SunFebSun2017

སྤེལ་དུས་མཐའ་མ།08:34:18 AM GMT

རྩོམ་གསར།:

ལྷ་ཚོགས་ཚང་གི་བཅད་མའི་སྙན་ངག

ལྷ་ཚོགས་ཚང་གི་སྙན་ངག

རྡུལ་གྱི་སྙན་ངག


___མྱི་གསར་བ།

འབྱུང་བཞི་དག་ནི་ཕར་ལ་མི་གཡོ་ཞིང་།།
ལྗོན་པའི་ལོ་མ་གཙང་པོའི་སྟེམ་ལ་ལྷུང་།།
ཉི་མའི་ཟེར་ལ་ཟེར་གྱི་ཕུང་པོ་སྤུང་།།
སྒེའུ་ཁུང་བར་ནས་རྡུལ་དང་རྡུལ་ཕྲན་འཐོར།།
རྩིག་པའི་གསེབ་ཏུ་མུན་པའི་གྲོང་ཚོ་འཆར།།
སྙིགས་མའི་གཤིས་ལ་སྣང་བའི་རི་མོ་བྲིས།།
སྲིད་པའི་སོ་སྐྱེས་དག་གིས་ཁྱོད་ཉིད་ཟ།།

བཟི་བའི་སྣང་བ་སྨུག་པོ་སྙན་ངག་བྱས།།
རླུང་པོ་འགམ་པའི་ལ་ཁའི་དར་ལྕོག་ཀྱང་།།
སྤྲིན་པའི་ལག་པ་དག་གིས་དབྱིངས་སུ་ཁྱེར།།
རྡུལ་ནི་རྡུལ་ཏེ་ཁངས་སྐྱ་བཞིན་དུ་འབབ།།
སྤེན་མའི་ཚོགས་ལ་མེ་སྟག་ཁྲོམ་ཁྲོམ་འཕྲོ།།
ཞག་སྨད་འདི་གའི་རྨི་ལམ་འཐབ་མོ་བཀྱེ།།
གྱང་ངོར་འོད་ཟེར་ལྗང་ཁུ་འཕྲོ་བར་འདུག།
ངག་ཐུན་གསར་རྙིང་དག་ལ་ཡི་གེ་བརྩེགས།།
སྨུག་པ་རྡུལ་གྱིས་བཞེངས་འདྲའི་སྙན་ངག་བཞེངས།།

2015/5/2.

འདི་ཡང་འབྲི་སྟངས་ཤིག

___ཁ་བའི་འོད།•—•རེབ་གོང་།

བརྩེ་བ་བརྟེན་ནས་དུང་བ་འཚོས་ཡོད།།
དགའ་བ་སྒོམ་ནས་སྤྲོ་བ་འཕེལ་ཡོད།།
ཕ་གའི་མྱི་ལ་སེམས་གཏམ་གློད་ཡོད།།
འགྲིག་ཡོད་འཕྲོད་ཡོད་རྟེན་འབྲེལ་སྒྲིག་ཡོད།།

དཔེ་ཟིག་བཞག་ནས་དོན་ལ་བསྟན་ཡོད།།
ཆགས་ཤིག་བླངས་ཏེ་ཤུགས་ལ་བསྟན་ཡོད།།
གོ་བ་ཅན་གྱིས་གོ་བར་གྱིས་ཤིག།
གོ་མེད་དག་གིས་ང་ལ་ཕྲིས་ཤིག།

ཕ་ཡིས་གསན་མེད་མ་ཡིས་ཤེས་མེད།།
ཕུ་བོས་གོ་མེད་སྲུ་མོས་ཚོར་མེད།།
གསང་ཡོད་སྦས་ཡོད་ཅིག་གིས་ཤེས་མེད།།
འདི་ལྟར་བཀབ་ཡོད་དེ་ལྟར་སྐོང་ཡོད།།

ལྷ་བསང་ཕུད་ཡོད་ལྷ་ལ་བཅོལ་ཡོད།།
གསོལ་བ་བཏབ་ཡོད་སྨོན་ལམ་ཞུས་ཡོད།།
རྐྱེན་ངན་ཟློགས་ཤིག་བར་ཆད་སེལ་ཅིག།
འདོད་དོན་སྐོངས་ཤིག་བྱ་བཞག་སྒྲུབས་ཤིག།

ལ་ལས་བལྟས་ཡོད་འགའ་ཡིས་ཉན་ཡོད།།
ངན་སྨྲས་བྱས་ཡོད་ངན་ཇུས་འཐེན་ཡོད།།
བལྟས་དང་མ་བལྟས་ཡེ་ནས་མེད་རེད།།
སྒྲུབ་པའི་སྤོབས་པ་ལར་ནས་ཡོད་རེད།།

