ད་ལྟའི་བོད་ཀྱི་རྩོམ་རིག་ཕལ་ཆེར་སྲེ་ལྷད་ཅན་དུ་མཐོང་།

བསྟན་འཛིན་དབྱངས་ཅན།

གཞིས་བཞུགས་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ནི་ཡིག་སྐད་དང་མཐུན་པ། མི་རིགས་ཀྱི་ལ་རྒྱ་དང་འབྲེལ་བ་མང་ཞིང་། ཡིན་ནའང་རྒྱ་ཡིག་གི་རྩོམ་འབྲིའི་ཤན་ཕྲན་བུ་ཡོད་པ་དང་། བྱེས་ཀྱི་བུད་མེད་ཀྱི་རྩོམ་འབྲི་ཕལ་ཆེར་རྨང་གཞི་ཕལ་སྐད་དང་མི་རིགས་ཀྱི་ལ་རྒྱར་འབྲེལ་བ་དེ་ཙམ་མེད་པ་དང་། དབྱིན་རྩོམ་ཁག་གི་ཤན་ཕྲན་བུ་ཡོད་པར་ཚོར།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་དང་ཀློག་པ་པོ་རྣམས་སུ་བོད་མོ་རྩོམ་པ་པོའི་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་བསྟན་འཛིན་དབྱངས་ཅན་གྱིས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡ ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན། རང་ཉིད་ཀྱིས་སྤྱི་ཚོགས་དྲ་རྒྱའི་སྟེང་ཐོག་མར་བོད་ཡིག་གི་ལམ་ནས་རྩོམ་ཡིག་སྤེལ་དུས་ཤེས་ཡོན་དང་ཉམས་མྱོང་གང་གི་ཆ་ནས་སྤུས་ཚད་ཞན་པའི་དབང་གིས་དེ་ལ་དག་ཆ་དང་སྡེབ་སྦྱོར་གྱི་སྐྱོན་ཆ་ཡོད་པ་བཤད་ག་ལ་དགོས། དེར་བརྟེན་རང་ཉིད་ཀྱིས་དྲ་ལམ་དུ་ཐོག་མར་བོད་ཡིག་སྤེལ་སྐབས་དག་དང་སྡེབ་སྦྱོར་ལ་ནོར་འཁྲུལ་གང་མང་ཞིག་འབྱུང་གི་འདུག བོད་པ་རྣལ་མ་ཞིག་ཡིན་ན་དེ་ལ་ལྷག་བསམ་རྣམ་དག་གིས་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་འདྲ་གནང་དགོས་པ་དེ་ལྟར་ཡིན་ནའང་། བོད་པ་འགའ་རེས་དེ་ལས་ལྡོག་སྟེ་སྐྱོན་བརྗོད་ཀྱི་ཚིག་རྩུབ་མང་དག་ཅིག་སྨྲ་བྱུང་བ་ནི་བློ་ཕམ་དང་ཚོར་སྣང་ངན་པ་ཞིག་དབང་མེད་དུ་བྱུང་ཡང་རང་མི་རིགས་ཀྱི་སྐད་ཡིག་འདི་མི་རིགས་ཀྱི་སྲོག་རྩ་ཡིན་པས་ང་ཚོས་འཛེམ་དོགས་མེད་པར་གང་ནུས་ཀྱིས་དར་སྤེལ་གཏོང་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཏུ་མཐོང་སོང་།

༢ ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།

ལན། ད་ལྟའི་ཆར་བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་རིག་གི་གནས་སྟངས་དེ་ཆེས་འཇིག་ལ་ཉེ་བ་དང་ད་ལྟའི་བོད་ཀྱི་རྩོམ་རིག་ཕལ་ཆེར་སྲེ་ལྷད་ཅན་དུ་མཐོང་། དེར་བརྟེན་ང་ཚོ་གཞོན་སྐྱེས་ཚོས་རང་མི་རིགས་ཀྱི་རྩོམ་རིག་འདི་ལ་དགའ་མོས་བྱས་ཏེ་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལྟར་ང་ཚོ་བོད་ཀྱི་རྩོམ་རིག་འཛམ་གླིང་ཀུན་ལ་ཁྱབ་ཐུབ་དགོས་པ་ཞིག་མཐོང་།

