TueSepTue2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

མི་རིགས་ཤིག་གི་ངོ་བོའམ་མཚོན་རྟགས་སུ་གྱུར་པའི་རང་གི་སྐད་ཡིག་སྲོག་ལྟར་གཅེས་ནས་མཐོང་ཆེན་བྱ་དགོས།

༡ ༽ ཁྱེད་རང་གིས་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན།  བདག་གི་དངོས་མིང་ལ་བསྟན་འཛིན་རིན་ཆེན་ཟེར་ཞིང་། སྨྱུག་མིང་ལ་སྡོམ་ཞེས་བྲིས་ཡོད། ང་རང་ཁམས་ལི་ཐང་དུ་སྐྱེས་ཤིང་༢༠༠༩་ལ་བཙན་བྱོལ་ལ་སྐྱབས་བཅོལ་དུ་འབྱོར། འདི་ག་སུ་ཇཱ་བོད་ཁྱིམ་སློབ་གྲྭ་ནས་སློབ་སྦྱོང་ལོ་འགའ་བྱས་རྗེས། བྷེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཏུ་ཞུགས་ཏེ་ད་ལྟའི་ཆར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སློབ་སྦྱོང་བྱེད་བཞིན་པ་ཡིན།

 

༢ ༽ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གིན་ཡོད།

 

 

ལན།  ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཡར་རྒྱས་འགྲོ་བཞིན་ཡོད་པ་རེད། སྔོན་ཆད་སྐབས་སུ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་མཆོག་གི་དགོངས་པར། བོད་ལ་བོད་རང་གི་སྐད་དང་མཐུན་པའི་བོད་ཡིག་གེ་ཚད་ལྡན་ཞིག་མེད་ན་ཆོས་དང་སྲིད་ཀྱི་བྱ་བ་གང་ཡང་ལེགས་པ་བསྒྲུབ་མི་ནུས་པར་དགོངས་ནས་བོད་ཡིག་གསར་གཏོད་མཛད་དགོས་པའི་དམ་བཅའ་བརྟན་པོར་བཞག་སྟེ། སྤྱི་ལོ་༦༣༣ལོར་ཁོང་གི་ཐུགས་བློན་དམ་པ་ཐོན་མི་ལགས་འཕགས་ཡུལ་དུ་སྒྲ་རིག་པའི་ཡི་གེར་སློབ་ཏུ་བརྫངས་ནས་སྤྱི་ལོ་༦༤༦ལོར་སློབ་དཔོན་ཐོན་མིས་བོད་མི་སྤྱི་ཡིས་བཀོལ་དུ་རུང་བའི་བོད་ཡིག་གསར་བཟོ་མཛད་པ་རེད།
ཡིན་ཡང་ཕྱིས་སུ་བོད་ཀྱི་སྐད་ཡིག་ཐད་ལ་འབྲི་ཀློག་མི་བདེ་བའི་རྙོག་གྲ་ཅུང་ཙམ་ཡོད་པས། བོད་མིའི་བར་ལ་བོད་སྐད་བཤད་དུས་དང་བོད་ཡིག་འབྲི་དུས་ད་ལྟའི་སྐབས་ལྟར་ཧ་ལས་པའི་ཁྱབ་བརྡལ་དུ་གཏོང་མ་ཐུབ་སྟེ། བོད་རིགས་མང་ཚོགས་ཡོངས་ཀྱིས་ཤེས་ནུས་པ་ཞིག་ཏུ་གྱུར་མེད་པ་རེད། དེ་བས་བོད་ཀྱི་སྐད་ཡིག་གི་བརྡ་རྙིང་འགའ་ཞིག་གི་ཟུར་དོར་ཏེ་ཀློག་བདེ་བའི་སྐད་ཡིག་གཏན་ལ་ཕབ་པ་གསུམ་ནི། བཙན་པོ་ཁྲི་སྲོང་ལྡེའུ་བཙན་ནས་མངའ་བདག་ཁྲི་རལ་པ་ཅན་ཡན་ཆད་དུ་སྐ་ཅོག་ཞང་གསུམ་ལ་སོགས་པས་བཀས་བཅད་ཐེངས་གཉིས་བྱས་ཤིང་། བཀས་བཅད་གསུམ་པ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་བྱོན་པའི་ལོ་ཙཱ་ཆེན་པོ་རིན་ཆེན་བཟང་པོ་ནས་དྷརྨ་པཱ་ལ་བྷ་དྲའི་བར་དུ་བྱོན་པ་རྣམས་ཀྱིས་མཛད་པ་རེད། ད་ལྟའི་སྐབས་སུ་ཡིན་ན་བོད་ཀྱི་སྐད་ཡིག་འདི་ལ་བཀས་བཅད་ཐེངས་གཅིག་ཙམ་ཡང་མི་དགོས་པ་མ་ཟད། བོད་ཡུལ་དུ་བརྡ་འཕྲིན་གྱི་ལག་རྩལ་འཕེལ་རྒྱས་ཧ་ཅང་ཆེ་བ་དང་ཡོངས་ཁྱབ་ཏུ་བཀོལ་བའི་དུས་རབས་དམིགས་གསལ་བ་ཞིག་ཡིན་པས། ཁ་པར་དང་གློག་ཀླད་སོགས་འཕྲུལ་ཆས་གང་མང་ཞིག་གི་ནང་དུ་བོད་ཡིག་གི་མ་ལག་ཡོད་པར་བརྟེན་ནས་བོད་ཡིག་གིས་མི་རིགས་གཞན་པའི་ཡི་གེ་ལྟར་ནུས་པ་ཐོན་ཏེ་དུས་རབས་ཀྱི་འགྲོས་དང་འགྲོགས་ནས་དར་བཞིན་ཡོད་པ་རེད། བོད་ཀྱི་སྐད་བརྡའི་ནུས་པས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པ་དང་། བོད་སྐད་ལ་བོད་ཡིག་ཡོད་པ་དེ་ཉིད་སྤྱི་ཚོགས་ནང་གི་དངུལ་ཁང་དང་སྨན་ཁང་། ལས་ཁང་། སྦྲག་ཁང་སོགས་ཀྱི་ནང་དུ་སྔར་ལས་ཀྱང་ཚན་རྩལ་ལ་བརྟེན་ནས་དར་བཞིན་ཡོད་པ་རེད།