ཁམས་འཁྱགས་པོ།

___གུ་དཔལ་ཤིས།

སྙན་ངག་འདི་དག་ག་རེ་བྲིས་པ་ཡིན།།
ཚོར་བའི་རྟོག་འཆར་ག་རེ་བྲིས་པ་ཡིན།།
གཞིས་ཆུང་ནང་དུ་སུ་ཞིག་སུམ་ནས་ཡོད།།
འཁོར་བའི་མིག་ཟུང་གང་དུ་ཕྱོགས་ནས་བྲིས།།

མི་ཚེ་འདི་ལ་ཐོབ་བྱ་ག་ཚོད་ཡོད།།
རྙིང་གོག་ཁུག་ན་ཐོབ་བྱ་ག་ཚོད་ཡོད།།
གསར་པ་སར་བའི་ལམ་ཞིག་བྲིས་པ་ན།།
འཛུམ་ཆུང་སོ་མ་ག་རེ་འཛུམ་ཞིང་དགོད།།

བས་མཐའི་འཚོ་བ་སྐྱིད་པོ་ཤག་ཤག་བྱོ།།
འཚོ་རོགས་གྲོགས་ལས་སྐྱིད་པོ་ཤག་ཤག་བྱོ།།
སྙིགས་ལོར་སོན་པའི་འདང་ཞིག་བཞག་པ་ན།།
སྐམ་པར་ཕྱིན་ནས་འབར་ཞིང་ཙག་སྒྲ་འབྱིན།།

སྨྲེ་སྔགས་ནང་ན་མིག་ཆུ་ག་ཙམ་མཆིས།།
དྲན་གདུང་ཤུལ་ན་མིག་ཆུ་ག་ཙམ་མཆིས།།
སོངས་ཤུལ་འདི་ནས་མཆི་མ་མིད་པ་སོགས།།
ཁྱོད་ཀྱི་ཁོག་ཏུ་བཞུར་ཚོད་ཨེ་ཡོད་ན།།

ཆར་ཤག་ཞོད་པས་སེམས་ཁམས་བརླན་པར་བྱས།།
སྐད་ཆ་འཁྱགས་པས་སེམས་ཁམས་བརླན་པར་བྱས།།
འཁྱགས་པ་འདི་དག་གང་ནས་ཞོགས་པ་ཡིན།།
འཁྱགས་པ་འདི་ཚོ་གང་དུ་ཞོགས་ནས་འགྲོ།།

ཙག་རླུང་གྲང་མོས་ང་རང་བཙེས་ཤིང་གཅུན།།
ཐ་སྙད་གྲང་མོས་ང་རང་བཙེས་ཤིང་གཅུན།།
གྲང་མོ་འདི་ཚོ་ཉི་འདེ་རྒྱག་པ་ན།།
དྲོན་མོའི་རང་གཤིས་དོད་པ་ཨེ་ཡོད་ན།།

2015/5/27

ཞེད་སྣང་།

 

___མེ་སེང་།

རེས་ཀྱིས་བསླེབས་པའི་སྐྱེ་འཆི་ཡིས། །
ཚེ་དང་སྲོག་ལ་འཇབ་ནས་རྒོལ། །
གདུང་ཡུས་ཁྲོད་ཀྱི་ཡུགས་མོ་ཚོས། །
གནམ་སའི་ངུ་ངག་དབྱངས་ལ་གྱེར། །

མེ་ཏོག་རྙིད་པའི་ལོ་མ་དེ། །
སྐྱི་སེར་རླུང་བུས་བསྒུལ་ཅིང་བསྐྱོད། །
ཉི་མའི་འོད་ལ་ཞེ་ཐོགས་པའི། །
པདྨ་ཡིས་ཀྱང་མིག་ཆུ་འབྱིད། །

རི་ལ་བྲོས་པའི་རྗེས་ཤུལ་ནས། །
ཕྱིར་དུ་ཕེབས་ཞེས་ལག་པ་གཡུགས། །
རེ་འདོད་བོར་བའི་ལུས་མེད་མས། །
སུ་ཞིག་འོང་ལ་རེ་སྙིང་བཅས། །

ཆུ་འཛིན་གཡོ་བའི་དབྱིངས་རུམ་ན། །
སྨྲེ་སྔགས་དབྱར་གྱི་རྔ་ཆེན་ལྡིར། །
སྙིང་ལ་གཟན་པའི་འོ་དོད་ཀྱིས། །
བྲང་གི་དཀྱིལ་འཁོར་དབལ་གྱིས་གཙབས། །

གར་ཡོང་གང་བཞུད་མ་འཚལ་བའི། །
འཚོ་བ་འཇོམས་པའི་གོད་ཆག་གིས། །
ཁེར་འཁྱམས་ཤེས་བུའི་ལང་ཚོ་ལ། །
སྣ་ཚོགས་ཐབས་ཀྱིས་རྒོལ་ལན་སྤྲད། །

