FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

ཞིབ་དཔྱོད་གྱིས་དང་ཕལ་ཆེར་དོན་ལ་གནས་ངེས།

པདྨ་དཔལ་དབྱངས།

འདི་ནི་བྱེས་སུ་འཚར་ལོངས་བྱུང་བའི་བོད་ཀྱི་བུད་མེད་ཚོར་རྩོམ་འབྲིའི་ནུས་པ་མེད་པའི་རྒྱུ་མཚན་མ་ཡིན་ཞིང་། ཁོར་ཡུག་དང་སློབ་གསོ། སློབ་ཚན་འཇོག་སྟངས། སློབ་སྦྱོང་སྤྲོད་སྟངས་སོགས་རྒྱུ་རྐྱེན་མང་དག་ཞིག་གི་ཐོག་ནས་འཐུས་ཤོར་འགྲོ་བཞིན་ཡོད་པའི་ཚོར་བ་དྲག་པོ་ཡོད།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་དང་ཀློག་པ་པོ་རྣམས་སུ་བོད་མོ་རྩོམ་པ་པོའི་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་པདྨ་དཔལ་དབྱངས་ཀྱིས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན། ང་རང་ལ་མཚོན་ན་ལོ་གྲངས་མི་ཉུང་བ་ཞིག་གི་རིང་བོད་སྐད་བོད་ཡིག་ཐོག་ནས་ནང་བསྟན་ལྟ་གྲུབ་ཀྱིས་མཚོན་པའི་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ལོ་རྒྱུས་སོགས་ལ་ཐོས་བསམ་སློབ་གཉེར་བྱེད་པའི་གོ་སྐབས་བཟང་པོ་ཐོབ་མྱོང་མཁན་ཞིག་ཡིན་རུང་། འབྲི་རྩོམ་གྱི་ལམ་ནས་རྩོམ་རིགས་མང་དག་སྤེལ་ཏེ་དཔར་དུ་བསྐྲུན་མྱོང་བའི་ཉམས་མྱོང་དང་མཐོང་ཐོས། འབྲི་རྩལ་གྱི་ནུས་པ་སོགས་རྩོམ་པ་པོ་ཞིག་ལ་ངེས་པར་ཚང་དགོས་པའི་ཁྱད་ཆོས་ཁྱད་པར་ཅན་དེ་འདྲ་གང་ཡང་མི་ལྡན། འོན་ཀྱང་། དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཧ་ཅང་རྣོ་བའི་སྐབས་འགའ་ལ་ཚོར་བ་མཚོན་པའི་འབྲི་རྩོམ་ཐར་ཐོར་སྤེལ་མྱོང་བའི་བརྒྱུད་རིམ་ཁྲོད་དངོས་བྱུང་གི་ཚོར་སྣང་ཡ་མཚན་པ་དེ་འདྲ་འཕྲད་མྱོང་བའི་དྲན་ཚོར་གྱི་མཚན་གཞི་འདི་ཡིན་ཞེས་ངོས་འཛིན་དཀའ་ཡང་། དགའ་སྐྱོའི་ཚོར་འདུ་གསོན་པོ་དྲག་ཏུ་འཕྱོ་སྐབས་སུ་བྲིས་པའི་སྒྱུ་རྩལ་རྩོམ་རིགས་དག་ནི་ཆེས་ཡིད་འཕྲོག་ཅིང་དོན་སྙིང་ཟབ་པར་མཐོང་།