༣ ༽བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་རྒྱུ་རེད།

 

ལན།  བོད་ཀྱི་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་བ་ནི་ཁ་ཚོན་གཅོད་དཀའ་མོ་ཞིག་རེད་མོད། འོན་ཀྱང་མ་འོངས་པར་བོད་ཀྱི་སྐད་ཡིག་འདི་དར་རྒྱས་འགྲོ་མིན་ནི་ད་ལྟའི་བོད་ཀྱི་མི་རབས་འདིས་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་རྒྱུར་མང་ཞན་ལས་ཤེས་ཐུབ་པ་ཞིག་རེད། ས་པཎ་གྱིས། ཕལ་ཆེར་བུ་ཚའི་སྤྱོད་པ་དེ། རིགས་རྒྱུད་སྔ་མའི་རྗེས་སུ་འབྲང་ཞེས་གསུངས་འདུག་པས། ད་ལྟའི་མི་རབས་འདིས་བོད་ཀྱི་སྐད་ཡིག་གཉིས་གཙུག་ཏུ་བཀུར་ནས་བེད་སྤྱོད་ཡག་པོ་གཏོང་བ་ཡིན་ན། བུ་ཚ་ཕྱི་རབས་པ་ཚོས་ཀྱང་དེ་བཞིན་བེད་སྤྱོད་ཡག་པོ་གཏོང་ཡོང་བ་རེད། ད་ལྟའི་དུས་སུ་ཚན་རྩལ་ཇི་ལྟར་དར་ན་མ་འོངས་པར་བོད་ཀྱི་སྐད་ཡིག་ཀྱང་དེ་ལྟར་དར་ཡོང་ལ། བོད་ཀྱི་སྐད་ཡིག་ཉམས་སླ་བའི་ཉེན་ཁ་ཡང་ལྷན་དུ་འབྱུང་ཡོང་བ་རེད། ཚན་རྩལ་ལ་བརྟེན་ཏེ་སྤྱི་ཚོགས་ནང་དང་དྲྭ་ཐོག་ཁག་ཏུ་བོད་ཡིག་ཇེ་མང་དུ་བཀོལ་བ་ཡིན་ན། བོད་ཀྱི་སྐད་ཡིག་གི་ནུས་པ་ཇེ་དར་དུ་འགྲོ་བཞིན་ཡོད་པ་རེད། གལ་ཏེ་སྤྱི་ཚོགས་ནང་དང་དྲྭ་ཐོག་ཁག་སོ་སོར་བོད་པས་བོད་ཀྱི་སྐད་ཡིག་ཇེ་ཉུང་དུ་བེད་སྤྱོད་པ་ཡིན་ན། དེ་བཞིན་བོད་ཀྱི་སྐད་ཡིག་གི་ནུས་པ་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་རེད། བོད་མི་རིགས་ཀྱི་རིག་གནས་ཐམས་ཅད་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་དགོས་ན། བོད་ཀྱི་རིག་གནས་ཐམས་ཅད་ཀྱི་རྟེན་གཞི་ཡིན་པའི་བོད་ཀྱི་སྐད་ཡིག་འདི་ལ་ཐོག་མར་སློབ་སྦྱོང་ཡག་པོ་བྱེད་རྒྱུ་དང་བེད་སྤྱོད་ཡག་པོ་གཏོང་ཤེས་དགོས་བཞིན་ཡོད་པ་རེད་མ་གཏོགས་བོད་ཀྱི་སྐད་ཡིག་རྒྱུན་བཀོལ་མ་བྱེད་པ་ཡིན་ན། བོད་ཀྱི་རིག་གནས་ཀྱང་བོད་ཀྱི་སྐད་ཡིག་དང་མཉམ་དུ་ནུབ་བཞིན་ཡོད་པ་རེད།

