FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

སྙན་ངག་ལ་རང་ཉིད་ཀྱི་བླ་སྲོག་བཞིན་གཅེས་ཤིང་དུངས་པ།

ལྕགས་མོ་འཚོ།

བྱེས་ན་ཡོད་པའི་བོད་མདོ་དབུས་ཁམས་གསུམ་གྱི་བོད་ཡིག་ནང་རྩོམ་འབྲི་གནང་མཁན་བུད་མེད་ཚང་མ་བོད་ནས་འཚར་ལོངས་དང་སློབ་སྦྱོང་གི་རྨང་གཞི་ཚུགས་པ་ཤ་སྟག་རེད། རྒྱ་གར་ནང་སྐྱེས་པའི་བོད་ཡིག་ནང་རྩོམ་འབྲི་གནང་མཁན་བུད་མེད་ཧ་ལམ་མེད་ཤས་ཆེ།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་དང་ཀློག་པ་པོ་རྣམས་སུ་བོད་མོ་རྩོམ་པ་པོའི་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་ལྕགས་མོ་འཚོ་ཡིས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།


༡༽  ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན། ངོ་མ་བཤད་ན་དེ་གའི་རྩོམ་སྒྲིག་པས་ཡང་ཡང་བསྐུལ་ངོ་མ་ལྡོག་པ་ཙམ་ལས། གཤམ་གྱི་དྲི་བ་འདི་དག་ཐད་ལན་རན་པོ་ཞིག་འདེབས་མི་ཐུབ་པ་ལྟ་བུར་སྣང་། གཅིག་ནས་རང་ཉིད་ལ་རྩོམ་འབྲིའི་བརྒྱུད་རིམ་ཞེས་ཆེན་པོ་ཞིག་ཤོད་རྒྱུ་མེད་ལ། གཉིས་ནས་ལོ་འདི་འགར་བོད་ཀྱི་རྩོམ་རིག་ཕྱོགས་ལ་དེ་ཙམ་དོ་སྣང་ཆེན་པོ་བྱེད་ལོང་མ་བྱུང་།

གོང་ནས་བཤད་པ་བཞིན་ལོ་འདི་འགའི་རིང་གི་རྩོམ་འབྲིའི་བརྒྱུད་རིམ་དེའང་། འབོལ་རྩོམ་དང་སྙན་རྩོམ་ཐར་ཐོར་རེ་ལས་མང་པོ་ངོམ་སོ་ཆོག་པ་ཞིག་མ་མཆིས་ལ། སྣང་ཚུལ་ཡ་མཚན་དེ་འདྲ་གང་ཡང་དྲན་མ་བྱུང་། ཡིན་ནའང་རང་ཉིད་ནི་གཞོན་དུས་ནས་བཟུང་སྙན་ངག་གིས་ཚེ་སྲོག་ལ་ལྗང་མདོག་བསྐྲུན་པར་ཡིད་ཆེས་དང་། སྙན་ངག་ལ་རང་ཉིད་ཀྱི་བླ་སྲོག་བཞིན་གཅེས་ཤིང་དུངས་པ། མི་རིགས་ཤིག་གི་བདེ་སྡུག་ནས་གང་ཟག་སྒེར་གྱི་སྐྱིད་སྡུག་ཐམས་ཅད་སྙན་ངག་གི་དབྱངས་རྟར་བཀུག་ནས་རང་ཉིད་ཀྱི་སེམས་ཀྱི་ཚོར་བ་ཟབ་མོ་ཕྱི་ལ་བྱོ་མཁན་ཞིག་ཡིན་པས། ན་ཚོད་ཀྱིས་དུས་མཐའི་ར་མདའ་ཕུད་འདེད་ཀྱི་དེ་རིང་ཡང་ཚོར་བ་དེ་ད་དུང་རྟག་བརྟན་དུ་གནས་ཤིང་། ལན་རེར་རང་ལ་ཅི་ཡང་མེད་ཀྱང་སྙན་ངག་ཁོ་ན་རང་སེམས་འཚོ་བྱེད་ཀྱི་གསོལ་སྨན་དུ་སྣང་།

