བུད་མེད་རྩོམ་ཡིག་འབྲི་མཁན་ཧ་ཅང་ཉུང་ཉུང་རེད།

ཀརྨ་མཚོ།

སྙན་ངག་དང་རྩམ་སྒྲུང་སོགས་རྩོམ་ཡིག་སྤུས་ཚད་ལྡན་པ་ཞིག་འབྲི་བར། འབྲི་མཁན་སོ་སོར་བསམ་བློའི་ཆུ་ཚད་ཅུང་ཙམ་མཐོན་པོར་མེད་ཚེ། རྩོམ་ཡིག་གང་དང་གང་ཞིག་ཡིན་རུང་དེ་ཙམ་གྱིས་ཀློག་རིན་ལྡན་པ་ཞིག་མིན་པར་འདོད།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་དང་ཀློག་པ་པོ་རྣམས་སུ་བོད་མོ་རྩོམ་པ་པོའི་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་ཀརྨ་མཚོ་ཡིས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡༽  ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན། ཐོག་མར་ཞུ་དགོས་པ་ཞིག་ནི། ཁོ་མོ་ནི་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་ཞིབ་འཇུག་སློབ་མ་ཞིག་ཡིན་པ་ལས། བོད་ཀྱི་རྩོམ་རིག་ལ་ཆེད་དུ་དམིགས་ནས་སློབ་སྦྱོང་བྱེད་མཁན་ཞིག་མིན་ཞེས་ཞུ་བ་ཡིན། དེ་བས་བོད་ཡིག་ནང་དུ་རྩོམ་ཡིག་ཐ་ཐོར་རེ་བྲིས་པའི་རྒྱུད་རིམ་ཁྲོད་དུ། ཁོ་མོར་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་གི་སྣང་ཚུལ་དེ་འདྲ་ཞིག་དམིགས་བསལ་གྱིས་བཤད་རྒྱུ་གང་ཡང་མེད། ཡིན་ནའང་། ཐེངས་འདིར་ཁོ་མོའི་ངོ་ཤེས་གྲོགས་པོ་ཞིག་གིས་ཐེངས་འགར་རེ་སྐུལ་ཞུ་བ་ལྟར། ཁོ་མོས་གཤམ་གསལ་བོད་ཀྱི་རྩོམ་རིག་དང་འབྲེལ་བའི་དྲི་བ་རྣམས་ལ་བསམ་ཚུལ་འགའ་ཞུ་ཆོག