༤༽ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱོང་ཆེད་དུ་གཞན་སྐད་སྟེང་ནས་ཆེད་ལས་སྦྱོང་བ་མང་དུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ག་ཚོད་ཅིག་ཟིན་རྒྱུ་རེད།

 

ལན། བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་དང་དེའི་ནང་གི་སློབ་མ་ཆེ་འབྲིང་ཆུང་བ་གང་ཞིག་གིས་བོད་ཀྱི་སྐད་ཡིག་ཕལ་བར་བཞག་སྟེ་མི་རིགས་གཞན་གྱི་སྐད་ཡིག་གཙོ་བོར་བྱས་ནས་སློབ་ཁྲིད་ཉན་པ་དང་སློབ་སྦྱོང་བྱེད་པ་ཡིན་ན། མ་འོངས་པར་བོད་མི་དམངས་ཁྲོད་དུ་བོད་ཀྱི་སྐད་ཡིག་བཀོལ་མཁན་ཇེ་ཉུང་དུ་སོང་ནས་བོད་མི་རིགས་འདི་འཆི་ལ་ཉེ་བའི་ནད་པ་ཞིག་ཏུ་འགྱུར་ཉེན་ཡོད་པ་རེད། ནམ་ཞིག་བོད་ཀྱི་སྐད་ཡིག་བཀོལ་མཁན་སྐྲ་དཀར་སོ་མེད་ཀྱི་རྒན་པོ་རྒན་མོ་རེ་འགའ་ལས་མེད་པ་ཡིན་ན། དེ་དུས་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་བོད་ཀྱི་ཆོས་དང་རིག་གནས། ཡུལ་སྲོལ་གོམས་གཤིས་ཕུན་སུམ་ཚོགས་པ་ཡོད་པའི་བོད་མི་རིགས་ཟེར་བ་ཞིག་འཛམ་གླིང་ས་སྒང་ནས་ཡལ་བའི་དུས་ལ་ཐོན་སོང་བ་རེད། དེ་ལྟར་ན་ད་ནས་སློབ་གྲྭ་བ་དང་བོད་ཀྱི་ཤེས་ཡོན་པ་དང་སློབ་གསོ་བའི་སྡེ་ཁག་སོགས་ཀྱིས་བོད་པ་ན་གཞོན་ཚོ་ལ་བོད་མི་རིགས་ཀྱི་ད་ལྟའི་ཁ་ཕྱོགས་དང་མ་འོངས་པའི་ཁ་ཕྱོགས་ཀྱི་ཐད་ལ་བོད་ཀྱི་སྐད་ཡིག་སྐོར་གྱི་ཁ་བརྡ་མང་པོ་ལབ་དགོས་བཞིན་འདུག བོད་ཀྱི་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ག་ཚོད་ཅིག་ཟིན་མིན་དེ་ནི་ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་བ་རྣམས་ཀྱིས་རང་གི་མི་རིགས་ཀྱི་སྐད་ཡིག་གཙིགས་སུ་འཛིན་བཞིན་ཡོད་མེད་ལ་ཐུག་འདུག་པས། སློབ་གྲྭའི་གླིང་དུ་ཐོག་མར་ཡར་འགྲོ་དུས་བོད་ཕྲུག་ཅིག་ཡིན་ན། སློབ་གྲྭའི་གླིང་ནས་མར་ཡོང་དུས་ཀྱང་བོད་ཀྱི་སྐད་ཡིག་ཤེས་ཤིང་བྱང་བའི་བོད་རིགས་སློབ་མ་རྣལ་མ་ཞིག་ཡིན་རྒྱུ་ནི་ཆེས་གལ་གནད་ཆེ་བ་ཞིག་རེད། བོད་རིགས་དགེ་རྒན་དང་ཕ་མ། སློབ་གྲྭ་བ་ཚོས་བོད་ཀྱི་སྐད་ཡིག་མི་ཤེས་པའི་ཐོག་ཏུ་གཞན་གྱི་སྐད་ཡིག་བསླབས་ཤིང་། ཁྱིམ་ཚང་གི་ནང་དུའང་བོད་སྐད་བཤད་པ་ཇེ་བས་ཇེ་ཉུང་དུ་གྱུར་པ་ཡིན་ན། བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ལག་མཐིལ་ཡང་མི་ཟིན་པར་དགོས་མེད་ཅིག་ཏུ་ལོག་ཉེན་ཡོད་པས། ཆུང་ས་ནས་སེམས་ཆུང་དང་དོགས་གཟབ་བྱ་ནས་ཆེ་སར་བསམ་གཞིག་གཏོང་ཐུབ་ན་བཟང་།