༢ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།

ལན། རྩོམ་རིག་གི་སྐད་དོད་ལ་དབྱིན་སྐད་ཐོག་(Literature) ཡིན་ཞིང་། དེའི་གོ་དོན་རྒྱ་ཆེ་བའི་དབང་དུ་བཏང་སྟེ་བོད་ཀྱི་རྩོམ་རིག་ཟེར་བ་བཤད་པ་ཡིན་ན། བོད་སྐད་དུ་བཞུགས་པའི་རྩོམ་རིག་ཡོད་ཚད་ལ་གོ་དགོས་པས་དེའི་ཁྱབ་ཚད་ཧ་ཅང་ཆེན་པོ་རེད། བོད་རང་གི་ནང་བསྟན་དང་འབྲེལ་བའི་རྩོམ་རིག་གི་ཐོག་ནས་བལྟས་ན་རྒྱལ་ཁབ་གཞན་ལས་ཧ་ཅང་གིས་ཕྱུག་པ་དང་སྤུས་ཚད་ལྡན་པ་ཞིག་ཏུ་མཐོང་གི་ཡོད། མི་འབོར་དང་བསྡུར་ནས་བལྟས་ན། བོད་པས་བྲིས་པའི་གསུང་རབ་ཀྱི་གྲངས་འབོར་ནང་བཞིན་འཛམ་གླིང་གི་རྒྱལ་ཁབ་གཞན་སུ་ལའང་མེད། དེ་བཞིན་སྨན་རྩིས། ལོ་རྒྱུས། བརྡ་སྤྲོད་སོགས་ཀྱི་བརྩམས་ཆོས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པ་མངོན་གསལ་རེད།

ཡང་སྤྱི་ཚོགས་རིག་པ། གསར་འགོད་རིག་པ། དཔལ་འབྱོར་རིག་པ། རྩི་ཤིང་རིག་པ། དཔེ་མཛོད་རིག་པ། སོ་ནམ་རིག་པ། ཁྲིམས། འཕྲུལ་རིག་སོགས་སྡེ་ཚན་མང་པོ་ཞིག་གི་ཐོག་ལ་རྩོམ་རིག་དཀོན་པའམ་སྟོང་ཆ་ཏན་ཏན་ཡོད་པ་ཞིག་རེད།

རྩོམ་རིག་གི་གོ་བ་ཁྱབ་ཆུང་བའི་དབང་དུ་བྱས་སྟེ་བཤད་པ་ཡིན་ན། སྤྱི་ཚོགས་ཀྱི་འགྱུར་བ་དང་བསྟུན་ནས་བོད་ཀྱི་རྩོམ་རིག་ལའང་འགྱུར་བ་ཧ་ཅང་ཤུགས་ཆེན་ཕྱིན་ཡོད། ལྷག་པར་དུ་ ༡༩༨༠ ཡན་མན་དུ་བོད་ལ་སྦྲང་ཆར་དང་། རྩོམ་རིག་སྒྱུ་རྩལ། བོད་ལྗོངས་ཞིབ་འཇུག སྤང་རྒྱན་མེ་ཏོག་སོགས་དུས་དེབ་དང་། བོད་ཕྱི་ནས་ཀྱང་སྒྱུ་རྩལ་རྩོམ་རིག་གི་དུས་དེབ་དང་སྒེར་དེབ་མང་པོ་ཐོན་མགོ་བརྩམས་པ་དང་། ཁྱད་པར་སྤུས་ཚད་བླ་ན་མེད་པའི་ནང་བསྟན་གསུང་རབ་རྨད་དུ་བྱུང་བ་ཆེས་མང་པོ་ཐོན་ཡོད་པས། རྩོམ་ལུས་སྣ་མང་དང་མཚོན་ཐབས་སྣ་ཚོགས་ཀྱི་སྒྱུ་རྩལ་བརྩམས་ཆོས་ཇེ་མང་ནས་ཇེ་མང་དུ་སོང་ཡོད་ལ། བརྩམས་ཆོས་དེ་དག་གིས་བོད་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

ལྷག་པར་དུ་དེང་གི་ཆར་སྒྱུར་རྩོམ་དང་། དཔྱད་རྩོམ། ཞིབ་འཇུག སྒྱུ་རྩལ་གྱིས་ཕྱུག་པའི་གསར་རྩོམ་གང་མང་ཐོན་བཞིན་ཡོད་པ་དེ་ཚོས་བོད་ཀྱི་རྩོམ་རིག་ལ་བཟང་ཆའི་ཤུགས་རྐྱེན་ཐེབས་ཡོད། ཡང་འགའ་ཞིག་གིས་ལྡོག་ཕྱོགས་ནས་སྐྱོན་ཐེབས་པ་གཉིས་ཀ་འདུག་སྙམ།

