MonJulMon2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

ཐ་སྙད་ཁ་ཤས་རེ་བོད་སྐད་ཅིག་ཨེ་ཡིན་ནམ་བསམ་གྱི་འདུག

པདྨ་མཚོ།

ང་ཚོས་བརྩམ་བྱའི་གྲངས་འབོར་གཙོ་བོར་མ་བཟུང་བ་སྤུས་ཚད་གཙོ་བོར་བཟུང་སྟེ་ཉེ་རབས་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། དཔེར་ན། ཆོས་མན་ངག་གི་གསུང་འབུམ་མང་པོ་རྩོམ་མཁན་དང་། རྩིས་དང་སྨན་གྱི་གཞུང་ལུགས་རྩོམ་པ་པོ་གང་འཚམས་བྱུང་ཡོད་པ་རེད་ལ། ད་ལྟའི་དུས་སུའང་ནང་ཆོས་ཀྱི་གཞུང་ལུགས་དང་ཆབ་སྲིད་དཔྱད་བརྗོད། ལོ་རྒྱུས་ཉམས་ཞིབ། གསར་འགྱུར་དཔྱད་ཞིབ།  ད་དུང་སྙན་ངག་སོགས་སྒྱུ་རྩལ་རྩོམ་རིག་གི་སྐོར་ནས་བུད་མེད་རྩོམ་པ་པོ་མང་པོ་ཞིག་ཡོང་གི་ཡོད་པ་མཐོང་གསལ་རེད།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་དང་ཀློག་པ་པོ་རྣམས་སུ་བོད་མོ་རྩོམ་པ་པོའི་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་པདྨ་མཚོ་ཡིས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡། ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན། ད་ལྟ་བར་དུ་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲ་ཞིག་ལ་ཐུག་པ་དམིགས་བསལ་གྱིས་དྲན་གྱི་མི་འདུག ཡིན་ནའང་། ངས་ད་ལྟ་བར་དུ་གཅིག་བྲིས་བསྡད་པ་དེ་ཚོར་ཕྱིར་འདང་ཞིག་བརྒྱབ་ན། སློབ་ཆུང་ལོ་རིམ་གསུམ་པ་ཙམ་ནས་བཟུང་རང་གི་དགའ་སྐྱོ་ཆགས་སྡང་གི་སེམས་འགྱུ་མང་པོ་ཞིག་བྲིས་པ་དང་། རང་གིས་བྲིས་བཞག་པའི་རྩོམ་ཡིག་ཁག་ཅིག་ལ་ཕ་མ་དང་དགེ་རྒན་སོགས་ནས་བསྟོད་བསྔགས་ཐོབ་ཅིང་། རང་ཉིད་ཀྱང་དགའ་མགུ་བྱུང་བ་དེས་ང་ནམ་ཡང་རྩོམ་ཡིག་འབྲི་ཀློག་དང་ཁ་འབྲལ་ཐབས་མེད་པ་ཞིག་ཆགས་སོང་།
