ThuNovThu2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

རྩོམ་པ་པོ་འགའ་ཞིག་གི་བྱ་སྤྱོད་ལས་བྱུང་བ་ཞིག་མིན་པ་ཤེས་དགོས།

སྒྲོལ་མ་ཆོས་སྐྱིད།

བོད་ཀྱི་རྩོམ་རིག་གིས་དུས་རབས་རེ་རེའི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་། རིག་གནས་ཀྱི་འཕེལ་རིམ། སྤྱི་ཚོགས་ཀྱི་གནས་བབ་བཅས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གཤིས་སྤྱོད་དང་བསམ་བློའི་ཁྱད་པར་ཤེས་རྟོགས་བྱེད་པ་ལ་མེད་དུ་མི་རུང་པའི་རིག་གནས་ཤིག་ཡིན་སྟབས། རྩོམ་རིག་ལས་ཐོབ་པའི་ཤེས་བྱ་ནི་ཚིག་གི་མཛེས་པ་དང་སྒྱུ་རྩལ་གྱི་མཚོན་ཐབས། བསམ་པའི་འཆར་སྣང་རྐྱང་པ་ཞིག་མིན་པར་མི་རིགས་རང་གི་རིག་གནས་ཀྱི་ཁྱད་ཆོས་དང་འཚོ་བ་སོགས་མཐའ་ཡས་པའི་ཐོབ་བྱ་སྣ་མང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

འདི་ག་ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གིས་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་འབྲི་བ་དང་ཀློག་པ་པོ་རྣམས་སུ་བོད་མོ་རྩོམ་པ་པོའི་སྐོར་ལ་བཅར་འདྲི་ཞུ་བཞིན་པ་ལས་སྒྲོལ་མ་ཆོས་སྐྱིད་ཀྱིས་དྲིས་ལན་གནང་བ་གཤམ་གསལ་ཏུ་གཟིགས་པར་གྱིས།

༡། ཁྱོད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ད་ལྟའི་བར། རང་ཉིད་ཀྱི་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ཡ་མཚན་པ་དེ་འདྲར་འཕྲད་མྱོང་ངམ།

ལན།  ཐོག་མར་དགོངས་སེལ་ཞུ་བ་དང་སྤྲགས་དྲི་བ་འདི་ལ་ངས་ལན་འདེབས་གསལ་བོ་ཞིག་བྱེད་ཁག་པོ་འདུག  རྒྱུ་མཚན་ནི་རང་ཉིད་ཀྱི་དགའ་ཕྱོགས་སམ་ཆེད་ལས་གཙོ་བོ་རྩོམ་རིག་མིན་སྟབས་གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་སྐོར་ལ་གང་ཡང་བཤད་རྒྱུ་མི་འདུག ཡིན་ན་ཡང་རང་ཉིད་ཀྱི་བསམ་ཚུལ་དང་འཆར་སྣང་ཐར་ཐོར་རེ་རྒྱུན་དུ་དུས་ཚོད་ཀྱི་ཁོམ་ལོང་དང་བསྟུན་ཏེ་འབྲི་བཞིན་ཡོད་མོད། དེ་དག་ནི་གསར་རྩོམ་བྱས་པའི་རྩོམ་རིག་གི་ཁྱབ་ཁོངས་སུ་སྒྱུ་རྩལ་དང་མཚོན་ཐབས་སོགས་ཕྱོགས་གང་ཐད་ནས་འདུ་ཐུབ་མིན་ང་ལ་གདེང་ཚོད་མེད། དེར་བརྟེན་གཞན་གྱི་བརྩམས་ཆོས་ལ་ལྟ་ཀློག་དང་མྱོང་རོལ་མཁན་ཞིག་ལས་རྩོམ་འབྲིའི་ལམ་ཁར་མུ་མཐུད་དེ་མདུན་བསྐྱོད་དང་ལམ་བུ་དེར་མྱོང་གོམས་ཟབ་པའི་རྒྱུས་མངའ་སོགས་མེད་པས། གསར་རྩོམ་དང་འབྲེལ་བའི་དངོས་བྱུང་སྣང་ཚུལ་ནི་རྩོམ་པ་པོ་ཞིག་གི་འཚོལ་བསྙེགས་དང་སྒྱུ་རྩལ་གྱིས་བཞེངས་བསྐྲུན་བྱས་པའི་བརྩམས་ཆོས་ལ་བལྟས་ཏེ་བཤད་དགོས་སྟབས་གུས་མོར་དེའི་ཕྱོགས་ཀྱི་བསམ་ཚུལ་གང་ཡང་བཤད་རྒྱུ་མེད།