གང་ལྟར་ཕྱོགས་མང་དག་ཞིག་ནས་བོད་ཀྱི་རྩོམ་རིག་གི་གནས་སྟངས་གང་ཙམ་ཚད་མཐོར་སླེབས་ཡོད་པ་ངོས་འཛིན་བྱ་འོས་ཀྱང་། སྤྱི་ཚོགས་འཚོ་བའི་གནས་སྟངས་དངོས་མ་མཚོན་ཐུབ་པའི་རྩོམ་རིག་ཁ་གསབ་བྱ་དགོས་ཡོད་པ་དེ་འདྲའང་ད་དུང་མང་པོ་ཡོད་པའི་མཐོང་ཚུལ་བྱུང་།

༣ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན། བོད་ཀྱི་བུད་མེད་ཀྱི་རྩོམ་ཡིག་གི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།
སྤྱི་ཡོངས་ནས་བཤད་ན་སྤྱི་ཚོགས་སུ་རྩོམ་པ་པོའི་མིང་ཐོགས་པའི་བོད་པའི་བུད་མེད་རྩོམ་པ་པོའི་གྲངས་ཚད་མང་པོ་མ་རེད་ལ། གཞན་སྐད་ཐོག་འབྲི་མཁན་དེ་བས་ཉུང་ཉུང་རེད།
རྒྱ་སྐད་ཐོག་འབྲི་རྩོམ་སྤེལ་མཁན་ཚེ་རིང་འོད་ཟེར་གཙོས་རེ་ཟུང་དང་དབྱིན་སྐད་ཐོག་ཚེ་རིང་དབང་མོ་སོགས་འགའ་ཤས་ཡོད་པ་དེ་དག་གི་བརྩམས་ཆོས་དང་སྒྱུར་རྩལ་ལ་དཔྱད་བརྗོད་བྱེད་པའི་ཤེས་ཚད་མི་ལྡན་མོད། རང་སྐད་གཞན་སྐད་ཐུན་མོང་གི་ངོས་ནས་སམ་བོད་ཀྱི་རྩོམ་པ་པོ་སྤྱིའི་རྩོམ་གྱི་སྤུས་ཚད་དང་བསྡུར་ཏེ་བཤད་པ་ཡིན་ན་རྡོ་རྗེ་ཕག་མོའི་སྐྱེ་ཕྲེང་རིམ་བྱོན་དང་། གུང་རི་མཁའ་འགྲོའི་སྐྱེ་ཕྲེང་རིམ་བྱོན་སོགས་བོད་ཀྱི་བུད་མེད་རྩོམ་པ་པོ་ཚོའི་རྩོམ་ཡིག་གི་སྤུས་ཚད་མི་དམན་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། དེང་རབས་ལེགས་རྩོམ་བདམས་བཀོད་ཀྱི་དཔེ་དེབ་ཁག་ཏུ་བོད་ཀྱི་བུད་མེད་རྩོམ་པ་པོའི་རྩོམ་མཐོང་རྒྱུ་ཡོད་ལ། བྲིས་རྩོམ་འགྲན་བསྡུར་དེ་འདྲའི་སྐབས་གཟེངས་ཐོན་བྱ་དགའ་ཐོབ་པའང་མང་པོ་བྱུང་ཡོད།

འོན་ཀྱང་། གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་པ་པོའི་བརྩམས་ཆོས་མང་ཆེ་བ་ནི་སྙན་རྩོམ་དང་སྒྲུང་རྩོམ་རེད། དཔྱད་རྩོམ། དགག་སྒྲུབ། དོགས་སློང་། སྤྱི་ཚོགས། མིའི་རིགས་རིག་གནས། ནང་བསྟན་ལྟ་གྲུབ་སོགས་སྙན་རྩོམ་དང་སྒྲུང་རྩོམ་ལས་འདས་པའི་དཔྱད་གཏམ་སྤེལ་བའི་བོད་ཀྱི་བུད་མེད་རྩོམ་པ་པོ་ནི་རེ་གཉིས་ཙམ་ལས་ཤིན་ཏུ་དཀོན་པོ་རེད།

