ་བ་ཆེན་པོ་ཡོད། རྒྱུ་མཚན། དུས་རྒྱུན་རང་ཉིད་ཀྱི་ཚོར་བའི་ཁམས་དང་བསྟུན་ནས་འབྲི་ཡི་ཡོད་ལ། ལྷག་པར་དུ་ཕྱི་གླིང་བའི་དེང་རབས་ཀྱི་རྩོམ་ཡིག་ལྟར་ཁ་སྐད་རང་བཞིན་གཞི་བཞག་གིས་འབྲི་བཞིན་ཡོད་པས། བསམ་བློའི་འཆར་སྣང་ལྷུག་པོར་བརྗོད་པའི་སྣང་ཚུལ་གཙོ་ཆེར་བྱུང་།

༢ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།

ལན། བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་གཙོ་བོ་ག་རེ་ཡོད་ཟེར་ན། བོད་ཀྱི་རྩོམ་རིག་འབྲི་སྟངས་སྤྱིའི་ཆ་ནས་རྩོམ་མཁན་དག་གིས་འབྲི་སྟངས་མི་འདྲ་བ་ཧ་ཅང་མང་། རྒྱུ་མཚན་རྩོམ་མཁན་དག་ནི་ཁོར་ཡུག་དང་། ལས་གཉེར། འཚོ་བ་རོལ་སྟངས། བསམ་བློའི་འཁྱེར་སྟངས། དེ་བཞིན་ཕུགས་འདུན་སོགས་མི་རེ་རེར་མི་འདྲ་བའི་ཁྱད་ཆོས་ཐུན་མིན་ཞིག་ཡོད་པའི་ཐོག རང་ཉིད་ཀྱིས་རྩོམ་རིག་བརྩམས་ཆོས་ཀྱི་སྒྱུ་རྩལ་འདོན་སྟངས་ཀྱང་ལོག་ག་ཡིན་པ་རེད། སུས་ཀྱང་རྩོམ་པ་པོ་དེ་ཡག་པོ་རེད་ཟེར་རྒྱུ་ཁག་པོ་རེད། དེ་ལྟ་ནའང་། འཚོ་བ་དང་ཁ་ཐག་ཉེ་བའི་རྩོམ་སྟངས་ལ་ཁོ་མོའི་ངོས་ནས་སྤྲོ་བ་དེར་ཆེར་བར་བསམ་གྱིན་ཡོད། 

༣ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན། སྐད་ཡིག་གི་དབྱེ་འབྱེད་མ་བྱས་པར་བོད་རིགས་བུད་མེད་ཚོའི་ཁྲོད་དུ་བསམ་གཞིགས་བྱས་ན། རང་རེའི་བོད་ཀྱི་བུད་མེད་ཚོའི་ནང་ནས་བོད་ལ་གྲགས་ཆེ་བའི་རྩོམ་པ་པོ་ནི་ཚེ་རིང་འོད་ཟེར་ཁོ་ན་རེད། ཁོ་མོས་བྲིས་པའི་རྩོམ་དེ་དག་གྲགས་ཆེ་དོན་ནི་གཙོ་བོ་དུས་དང་སྐབས་སོགས་ཀྱི་གནས་ཚུལ་དང་བསྟུན་ནས་རང་ཉིད་ཀྱི་བསམ་བློ་དངོས་ཀྱི་ཚོར་བ་དེ་ལྷུག་པོར་བརྗོད་ཐུབ་པའི་རྐྱེན་རེད་སྙམ། དེ་མིན་གཞན་ད་དུང་བོད་ཀྱི་བུད་མེད་རྩོམ་པ་པོ་འགའ་ཤས་རེ་ཡོད་རེད། ང་རང་ཉིད་ལ་གཞན་རྩོམ་གྱི་སྤུས་ཚད་ཡག་མིན་བཤད་རྒྱུར་དགའ་བོ་མེད་ལ། དེའི་ཆུ་ཚད་ཀྱང་མེད་སྲིད། ཡིན་ནའང་། རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་ལ་ཁྱད་གསོད་བྱེད་ཀྱི་མེད། རྒྱུ་མཚན། ལན་རེར་རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་ཀློག་ཡོང་དུས་གློག་བརྙན་འཆར་བ་ནང་བཞིན་ཡིད་ལ་གསལ་ལྷང་ངེ་བ་ཡོང་རྒྱུ་འདུག་པས། དེ་ལའང་རིན་ཐང་ཡོད་པའི་སྣང་ཚུལ་འདུག