ཡིན་ནའང་། ངས་ང་རང་ཀློག་པ་པོ་ཞིག་མ་གཏོགས་རྩོམ་པ་པོ་ཞིག་ཏུ་ནམ་ཡང་ངོས་འཛིན་བྱེད་ཀྱི་མེད། ང་ཆུང་དུས་སེམས་ཀྱི་དུང་བ་གཙོར་བཟུང་གིས་ཕ་མ་དང་དགེ་རྒན། སྤུན་མཆེད། ད་དུང་ང་རང་རྒྱུན་དུ་བཞོ་རྒྱུར་དགའ་བའི་འབྲི་མོ་གཡུང་མ་མ་དང་། རྫ་ལུང་གང་སར་ཕྱུག་རྫིར་འགྲོ་དུས་བཞོན་པའི་གཡག་རྒན་ཀ་ཐོ་སོགས་ལ་བསྟོད་པའི་རྩོམ་ཐུང་ཧ་ཅང་མང་པོ་བྲིས་མྱོང་ལ། དེ་བཞིན་དབྱར་གྱི་མེ་ཏོག་དང་རྩྭ་ཐང་། དགུན་གྱི་ཁ་བའི་འདབ་མ་བརྩེགས་པའི་མཛེས་ལྗོངས་སོགས་མང་པོ་བྲིས་མྱོང་། ཡིན་ནའང་། བཙན་བྱོལ་དུ་བསླེབས་རྗེས་དེ་དག་ཚང་མ་དྲན་པའི་ཡུལ་ཙམ་དུ་གྱུར་ཅིང་། མག་མོག་གི་སེམས་ཚོར་མང་པོ་ཞིག་བྱུང་རྗེས་དེ་དག་འབྲི་བར་རྒྱང་ཐག་རིང་པོ་ཞིག་ཆགས་སོང་། ལྷག་པར་དུ་བྲེལ་ཟིང་ཆེ་བའི་གསར་འགྱུར་གྱི་ལས་རིགས་གཉེར་ཏེ་ལོ་ངོ་ ༧ ཙམ་ཕྱིན་པའི་ནང་རང་གི་སེམས་ཚོར་འབྲི་བའི་གོ་སྐབས་དེ་ཧ་ཅང་དཀོན་པོར་གྱུར་ཅིང་། སྤྱི་ཚོགས་ཀྱི་གནད་དོན་ཆེ་ཆུང་མང་པོའི་ངོ་གདོང་ཞིབ་ཀྱིས་མཐོང་ཡོང་དུས། རིམ་གྱིས་རང་གི་སེམས་གཤིས་སྙི་མོ་འདིའང་ཡང་ཡང་ཆུ་ལ་སྦངས་ཏེ་སྐམ་དུ་བཅུག་པའི་ཀོ་བ་ལྟར་ཆགས་འགྲོ་ཡི་འདུག་པས། རང་གི་སེམས་ཚོར་གྱི་རྗེས་སུ་བསྙེག་རྒྱུར་རང་བཞིན་གྱིས་ཉོབ་སྣང་ཞིག་སླེབས་ཏེ་ག་དུས་ཡིན་ནའང་གཞན་ཞིག་གི་ཚབ་ཏུའམ་སྤྱི་ཚོགས་ཤིག་གི་ངོ་གདོང་གི་ཡུལ་ལུགས་འབྲི་ཐབས་དགོས་པ་ལྟ་བུ་ཆགས་འདུག གང་ལྟར་ང་ཨ་མ་ཁེར་རྐྱང་ཞིག་གིས་ཁྱིམ་ཚང་གི་འོས་འགན་དང་། རྙོག་ཟིང་ཆེ་བའི་གསར་འགྱུར་གྱི་ལས་ཀའི་བར་ནས་བློས་གཏོང་དང་གདོང་ལེན། བཟོད་སྒོམ་དང་སྡུག་རུས་ཆེན་པོས་བྲིས་བསྡད་པའི་གསར་འགྱུར་རྩོམ་ཡིག་དག་གིས། ཁུ་སིམ་སིམ་གྱིས་རང་གི་སེམས་ཚོར་བྲིས་པ་ལས་ཀྱང་ཕན་ཐོགས་ཆེན་པོ་བྱུང་སོང་དྲན་གྱི་འདུག

