བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཕྱོགས་གཉིས་ནས་བཟུང་ཡོད།

སྐལ་བཟང་སྒྲོལ་མ།

དེ་ལ་ངའི་ངོས་ནས་བཤད་ན་རྩོམ་འབྲིའི་རྨང་གཞི་མ་འདྲ་བ་བཞི་ཙམ་མཐོང་སོང་།  དཔེར་ན། སྐད་ཡིག་གི་རྨང་གཞི། ཁོར་ཡུག་གི་ཤུགས་རྐྱེན།  རང་ཉིད་ཀྱི་སྤོབས་པ། རྩོམ་འབྲིའི་སེམས་ཁམས་བཅས་རེད་སྙམ། བོད་ནས་འཚར་ལོངས་བྱུང་བའི་བུད་མེད་རྩོམ་འབྲི་བ་ཞིག་ཡིན་ན་གཞི་བྱེས་གང་དུ་ཡོད་ཀྱང་གོང་གསལ་རྨང་གཞི་དེ་དག་ཚང་བར་མཐོང།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་དང་ཀློག་པ་པོ་རྣམས་སུ་བོད་མོ་རྩོམ་པ་པོའི་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་སྐལ་བཟང་སྒྲོལ་མ་ཡིས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡༽  ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ཐོག་མར་དེ་གའི་གསར་ཁང་ནས་སྡིངས་ཆ་འདི་འདྲ་ཞིག་བསྐྲུན་པ་ལ་དགའ་བསུ་དང་གོ་སྐབས་གནང་བ་ལའང་ཐུགས་རྗེ་ཆེ་ཞུ།
ལན། ངའི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་ཡ་མཚན་འདི་འདྲ་མཐོང་ཐོས་མྱོང་གསུམ་གྱི་སྒོ་ནས་མང་པོ་ཞིག་འཕྲད་མྱོང་མོད། སྐབས་དང་དུས་ལ་དཔག་ན་མ་གཏོགས་བཤད་ཆོག་ཆོག་ཅིག་མེད་པས་དགོངས་དག་ཞུ།

༢༽ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།

ལན། ངའི་ལྟ་སྟངས་ལྟར་ན། བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཕྱོགས་གཉིས་ནས་བཟུང་ཡོད། གཅིག་ནི་འཕེལ་རྒྱས་ཀྱི་རྣམ་པ་རེད། དཔེར་ན། རྩོམ་རིག་གཞུང་ལུགས་ཡིན་ནའང་རེད། རྩོམ་འབྲིའི་གྲངས་འབོར་ཡིན་ནའང་རེད། ཞིབ་འཇུག་གི་ཁྱབ་ཁོངས་སོགས་གང་གི་ཐད་ནས་འཕེལ་རྒྱས་ནི་ཡར་ངོའི་ཟླ་བའི་འགྲན་དུ་གྱུར་དང་འགྱུར་བཞིན་ཡོད་པར་སྣང།  ཅིག་ཤོས་ནི་ཉམས་ཆགས་ཀྱི་རྣམ་པ་སྟེ། གཞི་རིམ་མི་མང་དང་གསར་སྐྱེས་མི་རབས་ཀྱི་སེམས་ཁམས་ལ་རང་ཆས་སུ་ཡོད་པའི་སྙན་ངག་གི་ཁམས་དང་། འབད་མེད་ལྷུན་འགྲུབ་ཀྱི་རྩོམ་འབྲིའི་ནུས་པ།  མཛེས་ཆོས་ཀྱི་ཁོར་ཡུག་དང་བག་ཆགས་ནི་ནུབ་རིར་ཕྱོགས་པའི་ཉི་མ་བཞིན་དུ་འགྲོ་བར་སྣང་།