༤ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན། དེ་ནི་ཅུང་བཤད་ཚོད་ཐུག་དཀའ་བ་ཞིག་རེད། སྡེབ་སྦྱོར་སྒྲིག་སྟངས་དང་ཚིག་རྒྱན་བཀོལ་སྟངས་དེ་བོད་ནང་གི་བུད་མེད་རྩོམ་པ་པོ་ཚོ་ཡག་གི་སྙམ། འོན་ཀྱང་། རྩོམ་ཡིག་གི་བརྗོད་བྱའི་ཁྱབ་ཁོངས་ནི་བྱེས་ཀྱི་བུད་མེད་རྩོམ་པ་པོ་ཚོ་ཅུང་ཡག་པོ་ཨེ་ཡིན་ནམ། དེ་འདྲའི་གསལ་བོ་ཤེས་མ་བྱུང་ལགས།

༥ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་འཐོབ་བྱ་ཅི་ཞིག་རེད་དམ།

ལན། གཙོ་བོ་རང་ཉིད་ཀྱི་ཕ་སྐད་དེ་རེད། དེས་ནི་རིགས་རུས་ཀྱི་ངོ་བོ་ཞིག་གི་གཞི་འཛིན་གྱི་ཡོད་པས། དེ་ལས་ཐོན་པའི་ཡིག་འབྲུ་དང་ཚོར་བ་ནི་ངོ་བོ་ཡང་དག་ཅིག་རེད་བསམ་པར་སྐྱེས་རྒྱུ་བྱུང་ལ། དེ་ནི་ཐོབ་བྱ་གཙོ་བོའང་རེད་བསམ་གི་འདུག

༦ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། ངའི་མིང་ལ་དཔལ་འབྲུག་མོ་དང་ཕ་ཡུལ་རྨ་ཆུ་ནས་ཡིན་ལ། ༡༩༩༧ལོར་ཀན་ལྷོ་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་རྗེས། ཐད་ཀར་ཀན་ལྷོ་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་སོང་སྟེ། ལོ་གཉིས་ཙམ་ལ་བོད་སྐད་སྒོས་གསར་འགྱུར་བཤད་པ་ཡིན། ༡༩༩༨ལོར་མདོ་འཛིན་པ་རིག་འཛིན་དང་མཉམ་དུ་དཔའ་རིས་གླུ་མ་ལྷ་མོ་མཚོ་ལ་བསྟོད་དབྱངས་ཀྱི་རྣམ་པ་ལྟར་བསྒྲུབས་པའི་ལེ་ཚན་ཞིག་བཟོས་པར།  རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་རླུང་འཕྲིན་གྱི་ལས་རིམ་འགྲན་བསྡུར་སྟེང་བྱ་དགའ་ལེགས་པོ་ཞིག་ཐོབ་མྱོང་། གཞན། ༡༩༩༩ ལོར་ཀན་སུའུ་དང་ཟི་ཁྲོན།  མཚོ་སྔོན་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་ལོ་སར་དགོང་ཚོགས་སྟེང་དུ། བོད་ཨ་མདོའི་སྐད་གྲགས་ཅན་གྱི་མདོ་འཛིན་པ་འབྲུག་ལྷ་རྒྱལ་དང་བཀྲ་ལོ། དཀའ་བུར་སོགས་དང་མཉམ་དུ་མདོ་འཛིན་ཞིག་ཀྱང་བྱས་མྱོང་།  ༢༠༠༠ ལོར་ཕྱི་ཡུལ་དུ་ཡོང་རྗེས་ནས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ངྷ་སའི་ས་གནས་གསར་འགོད་པའང་བྱས་མྱོང་།  ད་ལྟ་ཡོ་རོབ་ཀྱི་ལུང་པ་སུད་སི་ལན་གྲུ་རུ་གཏན་སྡོད་བྱས་ཡོད། འདི་རུ་ལོ་བཅུ་གཉིས་ཙམ་ཕྱིན་སོང་ལ། ད་ལྟ་གནས་འདིར་བོད་ཀྱི་རྩོམ་རིགས་སྐོར་ལ་དགའ་མོས་བྱས་ནས་རང་ནུས་གང་ཡོད་ཀྱིས་འབྲི་བཞིན་ཡོད་ལ། ཞོར་དུ་ཡོ་རོབ་བོད་ཀྱི་གློག་བརྙན་དུས་ཆེན་ Tibetfilmfestival ཞེས་པའི་བོད་ཡིག་རྩོམ་སྒྲིག་པའི་འགན་འཁུར་བ་ཡང་ཡིན། ཕྱི་ལོ་ ༢༠༡༦ ལོར་<<དཔལ་འབྲུག་མོའི་དྲན་ཐོ་ཕྱོགས་བསྡུས་རྟ་གོང་ནས་མེ་ཏོག་ལེན་པ་ཞེས་བྱ་བ།>>ཞེས་པའི་དེབ་ཞིག་དཔར་བསྐྲུན་བྱས་པ་ཡིན།

ཕྱི་ལོ་ ༢༠༡༧ ཟླ་ ༠༨ ཚེས་ ༡༣ ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།