༢། ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།

ལན། ད་ལྟའི་དུས་འདིར་བོད་ཀྱི་རྩོམ་རིག་འདི་སྣ་འཛོམས་རང་བཞིན་དང་མདུན་ལྗོངས་ཡངས་པོ་ཞིག་ཏུ་གོམ་པ་རྒྱག་བཞིན་ཡོད་པའི་མཐོང་སྣང་ཡོང་བཞིན་འདུག་པ་དང་ཆབས་ཅིག ཡང་རྩོམ་ཡིག་རེ་རེའི་ངོ་གདོང་ལ་བལྟས་ནས་བསམ་བློ་ཞིབ་ཏུ་བཏང་དུས་ཧ་ཅང་སེམས་ཕམ་ཞིག་ཀྱང་ཡོང་གི་འདུག ང་ལ་མཚོན་ན་བོད་ཀྱི་རྩོམ་རིག་ཟེར་དུས་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ཡིན་ནའང་རྨང་གཞིའམ་ཡང་ན། དཔེར་ལྟ་ས་འདྲ་གཙོ་བོ་དེ་བོད་ཀྱི་དམངས་ཁྲོད་ཀྱི་ལ་གཞས་དང་ཁ་ཤག གཏམ་དཔེ། མགུར་མོ། དེ་དག་གི་སྙིང་བཅུད་ལྟ་བུའི་གླིང་སྒྲུང་དང་། དམ་པའི་ལེགས་བཤད་སོགས་ཡིན། འདི་ཚོའི་ལུས་ཀྱི་བ་སྤུ་གཡོ་བར་བྱེད་པའི་སྙན་ཚིག་གི་འགྱུར་ཁུགས་དང་། དལ་ཞིང་ལྷོད་ཀྱིས་བཞུར་ཡོང་པའི་སྐད་ཆའི་འགྱུར་འགྲོས། ཟབ་ཅིང་རྒྱ་ཆེ་བའི་བརྗོད་གཞིའི་གནད་དོན་འབྱིན་སྟངས། འཛད་མཐའ་མེད་པའི་བོད་རང་གི་ཐ་སྙད་རྨ་མེད་པ་མང་པོ་ཞིག་གིས་ཡིད་དབང་འཕྲོག་འགྲོ་གི་ཡོད། མདོར་ན་དེ་དག་གི་ཁྱད་ཆོས་གཙོ་བོ་ཞིག་ནི་ཚིག་གི་མཛེས་པ་ཙམ་མིན་པར་དོན་གྱི་ཟབ་ས་ཞིག་ཏུ་འཁྲིད་འགྲོ་བ་དེ་རེད།
ཡིན་ནའང་། དེང་སང་གི་དཔེར་ན་སྙན་རྩོམ་ཡིན་ཟེར་བའི་རྩོམ་ཡིག་མང་པོ་ཞིག་མར་ཀློག་ཡོང་དུས། ཚིག་གི་ཕྲེང་བ་ཞིག་སྤེལ་བའི་ཆེད་དུ་བྲིས་པ་མ་གཏོགས་བརྗོད་པ་ཞིག་གི་སྙན་པའི་འགྲོས་དང་། སེམས་པའི་འགྱུར་བག་དངོས་མཚོན་པའི་སླད་དུ་བྲིས་པ་ཨེ་ཡིན་ནམ་བསམ་ནས་ཐེ་ཚོམ་སྐྱེ་ཡི་འདུག་ལ། ཡང་རྟ་རྒོད་ཀྱི་ཁ་ཤོར་བ་ལྟར་རྩོམ་པ་པོས་དོན་གྱི་གནད་ཕྱུང་མ་ཐུབ་པར་ཚིག་རིས་ཀྱི་ངོ་སོའི་འོག་རྩོམ་ཡིག་གི་དབང་ཐང་ཤོར་སོང་བའང་མང་པོ་མཐོང་གི་འདུག
ཐ་སྙད་སྤྱོད་སྟངས་ཀྱི་ཆ་ནས་ཡིན་ནའང་བྱིས་པ་ཆུང་ཆུང་ཞིག་ལ་ཁ་བརྡ་བྱེད་ཀྱི་ཡོད་པ་ལྟ་བུ་དང་། རྒྱུན་དུ་སྤྱོད་བཞིན་པའི་ཐ་སྙད་ཁ་ཤས་རེ་བོད་སྐད་ཅིག་ཨེ་ཡིན་ནམ་བསམ་པ་ཡོང་གི་འདུག གལ་ཏེ་འབྲི་མཁན་ཁོ་རང་ལ་ཐ་སྙད་འདི་དག་བོད་སྐད་ཅིག་རེད་དམ། འདིའི་ནང་དོན་ཅི་ཞིག་རེད་ཅེས་དྲིས་ན། ལན་དུ། གང་ཤེས་དེང་སང་མང་པོ་ཞིག་གིས་འདི་འདྲ་ཞིག་འབྲི་ཡི་འདུག་ག་ཟེར་བ་ལྟ་བུའི་ལན་ཞིག་རྒྱག་ཨེ་ཡོང་བསམས་ནས་ཞེད་སྣང་འདྲ་ཞིག་ཀྱང་ཡོང་གི་འདུག གཅིག་བྱས་ན་ངས་ལྟ་ཚུལ་ནོར་ཡོད་སྲིད་པ་རེད།