༢། ཁྱོད་ཀྱིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་ལྟ་སྟངས་ཅི་འདྲ་བཟུང་ཡོད།

ལན། གོང་དུ་བཤད་པ་ལྟར་གུས་མོ་རྩོམ་འབྲི་མཁན་ཞིག་མིན་སྟབས་འདྲི་གཞི་འགའ་རེར་ལན་ཁ་གསལ་དང་གནད་ལ་ཕིགས་པ་དེ་འདྲ་ཡོང་ཐུབ་མེད་སྙམ། འོན་ཀྱང་བོད་ཀྱི་རྩོམ་རིག་ལ་ལྟ་ཀློག་དང་མྱོང་རོལ་བྱེད་མཁན་ཞིག་ཡིན་པའི་ངོས་ནས་སྐད་ཆ་འགའ་ཤས་བཤད་ན།  གནད་དོན་གཙོ་བོ་གསུམ་གྱི་ཐད་ནས་ད་ལྟའི་བོད་ཀྱི་རྩོམ་རིག་གི་གནས་སྟངས་སྔར་ལས་ཡར་རྒྱས་གོང་འཕེལ་ཕྱིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་དང་པོ་སྔར་སྲོལ་རྒྱུན་འཛིན་གྱི་ཐད་ནས་ནུས་ཤུགས་འདོན་ཐུབ་ཀྱི་ཡོད་པ་དང་། རྒྱུ་མཚན་གཉིས་པ་བརྗོད་བྱ་རྗོད་བྱེད་སོགས་སྒྱུ་རྩལ་མཚོན་ཐབས་ཀྱི་ཆ་ནས་གསར་བཏོད་དང་དུས་རབས་ཀྱི་དམིགས་སྒོར་གྱུར་བའི་ཁྱད་ཆོས་ཡོད་པ།  རྒྱུ་མཚན་གསུམ་པ་གནའ་དེང་ཟུང་འབྲེལ་གྱི་སྒྱུ་རྩལ་མཚོན་ཐབས་སྤྱད་དེ་རྣམ་པ་གསར་བའི་རྩོམ་རིག་གི་འཇུག་སྒོ་ཇེ་ཡངས་སུ་བཏང་བ་བཅས་ནི་དུས་རབས་འདིའི་ཁྲོད་དུ་བྱུང་བའི་བོད་ཀྱི་རྩོམ་རིག་གི་ཡར་ཐོན་རང་བཞིན་གྱི་གོམ་སྟབས་གསར་བ་ཞིག་ཏུ་ངོས་འཛིན་བྱས་ཀྱང་མ་འགྲིག་པ་མེད་སྙམ། དེར་བརྟེན་བོད་ཀྱི་རྩོམ་རིག་གི་འཕྲིན་ལས་ནི་ཡར་ངོས་ཟླ་ལྟར་གོང་འཕེལ་ཡོང་གི་ཡོད་པ་ནི་ཕྱོགས་མང་པོ་ཞིག་ནས་ལྟ་སྐབས་ངོས་འཛིན་ཐུབ་པ་ཞིག་རེད། འདི་ནི་དུས་རབས་འདིའི་ནང་གི་བོད་ཀྱི་རྩོམ་རིག་གི་བཟང་ཕྱོགས་ཀྱི་འགྱུར་ལྡོག་དང་རྣམ་པ་གསར་བ་ཞིག་ཆགས་ཡོད། འོན་ཀྱང་དུས་རབས་ཀྱི་འཕོ་འགྱུར་དང་མིའི་རིགས་ཀྱི་བསམ་བློའི་འགྱུར་ལྡོག