 

༥༽དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་སྨྲ་མཁན་ལ་དགོངས་ཚུལ་གང་ཡོད།

ལན། གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ལབ་པའི་བོད་མི་དེ་ལྟ་བུ་ནི་འཛམ་གླིང་ཐོག་གི་མི་རིགས་སོ་སོས་མི་རིགས་ཀྱི་ཞབས་འདྲེན་པ་ཞིག་ལ་བརྩི་བཞིན་ཡོད་པ་རེད། མི་རིགས་གང་ཞིག་ཡིན་ན་རང་གི་མི་རིགས་ཀྱི་སྐད་ཡིག་ལ་བསྟོད་པ་བྱས་ནས་ཨང་དང་པོར་བགྲང་གིན་ཡོད་པ་རེད། མི་རིགས་སོ་སོའི་སྐད་ཡིག་ནི་མི་རིགས་རང་རང་གི་བླ་སྲོག་གཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད་མ་གཏོགས་རང་གི་སྐད་ཡིག་དགོས་མཁོ་མེད་ཚུལ་དང་གཞན་གྱི་སྐད་ཡིག་དགོས་མཁོ་ཡོད་ཚུལ་བཤད་པའི་མི་དེའི་བསམ་བློ་ནི་ཆེས་འཇིགས་སུ་རུང་བ་ཞིག་ཡིན་པ་རེད། དེའི་མིང་ལ་སྐད་ཡིག་རང་གསོད་མཁན་ཟེར་བ་རེད། མི་རིགས་གཞན་གྱི་གཡམ་ལ་བརྒྱུགས་ཏེ་མི་རིགས་རང་ཉིད་ཀྱི་སྐད་ཡིག་དང་ཆོས་ལུགས་ནི་ཡར་རྒྱས་ཀྱི་བཀག་རྡོ་ཡིན་པར་འདོད་པ་དང་། རང་གི་སྐད་ཡིག་གི་ཕན་ནུས་ཅི་ཡོད་མི་ཤེས་པར་སྐྱོན་བརྗོད་བྱེད་པ་ནི་མེས་པོ་གོང་མ་དང་རང་གི་སྐད་ཡིག་གི་ཆེད་དུ་རང་སྲོག་བློས་བཏང་བའི་སྙིང་སྟོབས་ཅན་ཚོའི་ཞབས་འདྲེན་དང་མི་རབས་འདི་ཡི་ངོ་ཚ་ཡིན་པས། མི་རིགས་ཤིག་གི་ངོ་བོའམ་མཚོན་རྟགས་སུ་གྱུར་པའི་རང་གི་སྐད་ཡིག་སྲོག་ལྟར་གཅེས་ནས་མཐོང་ཆེན་བྱ་དགོས། གལ་ཏེ་མི་རིགས་རང་གི་སྐད་ཡིག་ཤེས་པའི་ཁར། གཞན་གྱི་སྐད་ཡིག་ཤེས་ན་མཆོག་ཏུ་གྱུར་པ་རེད།