༢༽ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།

ལན། གལ་སྲིད་དྲི་བ་འདི་ཆེད་དུ་བོད་ཀྱི་རྩོམ་རིག་སྐོར་ལ་ཉམས་ཞིབ་བྱེད་མཁན་ཞིག་ལ་དྲིས་པ་ཡིན་ན།དྲི་བ་ཧ་ཅང་ཡག་པོ་ཞིག་རེད། ཡིན་ནའང་། འདིའི་སྐོར་ལ་ཉམས་ཞིབ་གང་ཡང་བྱེད་མྱོང་མེད་པ་ང་ལྟ་བུ་ཞིག་གིས་ལན་འདེབས་རྒྱུ་ཁག་པོ་རེད།རང་གི་མཐོང་ཚུལ་གཅིག་གཉིས་རེ་བརྗོད་ན། སྔོན་མ་ང་ཚོས་ངག་ཐོག་རྩོམ་རིག་དང་ཡིག་ཐོག་རྩོམ་རིག གནའ་རབས་དང་དེང་རབས་སོགས་དབྱེ་བ་བཀར་ཡོད་པ་རེད། ད་ལྟ་ང་ཚོས་དཔེ་དེབ་རྩོམ་རིག་གམ་ཤོག་བུའི་རྩོམ་རིག  དྲ་གནས་རྩོམ་རིག་འདི་འདྲ་ཞིག་དགར་ནས་དབྱེ་ཞིབ་ཀྱིས་དེང་གི་བོད་ཀྱི་རྩོམ་རིག་ལ་ཚད་གཞི་ཕྱེས་ན་ཡག་པོ་མེད་འགྲོ་སྙམ།

སྤྱིར་བཏང་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་འགོ་སྟོད་ནས་ད་ལྟའི་བར་བོད་ཀྱི་རྩོམ་རིག་ཐད་འཕོ་འགྱུར་ཆེན་པོ་བྱུང་ཡོད་ལ། ལོ་རབས་བརྒྱད་ཅུ་དང་དགུ་བཅུ། ཉིས་སྟོང་བར་གྱི་བོད་ཀྱི་རྩོམ་རིག་ནི་འཕེལ་རྒྱས་སྐས་རིམ་གསར་བ་ཞིག་ཏུ་བརྩིས་ཆོག་ལ། དེའི་སྐབས་མཚོན་བྱེད་དུ་གྱུར་བའི་རྩོམ་པ་པོ་དང་བརྩམས་ཆོས། དེ་དག་གི་རྩོམ་གཤིས་ཐུན་མོང་མ་ཡིན་པ་མཐོང་རྒྱུ་ཡོད་པ་རེད།

དེ་ནས་དཔལ་འབྱོར་གྱི་འཕེལ་རྒྱས་དང་བསྟུན་ཏེ། གཞུང་སྒེར་དང་དགོན་གྲོང་། སློབ་གྲྭ་ཚང་མར་དུས་དེབ་དང་སྒེར་དེབ་དཔར་སྐྲུན་གྱི་ཚ་རླབས་ཤིག་འཕྱུར་བྱུང་། ཤེས་ཚད་ཡོད་མེད་གཉི་ཀས་རྩོམ་པ་པོ་ཞེས་མིང་ཆེན་པོ་ཞིག་བྲིས་ནས་དེབ་དཔར་བ་རེད། དེར་མཐུད་དེ་དྲ་རྒྱ་དར་ཁྱབ་དང་བསྟུན་ནས། བོད་ཀྱི་སྨྱུ་གུ་འཛིན་མཁན་ཚོ་དྲ་ཐོག་ལ་འཚང་བ་རེད། དྲ་རྒྱའི་ཟིན་བྲིས་ནས་གླེང་སྟེགས། འཕྲིན་སྟེགས་སོགས་ཚང་མས་ཤེས་གསལ་རེད།

སྤྱིར་བཤད་ན་དྲ་ལམ་རིག་གནས་དར་སྤེལ་འདིས་བོད་ཀྱི་ན་གཞོན་ཚོར་བོད་ཡིག་བཀོལ་སྤྱོད་ཐད་ནུས་པ་ཆེན་པོ་ཐོན་ཡོད་ལ། བོད་ཀྱི་སྤྱི་ཚོགས་ཁྲོད་བོད་ཡིག་བེད་སྤྱོད་ཁྱབ་རྒྱ་ཆེ་རུ་ཕྱིན་པ་དང་བོད་ཡིག་ལ་དགའ་མོས་ཀྱི་ཁོར་ཡུག་གསར་བ་བསྐྲུན་པ་སོགས་དགེ་མཚན་ཧ་ཅང་ཆེན་པོ་འདུག