རིག་གནས་ཕན་ཚུན་བར་གྱི་ཤུགས་རྐྱེན་སོགས་འཁྲུག་ཆ་དོད་ལ་འགྱུར་ལྡོག་གི་རྣམ་གྲངས་མང་བའི་དུས་རབས་འདིར་བོད་རང་གི་ཁྱད་ཆོས་དང་རྣམ་པ་མངོན་གསལ་ལྡན་པའི་རྩོམ་རིག་གི་ཁོར་ཡུག་ཅིག་བསྐྲུན་རྒྱུ་གལ་ཆེན་ཡིན་པར་མ་ཟད།  བོད་ཀྱི་རྩོམ་འབྲི་མཁན་ཚོའི་རྩོམ་རིག་ལ་མི་རིགས་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་ཚེ་ད་གཟོད་མི་རིགས་དེའི་ཚབ་མཚོན་རང་བཞིན་གྱི་རྩོམ་པ་པོ་དང་བརྩམས་ཆོས་ཤིག་ཆགས་ཐུབ་པས་གནད་དོན་འདིའི་ཐད་དེང་གི་བོད་ཀྱི་རྩོམ་འབྲི་མཁན་རྣམས་པས་དོ་སྣང་ཆེན་པོ་བྱེད་དགོས་སྙམ།  འདི་ནི་རྒྱལ་ཞེན་རིང་ལུགས་པ་དང་སྲིད་དོན་རིང་ལུགས་པ། རིག་ཞེན་རིང་ལུགས་པའི་བསམ་བློ་ཞིག་མིན་ལ། བོད་ཀྱི་རྩོམ་རིག་ཅེས་བརྗོད་སྐབས་སྒྱུ་རྩལ་སོགས་ཕྱོགས་གང་ཐད་ནས་བོད་མི་རིགས་ཀྱི་ཁྱད་ཆོས་དང་རྣམ་པ་མངོན་གསལ་ལྡན་པའི་རྩོམ་རིག་ཅིག་ཡིན་དགོས་པ་ལས་བོད་ཀྱི་རྩོམ་རིག་ཅེས་པའི་མིང་བྱང་དེའི་ཁྱབ་ཁོངས་སུ་འདུ་མི་ཐུབ། དེ་བཞིན་དུ་དབྱིན་ཇིའི་རྩོམ་རིག་ཡང་དེ་བཞིན་ཡིན་པར་འདོད། འདི་ནི་གུས་མོ་རང་གི་ལྟ་ཕྱོགས་ཙམ་ཡིན་པས་ཀྱང་ནོར་ཀྱང་ཡོད་སྲིད། གང་ལྟར་རང་ཉིད་ཀྱི་ལྟ་སྟངས་འདི་འདྲ་ཞིག་གི་སྒང་ནས་བོད་མི་རིགས་ཀྱི་རྩོམ་རིག་ལ་ལྟ་བཞིན་ཡོད།

༣། རང་སྐད་དང་གཞན་སྐད་ཐུན་མོང་གི་ངོས་ནས་བལྟས་ན། བོད་ཀྱི་བུད་མེད་ཀྱི་རྩོམ་འབྲིའི་སྤུས་ཚད་ཇི་འདྲ་ཞིག་ཏུ་མཐོང་གི་ཡོད།