༦ ༽མ་འོངས་པའི་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་གཙིགས་མཐོང་ག་ཚོད་ཅིག་བྱ་རྒྱུ་རེད།

 

ད་ལྟའི་སྐབས་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་གི་ནང་དོན་དང་ཕན་ནུས་ཅི་འདྲ་ཡོད་པ་དེ་དག་གང་ཡང་མ་ཤེས་པ་ཡིན་ན། མ་འོངས་པར་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་མཐོང་ཆེན་བྱེད་འདོད་ཀྱི་བློ་སྐྱེ་རྒྱུར་དཀའ་མོ་ཡིན་ཤས་ཆེ། དེ་བས་ད་ལྟའི་སྐབས་སུ་ཕ་མ་དང་དགེ་རྒན། ཤེས་ཡོན་པ། སློབ་གསོ་བ། རིགས་ཞེན་པ་སོགས་བོད་མི་རིགས་ལ་བསམ་གཞིག་གནང་མཁན་རྣམས་ཀྱིས་མི་རབས་གསར་བ་རྣམས་ལ་སློབ་གསོ་ཡག་པོ་སྤྲད་རྒྱུ་གལ་ཆེན་རེད་འདུག སློབ་གསོ་མེད་པའི་མི་རིགས་ནི་ནམ་ཡང་རྗེས་ལུས་ཡིན་པས། སློབ་གསོ་ནི་འབྱུང་འགྱུར་བྱ་བའི་རྩ་དོན་ཡང་ཡིན་པ་རེད།

༧ ༽བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱེད་ལ་ཐབས་ལམ་ཅི་ཞིག་ཡོད།

 

ལན། བོད་ཡིག་འབྲི་ཀློག་ཡག་པོ་མི་ནུས་པའི་བོད་མི་མདོ་མེད་ཚོའི་ཁ་ལ་བརྒྱུགས་ཏེ་བོད་ཀྱི་སྐད་ཡིག་ལས་གཞན་གྱི་སྐད་ཡིག་བེད་སྤྱོད་གཏོང་ཆེ་བའི་གནས་ཚུལ་ངན་པ་དག་མུ་མཐུད་དུ་བསྒྱུར་བཅོས་དང་འཛེམ་དོགས་མི་བྱེད་པ་ཡིན་ན། མ་འོངས་པར་ཐན་ལྟས་འདི་དག་ཇེ་གསལ་དང་ཇེ་སྡུག་ཏུ་འགྲོ་ངེས་པ་ཡིན་པས། སྦྲགས་སྐད་བཤད་མཁན་དང་། བོད་ཡིག་ལས་གཞན་གྱི་ཡི་གེ་འབྲི་རྒྱུར་དགའ་བོ་ཡོད་མཁན་བོད་པ་ཅོལ་ཆུང་དག་ལ་སྐྱོན་བརྗོད་བྱ་དགོས། བོད་ཡིག་བཀོལ་ཆོག་སའི་དངོས་པོའི་ཐོག་ལ་བོད་ཡིག་འབྲི་བ་དང་བོད་སྐད་སྨྲ་ཆོག་སའི་ས་ཆ་གང་དུ་ཐོན་ན་བོད་སྐད་སྨྲ་དགོས། གཞན་གྱི་སྐད་དང་ཡི་གེ་གང་ཞིག་ཤེས་ཀྱང་བོད་ཀྱི་སྐད་ཡིག་གཙིགས་སུ་འཛིན་དགོས། བོད་ཡིག་དང་བོད་སྐད་བེད་སྤྱོད་གཏོང་མཁན་མི་ག་ཚོད་མང་ན། དེ་བཞིན་བོད་ཀྱི་སྐད་ཡིག་གི་གཞི་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

 

རྩོམ་སྒྲིག་པ།  སྒྲེ་བོ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།