༢༽ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།

ལན། སྤྱིར་བོད་ཀྱི་འདས་མ་ད་གསུམ་གྱི་གནས་སྟངས་ཡོད་ཚད་ནི། བོད་ཀྱི་རིག་གནས་ལ་བརྟེན་དགོས་པ་ནི་བཤད་ག་ལ་དགོས། བོད་ཀྱི་རིག་གནས་འཇིག་པའི་ཉིན་དེ་ནས་བཟུང་སྟེ། བོད་མི་རིགས་ཀྱང་ས་སྟེང་འདི་ནས་འཇིག་པའི་འགོ་བརྩམས་པ་ཡིན། དེ་བས་རིག་གནས་དང་མི་རིགས་གཉིས་ནི་ངོ་བོ་གཅིག་དང་ལྡོག་པ་ཐ་དད་པའི་ཚུལ་དུ་སྣང་། མི་རིགས་གང་ཞིག་ཡུན་རིང་གནས་ཐུབ་མིན་ཡང་། མི་རིགས་དེའི་རིག་གནས་ལ་གཙོ་བོར་ཐུག་ཡོད་པར་འདོད།
དེས་ན་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ནི་བོད་ཀྱི་རྩོམ་རིག་ཡིན་ལ། རྩོམ་རིག་དེ་ཡང་མི་རིགས་སོ་སོའི་སྤྱི་ཚོགས་ཀྱི་འཚོ་བ་ལས་བྱུང་ཞིང་། འཚོ་བའི་ངལ་རྩོལ་གྱི་རྒྱུད་རིམ་ཁྲོད་དུ་མི་རིགས་སོ་སོའི་རྣམ་པ་མངོན་ཡོད། དཔེར་ན། བོད་ཀྱི་གདོད་མའི་མགུར་གླུ་དང་ལྷ་སྒྲུང་ལ་སོགས་པ་ནི་གདོད་མའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་ལ། དེ་དག་ནི་གདོད་མའི་མིའི་རིགས་རྣམས་ཀྱི་རང་བྱུང་ཁམས་དང་འཐབ་རྩོད་བྱས་པའི་རྒྱུད་རིམ་ཁྲོད་ནས་བྱུང་ཞིང་། དེ་ཡིས་གདོད་མའི་སྤྱི་ཚོགས་ཀྱི་མིའི་རིགས་ཀྱི་བསམ་བློའི་ཆུ་ཚད་ཀྱང་མཚོན་ཡོད། དེ་བས་གདོད་མའི་བོད་མི་རིགས་ཀྱིས་མགུར་གླུ་དང་ལྷ་སྒྲུང་ནས་འགོ་བརྩམས་ཏེ། བོད་ཀྱི་རྩོམ་རིག་གི་ས་བོན་བཏབ་ནས་ཡན་ལག་རྒྱས་འགོ་བརྩམས་པ་ཡིན།
འོན་ཀྱང་། ད་ལྟའི་བོད་ཀྱི་རྩོམ་རིག་ལ་མཚོན་ན། རྩོམ་རིག་གི་རྣམ་པ་དང་རྣམ་གྲངས་ལ་སོགས་པ་མང་པོར་ཕྱེ་ནས་སྔར་དང་མི་འདྲ་བར་འཕེལ་རྒྱས་ཕྱིན་ཡོད། ལྷག་པར་དུ་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་ནས་བཟུང་སྟེ། བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་འགྱུར་ནས་གསར་རྩོམ་གྱི་ཐད་ལ་གསོན་ཤུགས་ལྡན་པའི་འཕེལ་རྒྱས་ཕྱིན་ཡོད། དེ་ལྟ་ནའང་། ད་ལྟའི་བོད་ཀྱི་རྩོམ་རིག་ནི་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་རྩོམ་རིག་ལ་བསྡུར་ཚེ། འུ་ཅག་གི་རྩོམ་རིག་ནི་ན་ཚོད་མ་སྨིན་པའི་བྱིས་པ་ལྟ་བུ་ཞིག་ཏུ་སྣང་། ད་དུང་། བོད་ཀྱི་རྩོམ་རིག་ལ་སྟོང་ཆ་མང་པོ་ཞིག་ལྷག་ཡོད་པས། སྟོང་ཆ་དེ་དག་ཁ་སྐོང་བྱེད་མིན་ད་ལྟའི་འུ་ཅག་མི་རབས་འདིའི་ཕྲག་སྟེང་ལ་བབས་ཡོད་པར་འདོད། ལྷག་པར་དུ་མི་རབས་གོང་མ་རྣམས་ཀྱིས་རྩོམ་ཡིག་གི་ས་བོན་བཏབ་པ་རྣམས་ནི། འུ་ཅག་གི་མི་རབས་འདི་ཡིས་སྐམ་དུ་མ་བཅུག་པར་སོ་སོས་གསར་རྩོམ་དང་། མི་རིགས་གཞན་གྱི་རྩོམ་རིག་གི་རྣམ་གཞག་སོགས་ནང་འདྲེན་བྱས་ནས། ང་ཚོའི་རྩོམ་རིག་གི་གཞུང་ལུགས་སོགས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་པའི་དུས་ལ་སླེབས་ཡོད་པར་འདོད།