ལན། བོད་གཞིས་བྱེས་གཉིས་སུ་བོད་ཀྱི་བུད་མེད་རྩོམ་འབྲི་མཁན་མང་ཆེ་བའི་རྩོམ་འབྲི་བྱེད་ས་ནི་བོད་རང་གི་སྐད་ཡིག་ཐོག་སྤེལ་གྱི་ཡོད་ལ། དེ་དག་གི་ཁྲོད་དུ་སྤུས་ཚད་ལྡན་པའི་བུད་མེད་རྩོམ་འབྲི་མཁན་ནི་མི་རིགས་ཤིག་ལ་ཆ་མཚོན་ནས་བཤད་ན་བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་བལྟས་ཀྱང་ཧ་ཅང་གི་ཉུང་ཉུང་ཞིག་ཏུ་མཐོང་སོང་ལ།  དེ་བས་ཀྱང་གཞན་སྐད་ཐོག་བོད་ཀྱི་བུད་མེད་རྩོམ་འབྲི་མཁན་གཞིས་བྱེས་གཉིས་སུ་ཧ་ཅང་གི་དཀོན་པོ་མཐོང་བར་མ་ཟད་སྤུས་ཚད་དེ་བས་ཀྱང་བཤད་ཁག་པོ་ཆགས་འདུག རེ་འགའ་ཡོད་མོད་དེ་འདྲ་ཡོངས་གྲགས་ཅན་ལྟ་བུ་ད་དུང་ཐོན་ཐུབ་ཀྱི་མེད་པ་འདྲ། གཅིག་བྱས་ན་རང་ཉིད་ལ་མཐོང་རྒྱ་ཆུང་དྲགས་པས་ཡོད་ཀྱང་མ་ཐོས་པ་ཡིན་སྲིད།

ངས་སྐད་ཆ་འདི་ལྟར་བཤད་སྐབས་འགའ་རེས་འོད་ཟེར་སོགས་དཔེ་མཚོན་རེ་གཉིས་བགྲངས་སྲིད་མོད་དེ་དག་ནི་སྤྱིར་བཏང་གི་རྩོམ་འབྲི་བ་ཞིག་ལས་རྩོམ་རིག་གི་ཁྱབ་ཁོངས་སུ་བླངས་ཏེ་ལྟ་སྐབས་ཚད་གཞི་གང་ཞིག་ཏུ་སླེབས་མིན་ད་དུང་ཕྱོགས་མང་པོ་ནས་ལྟ་རྒྱུ་འདུག་སྙམ།  རྩོམ་རིག་གི་སྤུས་ཚད་ལ་བལྟས་པའི་སྐབས་སུ་ཕྱོགས་གཅིག་དང་ཟུར་ངོས་གཅིག་རང་མིན་པར་ཕྱོགས་མང་པོ་དང་ཆ་ཤས་མ་འདྲ་བ་རེ་རེ་ནས་ནང་དོན་དང་སྒྱུ་རྩལ་གྱི་མཚོན་ཐབས། དུས་རབས་ཀྱི་དགོས་མཁོ་དང་མི་རིགས་ཀྱི་ཁྱད་ཆོས་སོགས་ལྟ་སྟངས་འདྲ་མིན་ནས་ལྟ་དགོས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།  བོད་རང་གི་སྐད་ཡིག་ཐོག་རྩོམ་འབྲི་བྱེད་པའི་ཕྱི་ནང་གི་བུད་མེད་རྩོམ་པ་པོ་རྣམས་ཀྱི་རྩོམ་འབྲིའི་སྤུས་ཚད་ཐད་ཧེ་བག་ཆེན་པོ་ཤོར་ཡོད་པ་ཀུན་གྱི་མཐོང་གསལ་ལྟར་རེད། དེ་ནི་ཁོར་ཡུག་དང་སྤྱི་ཚོགས་སུ་འབྲེལ་བའི་རིག་གནས་ཀྱི་ཤུགས་རྐྱེན་སོགས་ཤུགས་རྐྱེན་མང་པོ་ཞིག་དང་འབྲེལ་ཏེ་ཕྱི་ནང་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་གྱི་རྩོམ་འབྲིའི་སྤུས་ཚད་ལ་བར་ཁྱད་ཆེན་པོ་ཞིག་བྱུང་ཡོད།  ད་དུང་གུས་མོས་སྤྱི་ལྡོག་གི་སྐད་ཆ་ཞིག་བཤད་ན་འདི་ནི་བོད་ནང་གི་བུད་མེད་རྩོམ་པ་པོ་རྣམས་ཀྱིས་འཇོན་བཞག་པ་ཞིག་དང་ཕྱི་སྡོད་བུད་མེད་རྩོམ་པ་པོ་རྣམས་ཀྱིས་འཐུས་ཤོར་བཏང་བཞག་པ་ཞིག་མིན་པར་གོང་དུ་བཤད་པ་ལྟར། སྤྱི་ཚོགས་དང་རིག་གནས་ལ་སོགས་པའི་ཤུགས་རྐྱེན་མང་པོ་ཞིག་གི་བརྒྱུད་རིམ་ལས་བྱུང་བའི་ཡར་རྒྱས་དང་ཉམས་རྒུད་ཟེར་ན་འདྲ་གང་ལྟར་གནས་སྟངས་དེ་འདྲ་ཞིག་ཏུ་གྱུར་པ་རེད། དེ་ནི་རྩོམ་པ་པོ་འགའ་ཞིག་གི་བྱ་སྤྱོད་ལས་བྱུང་བ་ཞིག་མིན་པ་ཤེས་དགོས།