༣ རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན། རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ནི་འབྲིང་ཙམ་དང་སྐྱེས་པ་ཚོ་ལས་དམན་པ་ཚོར།

༤ གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན། གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་ས་ནི། གཞིས་བཞུགས་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ནི་ཡིག་སྐད་དང་མཐུན་པ། མི་རིགས་ཀྱི་ལ་རྒྱ་དང་འབྲེལ་བ་མང་ཞིང་། ཡིན་ནའང་རྒྱ་ཡིག་གི་རྩོམ་འབྲིའི་ཤན་ཕྲན་བུ་ཡོད་པ་དང་། བྱེས་ཀྱི་བུད་མེད་ཀྱི་རྩོམ་འབྲི་ཕལ་ཆེར་རྨང་གཞི་ཕལ་སྐད་དང་མི་རིགས་ཀྱི་ལ་རྒྱར་འབྲེལ་བ་དེ་ཙམ་མེད་པ་དང་། དབྱིན་རྩོམ་ཁག་གི་ཤན་ཕྲན་བུ་ཡོད་པར་ཚོར།  

༥ བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་འཐོབ་བྱ་ཅི་ཞིག་རེད་དམ།

ལན། བོད་ཀྱི་རྩོམ་རིག་ལས་ང་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ནི། མི་རིགས་དང་རིག་གཞུང་ལ་དུངས་པ་དང་ནང་ཆོས་ལ་གོ་རྟོགས་བཅས་ཡིན།

༦ རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། གུས་མོའི་མིང་ལ་བསྟན་འཛིན་དབྱངས་ཅན་ཟེར་ཞིང་།
སྤྱི་ལོ་ ༢༠༠༧ ལོར་བོད་ནས་རྒྱ་གར་དུ་འབྱོར་བ་དང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭར་འཛུལ་བཞུགས་བྱས། དེར་འཛིན་རིམ་དང་པོ་ནས་བཅུ་པའི་བར་རིམ་གྱིས་སློབ་སྦྱོང་མཐར་ཕྱིན་རྗེས། འཛིན་རིམ་བཅུ་གཅིག་བཅུ་གཉིས་རྒྱ་གར་བྱང་ཕྱོགས་གོ་པལ་པུར་བོད་ཁྱིམ་སློབ་གྲྭར་སོང་སྟེ་སློབ་སྦྱོང་ལེགས་པར་ཐོན། སློབ་གྲྭ་དེར་སྡོད་རིང་ཞོར་དུ་སློབ་གྲྭའི་རྒྱ་ཡིག་གི་རྩོམ་རིག་སྡེ་ཚན་དུ་རྩོམ་སྒྲིག་པའི་འགན་འཁུར་དང་གཞན་ཕན་རུ་ཁག་གི་ཚོགས་མིའི་འགན་བཅས་སྤྱི་ཚོགས་ལ་ཞབས་ཞུ་མི་དམན་པ་ཞིག་བསྒྲུབས་ཡོད། དེ་ནས་ལྷོ་ཕྱོགས་མེ་སོར་ J.S.S མཐོ་སློབ་དུ་འཛུལ་བཞུགས་ཐོག་ད་ལྟ་མཐོ་སློབ་དེར་སྨན་ཞབས་པའི་སློབ་སྦྱོང་བྱེད་མུས་བཞིན་ཞོར་དུ་འདི་ག་རིན་མེད་དང་བླངས་ཀྱིས་ནད་པར་བལྟ་སྐྱོང་ཚོགས་པའི་ཚོགས་གཞོན་གྱི་འགན་ཁུར་དང་བོད་པའི་རྒན་ཁོག་ལ་ཞབས་ཞུ་ཚོགས་པའི་ཚོགས་མིའི་ལས་འགན་ཁུར་བཞིན་མཆིས།

ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༩ཉིན།