༣། རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན། ངས་བལྟས་ན། ད་ལྟའི་བོད་ཀྱི་སྤྱི་ཚོགས་ནང་བོད་ཡིག་གཙོ་བོར་གྱུར་བའི་རྒྱ་ཡིག་དང་དབྱིན་ཡིག་སོགས་ཀྱི་ཐོག་ནས་བུད་མེད་རྩོམ་པ་པོ་གང་འཚམ་ཞིག་འབྱུང་བཞིན་ཡོད་པ་རེད་ལ། ང་ཚོས་བརྩམ་བྱའི་གྲངས་འབོར་གཙོ་བོར་མ་བཟུང་བ་སྤུས་ཚད་གཙོ་བོར་བཟུང་སྟེ་ཉེ་རབས་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། དཔེར་ན། ཆོས་མན་ངག་གི་གསུང་འབུམ་མང་པོ་རྩོམ་མཁན་དང་། རྩིས་དང་སྨན་གྱི་གཞུང་ལུགས་རྩོམ་པ་པོ་གང་འཚམས་བྱུང་ཡོད་པ་རེད་ལ། ད་ལྟའི་དུས་སུའང་ནང་ཆོས་ཀྱི་གཞུང་ལུགས་དང་ཆབ་སྲིད་དཔྱད་བརྗོད། ལོ་རྒྱུས་ཉམས་ཞིབ། གསར་འགྱུར་དཔྱད་ཞིབ།  ད་དུང་སྙན་ངག་སོགས་སྒྱུ་རྩལ་རྩོམ་རིག་གི་སྐོར་ནས་བུད་མེད་རྩོམ་པ་པོ་མང་པོ་ཞིག་ཡོང་གི་ཡོད་པ་མཐོང་གསལ་རེད་ལ། ད་ལྟའི་བོད་ཀྱི་བུད་མེད་རྩོམ་པ་པོ་ཚོས་སྔར་དང་མི་འདྲ་བར་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལ་གདོང་གཏད་དེ་སྐད་ཡིག་འདྲ་མིན་ནང་རྩོམ་ཡིག་འབྲི་བཞིན་ཡོད་པ་དེས་བོད་ཙམ་མ་ཟད། རྒྱལ་སྤྱིའི་སྒང་ལའང་གྲགས་འགུལ་དང་ཤུགས་རྐྱེན་མི་ཉུང་བ་ཐེབས་ཀྱི་ཡོད་པ་ཉེ་བའི་ལོ་ཁ་ཤས་ནང་ཕྱིར་མིག་ཅིག་བལྟས་པ་ཡིན་ནའང་མཛུབ་རྩེར་བགྲང་རྒྱུ་ཡོད་པ་རེད།