༤ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན། རང་སྐད་ཁོ་ནའི་དབང་དུ་བྱས་སྟེ་ཞུས་པ་ཡིན་ན་རྩོམ་རིག་སྒྱུ་རྩལ་དང་བརྡ་སྤྲོད། རྗོད་བྱེད་ཐ་སྙད་བེད་སྤྱོད་གཏོང་སྟངས་སོགས་ཕྱོགས་མང་པོ་ཞིག་ནས་གཞིས་ཀྱི་བུད་མེད་རྩོམ་པ་པོ་ཚོའི་རྩོམ་གྱི་རྨང་གཞི་ཅུང་ལེགས་པ་ཡོད་པའི་ཚོར་སྣང་བྱུང་། འོན་ཀྱང་འཚོ་བའི་ཁ་ཕྱོགས་དང་ཁོར་ཡུག་གི་གནས་བབ་མི་གཅིག་པས་བརྗོད་བྱའི་སྒོ་ནས་ཁྱད་པར་འབྱེད་རྒྱུ་དཀའ་མོ་རེད།
རེད་དེ། བྱེས་སུ་སྙན་རྩོམ་དང་སྒྲུང་རྩོམ་གྱི་བརྩམས་ཆོས་གཙོ་བོར་གྱུར་པའི་དཔེ་དེབ་རེ་ཟུང་པར་དུ་བསྐྲུན་མྱོང་མཁན་དང་། སྤྱི་སྒེར་གྱི་འཕྲིན་སྟེགས། དྲྭ་ཚིགས། དུས་དེབ་སོགས་སུ་རྩོམ་ཐར་ཐོར་འབྲི་མཁན་བུད་མེད་རྩོམ་པ་པོ་བརྒྱ་ཆ་༩༠ ཙམ་ནི་གཞིས་སུ་སློབ་འབྲིང་དང་སློབ་ཆེན་ཅི་རིགས་འགྲིམས་སྟེ། རྩོམ་འབྲིའི་རྨང་གཞི་གཏན་པོ་ཡོད་མཁན་ནམ་བོད་ཀྱི་ཡུལ་ལུང་གོམས་སྲོལ། འཚོ་བའི་གནས་བབ་སོགས་ལ་གོམས་པའི་བག་ཆགས་ཟབ་མོ་ཡོད་མཁན་ཚོ་རེད་སྙམ། ཞིབ་དཔྱོད་གྱིས་དང་ཕལ་ཆེར་དོན་ལ་གནས་ངེས།

འདི་ནི་བྱེས་སུ་འཚར་ལོངས་བྱུང་བའི་བོད་ཀྱི་བུད་མེད་ཚོར་རྩོམ་འབྲིའི་ནུས་པ་མེད་པའི་རྒྱུ་མཚན་མ་ཡིན་ཞིང་། ཁོར་ཡུག་དང་སློབ་གསོ། སློབ་ཚན་འཇོག་སྟངས། སློབ་སྦྱོང་སྤྲོད་སྟངས་སོགས་རྒྱུ་རྐྱེན་མང་དག་ཞིག་གི་ཐོག་ནས་འཐུས་ཤོར་འགྲོ་བཞིན་ཡོད་པའི་ཚོར་བ་དྲག་པོ་ཡོད། ལྷག་པར་དུ་རྩོམ་རིག་སློབ་ཁྲིད་དང་འབྲེལ་བའི་དགེ་རྒན་ཞིག་ཡིན་ན་མེ་ལོང་མའི་དཔེ་དོན་ངོ་སྤྲོད་ཐུབ་ཙམ་མ་ཡིན་པར་སློབ་མའི་བློ་དང་རྒྱུན་ལྡན་གྱི་འཚོ་བ་མཚོན་པའི་རྩོམ་མཚོན་ལ་བྱང་པ་སོགས་ཀྱིས་སློབ་ཁྲིད་ཀྱི་ཐབས་ལ་མཁས་དགོས་པ་ནི་སློབ་མའི་རྩོམ་འབྲིའི་རྨང་གཞི་གཏིང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་སེམས་ཡོད།