འོན་ཏེ་དེང་སྐབས་བོད་ཀྱི་རྩོམ་རིག་ཁྱད་ལས་དམིགས་ཚད་ཀྱི་ཁ་ཕྱོགས་མེད་པའམ་མག་མོག་ཅིག་ཡིན་པ་འདི། གོངབརྗོད་འདི་དག་སྐྱོན་དུ་མི་འགྲོ་རུང་ཏན་ཏན་ཤུགས་རྐྱེན་ཡིན་ངེས་སྙམ། ཡིན་ནའང་ད་ལྟའི་བར་སྤུས་ཀ་དག་ཅིང་རྩོམ་གཤིས་མ་ཡལ་བར་གཉེར་བཞིན་པའི་༼མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ༽ལྟ་བུ་ནི་བོད་ཀྱི་དྲ་ལམ་རིག་གནས་སྤུས་གཙང་དར་སྤེལ་གཏོང་མཁན་གྱི་མཁར་རྫོང་སྨུག་པོ་དེ་ཅི་ལ་མིན།

༣༽ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན། གཞན་སྐད་ཟེར་ན་ཧ་ལམ་དབྱིན་སྐད་དང་རྒྱ་སྐད་གཙོ་བོར་བཤད་པ་ཡིན་ན། དབྱིན་ཡིག་འབྲི་མཁན་ཁ་ཤས་རེ་ཡོད་པ་དེ་དག་གི་རྩོམ་རེ་ཟུང་བོད་ཡིག་ནང་བསྒྱུར་བ་ཁ་ཤས་ཀློག་མྱོང་ཡོད་དེ། ཁོར་ཡུག་ཐ་དད་ཁྲོད་འཚར་ལོངས་བྱུང་བའི་དབང་གིས་རྩོམ་གཤིས་ཀྱང་ཅུང་མ་འདྲ་བ་ཡོད་ཀྱང་།བོད་རྩོམ་ལས་ཁྱད་དུ་འཕགས་པ་དེ་འདྲ་མཐོང་མ་སོང་། དེ་མིན་རྒྱ་ཡིག་ནང་འབྲི་མཁན་ཚེ་རིང་འོད་ཟེར་ལགས་དང་མེ་སྒྲོན་ལགས། པདྨ་གཡུ་སྒྲོན་ལགས་ལྟ་བུ་ཡིན་ན་རྩོམ་རྩལ་ཧ་ཅང་ལེགས་པོ་ཡོད་པ་སྨོས་མེད་རེད། དེ་བཞིན་དེང་སྐབས་བུད་མེད་གཞོན་སྐྱེས་ནང་རྒྱ་ཡིག་འབྲི་མཁན་ཡག་པོ་མང་པོ་ཡོང་གི་འདུག་དེ་ནི་དགའ་འོས་པ་ཞིག་རེད།

བོད་ཡིག་ནང་འབྲི་མཁན་སྔོན་མ་ཧ་ཅང་ཉུང་ཉུང་རེད། ཡིན་ནའང་དེ་དུས་སྤུས་ཚད་སོགས་གང་ཅི་ནས་སྐྱེས་པ་ཚོ་དང་འདྲ་འདྲ་མིན་ནའང་བུད་མེད་ཚོ་སྐྱོ་བོ་ཡིན་པས་སྣང་ཚུལ་མཐོང་མ་སོང་།

དེང་སང་གྲངས་ཚད་ཀྱི་ཆ་ནས་མང་དུ་འགྲོ་བཞིན་ཡོད་པར་དགའ་འོས་པ་ཞིག་རེད་མོད། ནང་དོན་དང་རྩོམ་གཤིས། རྩོམ་རྩལ་སོགས་སྔོན་དང་ཐོལ་བརྒལ་གྱི་རྣམ་པ་གསར་བ་ཞིག་ཀྱང་དམིགས་སུ་མཐོང་མ་སོང་ལ། ཕན་ཚུན་ལད་ཟློས་དང་བསྐྱར་ཟློས་ཀྱི་སྣང་ཚུལ་ཞིག་གི་སྒང་ན་ལྷག་འདུག འདི་ནི་བོད་སྤྱིའི་རྩོམ་འབྲི་བ་ཚོའི་སྣང་ཚུལ་ཞིག་ཏུའང་སེམས།