༣༽ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན། དེ་ལ་ཞིབ་འཇུག་ཕྲན་བུ་མ་བྱས་ན་ལན་འདེབས་ཅུང་དཀའ། གུས་མོ་ལ་མཚོན་ན་སྐད་ཡིག་གཞན་གྱི་ཆུ་ཚད་ཞན་པའི་ཁར་རང་སྐད་ནང་དུ་བྲིས་པའི་བོད་ཀྱི་བུད་མེད་ཀྱི་རྩོམ་འགའ་ཞིག་ལས་བཀླགས་མྱོང་མེད་པས་ཁ་ཚོན་བཅད་ནས་ཞུ་ཐུབ་མ་སོང།

༤༽ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན།  དེ་ལ་ངའི་ངོས་ནས་བཤད་ན་རྩོམ་འབྲིའི་རྨང་གཞི་མ་འདྲ་བ་བཞི་ཙམ་མཐོང་སོང་།  དཔེར་ན། སྐད་ཡིག་གི་རྨང་གཞི། ཁོར་ཡུག་གི་ཤུགས་རྐྱེན།  རང་ཉིད་ཀྱི་སྤོབས་པ། རྩོམ་འབྲིའི་སེམས་ཁམས་བཅས་རེད་སྙམ། བོད་ནས་འཚར་ལོངས་བྱུང་བའི་བུད་མེད་རྩོམ་འབྲི་བ་ཞིག་ཡིན་ན་གཞི་བྱེས་གང་དུ་ཡོད་ཀྱང་གོང་གསལ་རྨང་གཞི་དེ་དག་ཚང་བར་མཐོང། བྱེས་ལ་སྐྱེས་ཤིང་འཚར་ལོངས་བྱུང་བའི་བུད་མེད་དག་ལ་སྐད་ཡིག་གི་རྨང་གཞི་དབུལ་ཞིང་རྩོམ་འབྲིའི་སེམས་ཁམས་དང་ནུས་པ་ཞན་པ། མི་སྒེར་གྱི་སྤོབས་པ་དང་གདེང་ཚོད་སོགས་མ་འདང་བའི་ཁྱད་པར་བཅས་སྣང་ངོ་།།

༥༽  བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་འཐོབ་བྱ་ཅི་ཞིག་རེད་དམ།

ལན། དམངས་ཁྲོད་ཀྱི་ཐ་སྙད་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས། མཛེས་པའི་སེམས་ཁམས་བཅས་སོ།།

༦༽ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན།  གུས་མོའི་དངོས་མིང་ལ་སྐལ་བཟང་སྒྲོལ་མ་དང་སྨྱུག་མིང་ལ་ཕུར་མོ་ཨ་མཚོ་ཟེར།  ༢༠༠༧ ལོར་བོད་ནས་གསར་དུ་འབྱོར་ཞིང་། ཤེས་རབ་དགའ་ཚལ་སློབ་གླིང་ནས་ཕྲད་དང་རྣམ་དབྱེ། སྔོན་རྗེས་མིང་གསུམ་ལ་སྦྱངས། ༢༠༡༣ ལོར་ས་རཱ་བོད་ཀྱི་མཐོ་རིམ་བློབ་གཉེར་ཁང་དུ་ཞུགས་ནས་བོད་ཀྱི་སུམ་རྟགས་སྙན་གསུམ་དང་ལོ་རྒྱུས་སོགས་ལ་སྦྱངས་ཏེ། ༢༠༡༧ ལོར་སློབ་མཐར་ཕྱིན་པ་དང་མཉམ་དུ་<<མནའ་མ་ལས་ངན་མ།>>ཞེས་པའི་སྒྲུང་དེབ་ཞིག་དཔར་བསྐྲུན་་བྱས་ཡོད། ད་ལྟ་འབྲས་ལྗོངས་སུ་ཡོད་པའི་བཙུན་དགོན་ཞིག་ཏུ་རྩོམ་རིག་གི་དགེ་རྒན་བྱེད་མུས་ཡིན།

བོད་རྒྱ་ལོ་ ༢༡༤༤ སྟོན་ཟླ་འབྲིང་བོའི་ཚེས་༦ ཉིན་དང་ཕྱི་ལོ་ ༢༠༡༧ ཟླ་ ༠༩ ཚེས་ ༢༦ ལན་བྲིས་སོ།།