༤། གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན། རྩོམ་འབྲིའི་རྨང་གཞི་ལ་ཁྱད་པར་ཟེར་ན་འདྲ་གང་ལྟར་ཧ་ཅང་མ་འདྲ་བ་མང་པོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན་གཙོ་བོ་གཞིས་བྱེས་གཉིས་ཀྱི་རིག་གནས་ཀྱི་ཁོར་ཡུག་ལ་ཁྱད་པར་ཆེན་པོ་ཡོད་པ་འདི་རེད་ལ། སྐབས་བབ་ཀྱི་ཡུལ་གོམས་གཤིས་ལུགས། དེ་དག་དང་འབྲེལ་བའི་ཚོར་བ་བཅས་མི་འདྲ་བ་མང་པོ་ཞིག་ཡོད་པར་བརྟེན། མི་སོ་སོའི་བསམ་བློའི་སྙིང་ཁུ་དང་རྣམ་དཔྱོད་ཀྱི་རྩལ་འདོན་སྟངས་མི་འདྲ་བ་མང་པོ་འབྱུང་བཞིན་ཡོད་པ་རེད། མ་ཚད་རྩོམ་ཡིག་གི་བརྗོད་གཞི་གདམས་སྟངས་དང་། སྒྱུ་རྩལ་གྱི་རྣམ་པ་ཕྱུང་སྟངས་སོགས་མི་འདྲ་བ་ཆེན་པོ་ཞིག་ཡོང་གི་ཡོད་པ་རེད། དཔེར་ན། བཙན་བྱོལ་ནང་གི་བུད་མེད་རྩོམ་པ་པོ་མང་པོ་ཞིག་གིས་བོད་ཅེས་པ་མིག་གིས་མཐོང་མྱོང་མེད་ཀྱང་། བོད་དབྱིན་གྱི་སྐད་ཡིག་ནང་བོད་ཀྱི་འཚོ་བའི་གནས་སྟངས་དང་ཁོར་ཡུག ཆབ་སྲིད་གནས་སྟངས་སོགས་མང་པོ་འབྲི་བཞིན་ཡོད་པ་རེད། ཡིན་ནའང་། གོ་ཐོས་ཙམ་དང་འཆར་སྣང་ཞིག་གིས་བཞེངས་སྐྲུན་བྱེད་ཀྱིན་ཡོད་དུས། མཚོན་བྱའི་འཚོ་བ་དངོས་དང་ཁ་ཐག་རིང་ཞིང་ཚོར་ཤུགས་ཀྱི་མདངས་མངོན་ཁག་པོ་འདུག དེ་ལས་བོད་ནང་དུ་ཡོད་མཁན་ཞིག་གིས་གོང་གི་བརྗོད་བྱ་རྣམས་བྲིས་ན་ཡིད་ལ་འཇུག་པོ་དང་། དོན་ལ་འབབ་པོ། འཚོ་བ་དངོས་མཚོན་ཐུབ་པའི་ཁྱད་ཆོས་མང་པོ་ཞིག་འདུག
དེ་བཞིན་གཞིས་ཀྱི་རྩོམ་པ་པོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འཚོ་བ་དང་ཆབ་སྲིད་ཁོར་ཡུག བསམ་བློའི་ཁ་ཕྱོགས་སོགས་བྲིས་པ་རྣམས་ལའང་དེ་དེ་བཞིན་གྱི་སྐྱོན་ཞིག་མཐོང་གི་འདུག གང་ལྟར་རང་རང་སོ་སོའི་ཁོར་ཡུག་དང་དེ་ལ་བརྟེན་པའི་ཚོར་བའི་རླབས་རིས་མི་འདྲ་བ་རེ་ཡོང་བཞིན་ཡོད་པ་ལྟར་རྩོམ་ཡིག་གི་སྤུས་ཀ་དང་། གསོན་ཉམས་དོད་སྟངས་སོགས་ལའང་ཁྱད་པར་མང་པོ་མཐོང་གི་འདུག

༥། བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།

ལན། ཆུང་བྱིས་པའི་དུས་ནས་བོད་ཀྱི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་གྱིས་ང་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་གྲངས་མེད་པ་ཞིག་བསྐྲུན་མྱོང་བ་མ་ཟད། སེམས་ལ་འཆར་སྣང་མང་པོའི་ས་བོན་བཏབས་ཏེ་རེ་སྙེག་གི་སེམས་ཤུགས་སྤྲད་ཡོད་པ་དང་། འཚོལ་དཔྱོད་ཅིག་གི་ལམ་དུ་བརྫངས་བ་ནི་ང་ལ་ཆེས་གལ་ཆེ་ཞིང་རིན་ཐང་ལྡན་པའི་ཐོབ་བྱ་དེ་ཡིན་བསམ་གྱི་འདུག

༦། རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། ང་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཁོངས་ཀྱི་རྨེ་བའི་འབྲོག་སྡེ་ཞིག་ཏུ་སྐྱེས་པ་དང་། རང་ལོ་ ༨ ཙམ་ནས་སྡེ་བའི་སློབ་ཆུང་དུ་ཞུགས་ཐུབ་པ་བྱུང་། དེ་ནས་རིམ་བཞིན་བར་ཆད་མང་པོ་ཞིག་ལ་གདོང་ལེན་གྱིས་ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་དང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཅས་ནས་སློབ་མཐར་ཕྱིན་པ་དང་། ༢༠༠༥ ལོའི་ཕྱི་ཟླ་ ༡༢ པའི་ནང་རྒྱ་གར་ནང་བཙན་བྱོལ་དུ་ཡོང་སྟེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་གཅིག་མ་ཟིན་ཙམ་བསྡད་པ་ཡིན། དེ་ནས་དགེ་རྒན་གྱི་ལས་ཀ་སོགས་བྱས་ནས་གང་འཚམས་བསྡད་རྗེས་གསར་འགོད་ལས་རིགས་འདིར་ཞུགས་པ་ཡིན། ད་ལྟ་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་དང་རྩོམ་སྒྲིག་ལས་རོགས་ཀྱི་འགན་འཁུར་མུས་ཡིན།

ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༣༡ ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།