༣༽ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན། སྤྱིར་རྩོམ་ཡིག་ཅིག་གི་སྤུས་ཚད་ཇི་འདྲ་ཡིན་མིན་བལྟ་བར། རྩོམ་པ་པོ་ཞིག་གི་བསམ་བློའི་ཆུ་ཚད་དང་སྐད་ཡིག་གི་འབྲི་རྩལ་སོགས་ལ་ཐུག་ཡོད་པར་འདོད། རྩོམ་པ་པོ་ཞིག་གི་བསམ་བློའི་ཆུ་ཚད་ཇི་ཙམ་གྱིས་མཐོ་ན། རྩོམ་པ་པོ་དེའི་རྩོམ་ཡིག་ཀྱང་དེ་ཙམ་གྱིས་ཆུ་ཚད་མཐོ་བོ་ཞིག་ཏུ་སླེབས་ཡོད།
རྩོམ་པ་པོ་ཕལ་ཆེ་བས་སོ་སོའི་རྩོམ་ཡིག་ནང་དུ་རང་ཉིད་ཀྱི་བརྗོད་འདོད་པའི་སྐད་ཆ་རྣམས་ནི། རྩོམ་ཡིག་གི་ཚིག་ངོས་ལ་དངོས་སུ་མ་བསྟན་པར་བྱ་དངོས་གཞན་ཞིག་གི་ཁྱད་ཆོས་སོགས་ལ་སྦྱར་ནས་ཤུགས་ལ་སྟོན་གྱི་ཡོད། དཔེར་ན། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་གི་མགུར་གླུ་ལྟ་བུར་མཚོན་ན། ཁོང་གིས་མཛད་པའི་ཚིགས་བཅད་རྣམས་ཀྱིས་ཚིག་ངོས་སུ། འཇིག་རྟེན་འཁོར་བའི་ཕོ་མོའི་བརྩེ་བ་མངོན་གྱི་ཡོད། འོན་ཀྱང་། ཁོང་གི་ཚིགས་བཅད་རྣམས་ཀྱི་ཤུགས་སུ་སྐབས་ཐོག་དེའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་སྟངས་རྣམས་བསྟན་ཡོད་པར་མ་ཟད། ད་དུང་། འཇིག་རྟེན་མི་ཆོས་ལས་འདས་པའི་དམ་པའི་ལྷ་ཆོས་ཀྱི་སྙིང་བོ་རྣམས་ཀྱང་བསྟན་ཡོད། དེར་བརྟེན། འདི་ལྟ་བུའི་རྩོམ་ཡིག་འབྲི་མཁན་བོད་ཀྱི་སྤྱི་ཚོགས་ནང་དུ་ག་ཚོད་ཡོད་དམ། ལྷག་པར་དུ་བོད་ཀྱི་བུད་མེད་རྣམས་ཀྱི་ནང་དུ་ག་ཚོད་ཡོད་དམ། འདི་ལྟ་བུ་སྲོལ་རྒྱུན་གྱི་རྩོམ་ཡིག་བྱེ་བྲག་པ་ཞིག་ལ་བསྡུར་ནས་ཞིབ་ཏུ་དཔྱད་ཚེ། འུ་ཅག་གི་སྤྱི་ཚོགས་ནང་དུ་བུད་མེད་རྩོམ་འབྲིའི་སྤུས་ཀ་ལྡན་པ་ཞིག་མཛུབ་མགོ་རུ་གྲངས་ཀ་བགྲང་ནུས།
སྤྱིར་ད་ལྟའི་བོད་ཕྱི་ནང་གཉིས་སུ་བོད་རིགས་བུད་མེད་རྩོམ་ཡིག་འབྲི་མཁན་འགའ་མཐོང་རྒྱུ་མེད་པ་མིན་མོད། འོན་ཀྱང་། བུད་མེད་རྩོམ་ཡིག་འབྲི་མཁན་ཧ་ཅང་ཉུང་ཉུང་རེད། ལྷག་པར་དུ་རྩོམ་ཡིག་སྤུས་ཚད་ལྡན་པ་ཞིག་འབྲི་མཁན་དེ་བས་ཀྱང་ཉུང་ཉུང་ཡིན། ཁོ་མོའི་བསམ་ཚུལ་ལྟར་ན། སྙན་ངག་དང་རྩམ་སྒྲུང་སོགས་རྩོམ་ཡིག་སྤུས་ཚད་ལྡན་པ་ཞིག་འབྲི་བར། འབྲི་མཁན་སོ་སོར་བསམ་བློའི་ཆུ་ཚད་ཅུང་ཙམ་མཐོན་པོར་མེད་ཚེ། རྩོམ་ཡིག་གང་དང་གང་ཞིག་ཡིན་རུང་དེ་ཙམ་གྱིས་ཀློག་རིན་ལྡན་པ་ཞིག་མིན་པར་འདོད།