༤། གཞིས་བྱེས་གཉིས་ཀྱི་བུད་མེད་རྩོམ་འབྲི་མཁན་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་ལ་མ་འདྲ་བ་ཅི་ཞིག་མཐོང་སོང་།

ལན།    ཕྱོགས་འགའ་ཤས་ནས་མ་འདྲ་བའི་ཁྱད་པར་འདུག་སྙམ། དེ་ཡང་གཞིས་བུད་མེད་རྩོམ་འབྲི་མཁན་ནི་སྤྱི་ཚོགས་དང་ཁོར་ཡུག་གི་ཤུགས་རྐྱེན་དབང་གིས་གྲངས་འབོར་གྱི་ཆ་ནས་ཇེ་མང་དུ་སོང་ཡོད་ལ་རྩོམ་རིག་ལ་དགའ་མོས་བྱེད་མཁན་གྱི་ཆ་ནས་ཀྱང་ཇེ་མང་དུ་སོང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།  འོན་ཀྱང་རྩོམ་ཡིག་གི་སྒྱུ་རྩལ་མཚོན་ཐབས་དང་བརྗོད་བྱ་རྗོད་བྱེད་ཀྱི་ཆ་ནས་ཚད་གཞི་འདི་འདྲ་ཞིག་རེད་ཅེས་བརྗོད་དཀའ་བར་འདུག་མོད།  བཙན་བྱོལ་སྤྱི་ཚོགས་ལ་ལྟོས་པའི་བུད་མེད་རྩོམ་པ་པོའི་གྲངས་ཚད་དང་རྩོམ་ཡིག་གི་སྒྱུ་རྩལ་མཚོན་ཐབས། རྩོམ་པ་པོའི་བསམ་བློའི་ཁ་ཕྱོགས་སོགས་ཁྱོན་ཡོངས་ནས་ཡག་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།  དེ་ནི་ངས་བོད་ནང་གི་གང་བྱས་པ་དང་གང་ཡོད་པ་ཐམས་ཅད་ཡག་པོ་ཡིན་པས་བསམ་བློའི་འདུ་ཤེས་ཀྱི་དབང་དུ་སོང་ནས་བཤད་པ་ཞིག་མིན་པར་དངོས་ཡོད་སྤྱི་ཚོགས་ཀྱི་གནས་སྟངས་ཕྱོགས་ཡོངས་ལ་ལྟ་ཞིབ་བྱས་པའི་སྒོ་ནས་བཤད་ཀྱི་ཡོད། བྱེས་བཞུགས་བུད་མེད་རྩོམ་པ་པོ་རྣམས་ཀྱང་གོང་ལྟར་སྤྱི་ཚོགས་དང་ཁོར་ཡུག་གིས་སྤྲད་པའི་ཤུགས་རྐྱེན་གྱི་དབང་གིས་རྩོམ་འབྲིའི་རྨང་གཞི་ནི་གཞིས་བཞུགས་བུད་མེད་རྩོམ་པ་པོ་རྣམས་དང་བསྡུར་ན་ཚད་གཞི་དམའ་བོ་འདུག་སྙམ། དེའི་གནད་རྩ་ནི་སྤྱི་ཚོགས་ཀྱི་དགོས་མཁོ་དང་མིའི་བསམ་པའི་ཁ་ཕྱོགས་མ་འདྲ་བའི་དབང་གིས་རྩོམ་རིག་ལ་དགའ་མོས་དང་རང་ཉིད་ཀྱིས་རྩོམ་འབྲི་བྱེད་པ།  གཞན་གྱིས་བྲིས་རྩོམ་ལ་ལྟ་ཀློག་བྱེད་པ་སོགས་ཆེས་དཀོན་པོ་ཡིན་པར་མ་ཟད་སྤྱིར་བཏང་གི་རྩོམ་རིག་གི་ཁོར་ཡུག་ཧ་ཅང་གི་རྒྱ་ཆུང་ཆུང་ཞིག་ལས་མེད་པ་དེར་ཐུག་པར་འདོད། དེ་ལྟ་བུའི་ཁོར་ཡུག་ཅིག་ནས་བུད་མེད་རྩོམ་པ་པོ་རྣམས་ཀྱི་རྩོམ་འབྲིའི་རྨང་གཞི་གླེང་རྒྱུ་ནི་ང་ལ་མཚོན་ན་ཅུང་དཀའ་མོ་ཞིག་འདུག  འོན་ཀྱང་སྤྱི་ཚོགས་དང་ཁོར་ཡུག་མ་འདྲ་བ་སོ་སོའི་གནས་སྟངས་ལ་གཞིགས་ཏེ་བཤད་ན་བཙན་བྱོལ་གྱི་བུད་མེད་རྩོམ་པ་པོའི་རྩོམ་འབྲིའི་རྨང་གཞི་གླིང་ནི་སྐྱོ་བོ་འདུག་ཅེས་བཤད་མི་ཤེས་མོད།  ད་དུང་ཤུགས་སྣོན་སྔར་ལས་ཆེན་པོ་བྱེད་དགོས་པ་དང་བུད་མེད་རྩོམ་པ་པོ་རྣམས་ཀྱི་དཔུང་གསར་དུ་བསྐྱེད་དགོས་པར་སེམས།