༤༽ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན། བྱེས་ན་ཡོད་པའི་བོད་མདོ་དབུས་ཁམས་གསུམ་གྱི་བོད་ཡིག་ནང་རྩོམ་འབྲི་གནང་མཁན་བུད་མེད་ཚང་མ་བོད་ནས་འཚར་ལོངས་དང་སློབ་སྦྱོང་གི་རྨང་གཞི་ཚུགས་པ་ཤ་སྟག་རེད། རྒྱ་གར་ནང་སྐྱེས་པའི་བོད་ཡིག་ནང་རྩོམ་འབྲི་གནང་མཁན་བུད་མེད་ཧ་ལམ་མེད་ཤས་ཆེ། དེ་བས་ཁྱད་པར་ཆེན་པོ་མཐོང་གི་མི་འདུག་མོད། ཡིན་ནའང་བྱེས་པ་ཚོར་རང་དབང་ཁོག་ཡུག་ཅིག་ཏུ་མཐོང་རྒྱ་ཐོས་རྒྱ་ཇེ་ཡངས་སུ་སོང་ཡོད་ཀྱང་།གཞིས་པ་བཞིན་མར་དྲི་རྩམ་དྲིའི་ཞག་ཚི་སྣུམ་པོའི་གཤིན་ས་དེ་ཤོར་བས། གཞན་གྱི་རིག་གནས་ཐ་དད་ཀྱི་སིམ་འཛུལ་ཁྲོད་རྩོམ་གཤིས་ཀྱི་ཤུགས་རྐྱེན་ཅུང་ཙམ་ཐེབས་ཡོད་སྲིད།

དེ་མིན་སྤྱིའི་ཆ་ནས་གཞིས་བྱེས་གཉིས་ཀྱི་རྩོམ་རིག་གི་གཤིན་ས་ཕྱུག་པོ་དང་རྩོམ་འབྲིའི་རིག་དཔྱོད་ཀྱི་མྱུར་ཁ་སྐྱེན་པོ་དེ་གཞིས་པ་རྣམས་ཡིན་པ་སྨོས་མེད་རེད།

༥༽  བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་འཐོབ་བྱ་ཅི་ཞིག་རེད་དམ།

ལན། སྤྱིར་རྩོམ་རིག་ནི་སྐད་ཡིག་དེ་ལག་ཆ་བྱས་ཏེ་གཟུགས་བརྙན་བཞེངས་བསྐྲུན་གྱིས་འཚོ་བ་མངོན་བྱེད་ཀྱི་སྒྱུ་རྩལ་ཞིག་ཡིན་པར་བརྗོད་ན། བོད་ཀྱི་རྩོམ་རིག་ཀྱང་དེ་ལས་མ་འདས་པར་། བོད་མཐོ་སྒང་གི་རི་མཐོ་ས་གཙང་། མི་གཤིས་འཇམ་པ། བྱམས་བརྩེའི་བདག་ཉིད་དུ་གྱུར་བའི་མི་རིགས་ཉམས་ཆུང་འདིར། འཛམ་གླིང་རིག་གནས་བང་མཛོད་དུ་ངོམས་པར་བསྟོད་པའི་གངས་ལྗོངས་རིག་གནས་སྣ་འཛོམས་ཤིག་ཡོད་པ་འདི་ནི་རང་ཉིད་ཀྱི་ཐོབ་བྱ་ཅི་ལ་མིན།

༦༽ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། ངའི་མིང་ལ་ལྕགས་མོ་འཚོ་དང་། སྨྱུག་མིང་གཡུ་ཞུན། མདོ་སྨད་མཚོ་སྔོན་པོའི་བོང་སྟག་ནས་སྐྱེས། བོད་དུ་སློབ་ཆུང་ནས་སློབ་ཆེན། ཞིབ་མཇུག་སློབ་མའི་བརྒྱུད་རིམ་གང་མང་ཞིག་འགྲིམས་ཤིང་། དགེ་རྒན་དང་གསར་འགོད་པ། རྩོམ་སྒྲིག་པ་བཅས་ཀྱི་ལས་ཀ་བྱས་མྱོང་། སྤྱི་ལོ་༡༩༩༩ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བ་དང་། ཕྱིས་སུ་ཨ་རིའི་ནང་གསར་འགྱུར་ལས་རིགས་སྟེང་འབད་ཁུལ་ཡིན།

བོད་ཕྱི་ནང་གཉིས་སུ་དུས་དེབ་སོགས་སུ་འབོལ་རྩོམ་དང་སྙན་རྩོམ། དཔྱད་རྩོམ་སོགས་བརྒྱ་ཕྲག་ལྷག་སྤེལ་མྱོང་།༼སྟོན་ཁའི་འཆར་ཀ༽དང་༼བཞོ་ལུང་།༽༼བོད་གདངས་སུ་གྱེར་བའི་སྙན་རྩོམ༽༼བཙན་བྱོལ་ཁྲོད་ཀྱི་སྙན་རྩོམ་༽སོགས་དཔེ་དེབ་ཁ་ཤས་གཞན་དང་མཉམ་དུ་དཔར་བསྐྲུན་བྱས།

ཕྱི་ལོ་ ༢༠༡༧ ཟླ་ ༠༩ ཚེས་ ༢༧ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།