༤༽ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན། བོད་ནང་གི་བུད་མེད་རྩོམ་ཡིག་འབྲི་མཁན་རྣམས་ལ་མཚོན་ན། ཐོག་མར་སོ་སོ་སྐྱེས་སའི་ཁོར་ཡུག་ཁྲོད་ནས། བོད་མི་རང་གི་ཐ་སྙད་ལ་བཀོལ་སྤྱོད་རྒྱུགས་ཆེ་ཞིང་། སྲོལ་རྒྱུན་རིག་གནས་སོགས་ལ་རྒྱུས་མངའ་ཆེ་བར་བརྟེན། ཁོང་ཚོར་མི་རིགས་སོ་སོའི་རྩོམ་ཡིག་གི་རྨང་གཞི་ཕལ་ཆེ་བ་ཞིག་ཐོག་མ་ནས་གྲུབ་ཡོད་པར་འདོད། ལྷག་པར་དུ་སློབ་གྲྭ་ཆེ་འབྲིང་སོགས་ལ་རིམ་གྱིས་འགྲིམས་ནས་རྩོམ་ཡིག་ཅིག་བྲིས་ཚེ། དེ་དག་གི་རྩོམ་ཡིག་ནི་སྡེབ་སྦྱོར་ལེགས་ལ་ཐ་སྙད་བཀོད་སྤྱོད་ཀྱང་ལེགས་པས། མི་རིགས་རང་ཉིད་ཀྱི་རྩོམ་རིག་གི་གཤིས་ཀ་དེ་བས་ཀྱང་འབུར་དུ་ཐོན་ཡོད། འོན་ཀྱང་། ཕྱི་ལོག་མིའི་ལུང་པ་ན་ཡོད་པའི་བོད་ཀྱི་བུད་མེད་རྣམས་སུ་མཚོན་ན། ཁོར་ཡུག་དང་རིག་གཞུང་སོགས་མི་འདྲ་བའི་ཡུལ་ལུང་ཞིག་ན་གནས་ཡོད་པར་བརྟེན། རྩོམ་རིག་གསར་རྩོམ་གྱི་ཐད་ལ་བསམ་བློ་གསར་བའི་སྒོ་མོ་ཕྱེ་ཡོད་པས། སྤྱི་ཚོགས་གཞན་དང་གཞན་གྱི་འཚོ་བ་ངོ་མ་མཚོན་པའི་རྩོམ་ཡིག་ཅིག་འབྲི་བའི་བསམ་བློའི་རྨང་གཞི་རེ་གྲུབ་ཡོད་པར་འདོད་པས། གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་ཡིག་འབྲི་མཁན་རྣམས་ཀྱི་དབར་ལ་མི་འདྲ་བའི་ཁྱད་པར་ཞིག་ཡོད་པར་འདོད།

༥༽  བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་འཐོབ་བྱ་ཅི་ཞིག་རེད་དམ།

ལན། བོད་ཀྱི་རྩོམ་རིག་ལས་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཞིག་ནི། འུ་ཅག་གི་གནའ་བོའི་མེས་པོ་དམ་པ་རྣམས་ཀྱིས་ཤུལ་དུ་བཞག་པའི་བརྩམས་ཆོས་རྣམས་ནི་ཁོ་མོའི་ཐོབ་བྱ་ཡིན་པར་སྙམ། གཞན་ཡང་། ཁོ་མོས་བརྗོད་འདོད་པའི་སེམས་ཀྱི་སྐད་ཆ་རྣམས་ནི། རྩོམ་ཡིག་གི་ལམ་ནས་ཐད་ཀར་བརྗོད་ཆོག་པ་བཅས་ནི་ཁོ་མོའི་ཐོབ་བྱ་ཞིག་ཡིན་པར་འདོད།

༦༽ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། གུས་མོའི་མིང་ལ་ཀརྨ་མཚོ་ཟེར་ཞིང་། བོད་མདོ་སྨད་ཁྲི་ཀའི་ཡུལ་དུ་སྐྱེས་པ་ཡིན། ཕ་ཡུལ་དུ་སློབ་ཆུང་ནས་སློབ་འབྲིང་དང་མཐོ་འབྲིང་སོགས་ལ་འགྲིམས་ཏེ། བོད་རྒྱའི་སྐད་ཡིག་གཙོར་བྱས་པའི་རྩིས་དངོས་རྫས་གསུམ་དང་། གཞན་ཡང་ས་རྒྱུས་དང་ལོ་རྒྱུས་ཀྱི་སློབ་ཚན་རྣམས་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་དུ་ཞུགས། ཕྱི་ལོ་ ༢༠༠༥ ལོར་རྒྱ་གར་དུ་འབྱོར་ཏེ་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཞུགས་ཤིང་། དེ་རུ་རྩིས་རིག་དང་ཚན་རིག སྤྱི་ཚོགས་ཚན་རིག་ལ་སོགས་པའི་སློབ་ཚན་རྣམས་འཛིན་གྲྭ་བཅུ་བའི་བར་དུ་དབྱིན་ཡིག་ཐོག་ནས་སྦྱངས། དེ་ནས་ས་རཱ་མཐོ་སློབ་ཏུ་ཞུགས་ནས། ཕྱི་ལོ་༢༠༡༦ལོར་རིག་གནས་རབ་འབྱམས་པ་ཐོན་པ་དང་། ད་ལྟ་དེ་གར་ལོ་རྒྱུས་ཞིབ་འཇུག་སློབ་མ་རུ་ཞུགས་ནས་མུ་མཐུད་དུ་སློབ་སྦྱོང་བྱེད་བཞིན་ཡོད།

ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༠༡ཉིན།