༥། བོད་ཀྱི་རྩོམ་རིག་ལས་ཁྱོད་རང་ཉིད་ལ་ཆེས་གལ་ཆེ་བའི་ཐོབ་བྱ་ཅི་ཞིག་རེད་དམ།

ལན།  སྤྱིར་ན་རིག་གནས་གང་ཞིག་ཡིན་ཡང་ཕན་ཚུན་གཅིག་གཅིག་ལ་ལྟོས་ཤིང་འབྲེལ་བར་གྲུབ་ཡོད་སྟབས།  རིག་གནས་མཐའ་དག་ལས་རང་ཉིད་ལ་གལ་ཆེའི་ཐོབ་བྱ་ཧ་ཅང་མང་པོ་ཡོད་པར་འདོད། ལྷག་པར་བོད་ཀྱི་ལོ་རྒྱུས་ལ་དགའ་མོས་ཡོད་མཁན་ཞིག་གི་ངོས་ནས་བཤད་ན། བོད་ཀྱི་རྩོམ་རིག་གིས་དུས་རབས་རེ་རེའི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་། རིག་གནས་ཀྱི་འཕེལ་རིམ། སྤྱི་ཚོགས་ཀྱི་གནས་བབ་བཅས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གཤིས་སྤྱོད་དང་བསམ་བློའི་ཁྱད་པར་ཤེས་རྟོགས་བྱེད་པ་ལ་མེད་དུ་མི་རུང་པའི་རིག་གནས་ཤིག་ཡིན་སྟབས། རྩོམ་རིག་ལས་ཐོབ་པའི་ཤེས་བྱ་ནི་ཚིག་གི་མཛེས་པ་དང་སྒྱུ་རྩལ་གྱི་མཚོན་ཐབས། བསམ་པའི་འཆར་སྣང་རྐྱང་པ་ཞིག་མིན་པར་མི་རིགས་རང་གི་རིག་གནས་ཀྱི་ཁྱད་ཆོས་དང་འཚོ་བ་སོགས་མཐའ་ཡས་པའི་ཐོབ་བྱ་སྣ་མང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དེས་ན་གུས་མོར་བོད་ཀྱི་རྩོམ་རིག་ལས་གལ་ཆེའི་ཐོབ་བྱ་གང་ཡིན་ཟེར་ན་དེ་ནི་ཕྱོགས་འདྲ་མིན་ནས་ཐོབ་བྱ་ཡང་འདྲ་མིན་སྣ་ཚོགས་ཤིག་བོད་ཀྱི་རྩོམ་རིག་ལ་སློབ་སྦྱོང་བྱས་པའི་བརྒྱུད་རིམ་ཁྲོད་བྱུང་ཡོད་པ་དང་། དེ་མིན་གལ་ཆེའི་ཐོབ་བྱ་འདི་རེད་ཅེས་དཔེ་མཚོན་རང་བཞིན་གཅིག་འཇོག་རྒྱུ་ཁག་པོ་འདུག་སྙམ། གཅིག་བྱས་ན་དེ་ནི་རྩོམ་རིག་ལ་རྒྱུས་མངའ་ཟབ་པ་ཞིག་གིས་བལྟས་ཚེ་ཧ་