༥ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་འཐོབ་བྱ་ཅི་ཞིག་རེད་དམ།

ལན། ༡)རང་ཉིད་ཀྱི་སེམས་ཚོར་དངོས་མ་ཡིག་ཐོག་ཏུ་བཀོད་ཐུབ་ཚེ་སེམས་ན་སྨྲ་མི་ཤེས་པར་ཡིད་ཚིམ་པའི་བདེ་བ་སྟེར། ༢) རྩོམ་རིག་གི་ཤེས་བྱ་འདི་གཞུང་ལུགས་རྒྱ་མཚོ་ལ་ལྟ་བའི་ལྡེ་མིག་དང་མེ་ལོང་ལྟ་བུ་ཞིག་ཡིན་པས། གཏིང་མཐའ་མི་མངོན་པའི་ངེད་ཅག་གི་རིག་གཞུང་གི་གོ་དོན་ཅུང་ཟད་ཤེས་པ་ལའང་ཕན་པ་ཆེ། ༣) རང་ཉིད་ཀྱི་བསམ་བློའི་གོ་རྟོགས་གཏིང་རིང་དུ་གཏོང་བ་དང་། བསམ་བློའི་འགྱུར་བ་བཟང་ཕྱོགས་སུ་འགྲོ་བ་ལ་ཕན་པའི་རེ་བ་བྱ་བཞིན་ཡོད། འདི་ནི་དཔེ་མཚོན་ཙམ་ཡིན།

༦ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། གུས་མོའི་དངོས་མིང་ལ་པདྨ་དཔལ་དབྱངས་དང་། སྨྱུག་མིང་ལ་དབྱིངས་སད་མ་ཟེར། ཕ་ཡུལ་ཁམས་ཆབ་མདོ་ནས་ཡིན། སྤྱི་ལོ་ ༡༩༩༧ ལོར་བྱེས་སུ་འབྱོར་རྗེས་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭར་ཞུགས་ཏེ་འཛིན་རིམ་བརྒྱད་པ་ཐོན། དེ་རྗེས་རྒྱུགས་སྤྲོད་ཀྱི་ལམ་ནས་ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་སློབ་མར་ཞུགས། སློབ་གཉེར་ཁང་དེར་ནང་པའི་ལྟ་གྲུབ་གཙོ་བོ་གྱུར་བའི་སློབ་ཚན་མི་འདྲ་བ་ཁག་ལྔ་ཙམ་གྱི་ཐོག་ལ་ལོ་དགུའི་རིང་ཐོས་བསམ་སློབ་གཉེར་མི་དམན་ཙམ་བྱས།

སྤྱི་ལོ་ ༢༠༡༣ ལོར་སློབ་དཔོན་ (Master Degree) ཐོན། དེ་རྗེས་གཙུག་ལག་སློབ་ཁང་དེའི་དཔེ་མཛོད་ཁང་དུ་ཞབས་ཞུ་སྒྲུབ་ཞོར་ཟུར་རྒྱུགས་ཀྱི་ལམ་ནས་རྒྱ་གར་ཨིན་དྷར་གྷན་དཱི་གཙུག་ལག་སློབ་གླིང་(Indira Gandhi National Open University) ནས་དཔེ་མཛོད་རིག་པའི་ཆེད་ལས་སློབ་གཉེར་བྱས་ཏེ། རིམ་བཞིན་དཔེ་མཛོད་རིག་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ་(Bachelor Degree) དང་། གཙུག་ལག་རབ་འབྱམས་པའི་(Master Degree) སློབ་མཐའ་ཕྱིན། ད་ལྟའི་ཆར་ཝཱཎ་གཙུག་ལག་སློབ་ཁང་དུ་འབུམ་རམས་པའི་(Ph.D) ཞིབ་འཇུག་སློབ་མའི་སློབ་གཉེར་ལ་འབད་ཁུལ་ཡིན།
ཁྱོད་ཅག་གིས་བསལ་ཚུལ་ཞུ་བའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ། ཁ་དྲོ་བཀྲ་ཤིས།

ཕྱི་ལོ་ ༢༠༡༧ ཟླ་ ༠༩ ཚེས་ ༡༩ ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།