ཅང་མྱོང་བ་དམན་པས་སྐད་ཆ་ཞིག་ཀྱང་ཡིན་སྲིད། རིག་ཚན་མ་འདྲ་བ་སོ་སོའི་ལྟ་སྟངས་དང་བསམ་བློ་འཁྱེར་ཏེ་ལྟ་སྐབས་གནད་དོན་གཅིག་ལ་འགྲེལ་སྟངས་དང་ངོས་འཛིན་བྱེད་སྲོལ་མ་འདྲ་བ་ཅི་རིགས་ཤིག་ཡོང་གི་ཡོད་པ་ནི་ཆོས་ཉིད་དུ་གྲུབ་ཡོད།

༦། རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།

ལན། གུས་མོའི་མིང་ལ་སྒྲོལ་མ་ཆོས་སྐྱིད་ཟེར་ཞིང་། སྨྱུག་མིང་ལ་གཡུ་ལོར་འབོད་ཀྱི་ཡོད། སྐྱེས་ཡུལ་ནི་མལ་གྲོ་གུང་དཀར་ནས་ཡིན།
བོད་དུ་སྡོད་སྐབས་དམའ་འབྲིང་ནས་མཐོ་འབྲིང་བར་དུ་སློབ་སྦྱོང་བྱས་པ་ཡིན་ལ། དེ་རྗེས་ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་དུ་ཡོང་ནས་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་བྱས་པ་ཡིན།  ཕྱི་ལོ་ ༢༠༡༤ ལོར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དངོས་གཞིའི་རིག་གནས་འཛིན་གྲྭར་ཞུགས་ཏེ་ལོ་ངོ་གསུམ་རིང་མཐོ་རིམ་རིག་གནས་རབ་འབྱམས་པར་སློབ་སྦྱོང་བྱས་ཏེ།  ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༤ པར་སློབ་མཐར་ཕྱིན་པ་དང་།  དེང་སྐབས་ནང་བསྟན་སྲིད་ཞུ་ཁང་དུ་བསྒྱུར་ཡིག་བསྡུ་རུབ་ཀྱི་ལས་ཀ་བྱེད་བཞིན་ཡོད་ལ། རང་ཉིད་ཀྱི་དགའ་ཕྱོགས་ནི་བོད་ཀྱི་ལོ་རྒྱུས་ཡིན་ལ་མུ་མཐུད་ནས་དེར་འབད་བརྩོན་རྒྱུན་འཁྱོངས་བྱེད་འདོད་ཡོད།

ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༠༡ ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།