2015/      5/    3/ ཉིན།

ནམ་ཟླ་ཞིག་ལ།

___སེའུ།

ནམ་མཁའ་ཡངས་པར་སྤྲིན་པ་དུམ་བུར་ཆགས།།
སྤྲིན་གྱི་གཟེབ་ནས་ཉི་མའི་འོད་ཟེར་འཚེར།།

རླུང་ཙི་ལྡང་བའི་དཔྱིད་ཀའི་ཉིན་ཟླ་འདིར།།
ཆར་དང་ཁ་བ་རེས་མོས་ཚུལ་གྱིས་འབབ།།

ཕྱོགས་མཚམས་གང་དུ་ལྗང་ལོ་འབུས་པ་ན།།
དབྱར་ནམ་མེ་ཏོག་བཀྲ་བའི་དུས་ཤིག་དྲན།།

མུན་པ་རུབ་ལ་ཉེ་བར་བྱ་ཁྱུའི་ཚོམ།།
གཤོག་གུ་རྐྱོང་བཞིན་ཤག་གི་ནང་དུ་ལོག།

2015  4  28 མཚན་མོར་བླ་རུང་དུ།

ས་སྲོས་ཀྱི་ཉི་འོད།

___ཧོར་མེ་ལོང་།

འོད་ནི་སྣང་བའི་ཁམས་ཀྱི་སྐར་ཁུང་དང་། །
དྲོད་ནི་དུངས་བའི་གཏམ་གྱི་སྒོ་གླེགས་ཡིན། །
ང་ནི་འོད་དང་དྲོད་ལ་མི་གཏོགས་པའི། །
ས་སྲོས་ཉི་འོད་བདའ་བའི་བྱིས་པ་ཞིག །

མཁའ་ལ་འཇའ་ཚོན་ཤར་བས་མིག་དབང་འཕྲོག །
ས་ནས་ཧོར་རྒྱུགས་བྱས་པས་ལུས་སེམས་ངལ། །
ཁྱི་སྐྱག་མཐོ་གང་འཁྱེར་བའི་གནའ་བོའི་གཏམ། །
བདག་གིས་སྟེང་ཕྱོགས་ལྷ་རིའི་སྟོད་ལ་བསྐྱལ། །

ཨ་མའི་ཐབ་ཚང་ནང་གི་དུ་བའི་རྒྱུན། །
ཁྱིམ་ནས་ཕྱི་ལ་ཁྱབ་ཅིང་རྒྱང་ལ་འཁྱམས། །
འོ་ཇ་ལྷོག་ལྷོག་གདུ་བའི་རླངས་པ་ཡིས། །
སེམས་ཀྱི་ཟབ་སར་ཁམས་འདྲི་ཡང་ཡང་བྱེད། །

ཕར་ཕྱོགས་མི་མངོན་རི་བོའི་མགུལ་བ་ན། །
བརྩེ་བའི་ལོ་ཟླ་བསྐྱལ་བའི་སྤུན་ཞིག་ཡོད། །
རེ་སྒུག་སེམས་པ་རྒས་པའི་ངོ་གདོང་གིས། །
གཉོམ་ལ་དུངས་བའི་ཕྱི་མིག་ཡང་ཡང་ཤོར། །

དམ་པ་སྟོད་ལ་འཁྱམས་ན་བདག་པོ་མེད། །
ཉི་འོད་སྒང་ནས་ནུབ་ན་འགྲོ་རོགས་མེད། །
སྙིང་གི་ལྗིད་ཚད་གཞལ་བའི་ལས་འབྲས་དེས། །
ཡངས་བའི་སྟོང་ཁམས་བདག་གིར་བཞེས་སམ་ཅི། །

ལྷ་ཚོགས་ལམ་ལ་ཆས་པའི་ལྟ་གོན་དང་། །
ས་སྲོས་མཚམས་སྤྲིན་ངུ་བའི་ངོ་གདོང་དེས། །
མི་འབྲལ་ཞེ་དམ་སྙིང་ལ་བརྐོས་པའི་ཚེ། །
འདུ་འབྲལ་ཆོས་ཉིད་བཙན་པོས་ཁོང་དགོད་བྱེད། །

མཁའ་ནས་མཁའ་མཐར་བགྲོད་པའི་རྒོད་པོའི་ཁྱུ། །
རྩེ་སྒྲོ་མཐའ་ནས་རྒྱས་བཞིན་ཕྱོགས་སུ་འཁྱམས། །
བྲག་དམར་ཐེམ་ན་ལུས་པའི་ཕ་ཁྱིམ་ལ། །
ས་སྲོས་ཉི་འོད་འདི་ལས་ལྟ་མཁན་མེད། །

2015/3/15ཉིན།

ཚིག་གི་ཟེགས་མ།

___མགོ་ལོག་ཆུ་ཐིགས།

ཚིག་གི་བྱ་ཁྲ་རྟོག་པའི་དབྱིངས་ན་འཕུར།།
འཇའ་ཡི་གཤོག་ཟུང་སྲིད་པའི་དཔུང་ལ་བརྐྱངས།།
ངག་གི་གཏེར་མཛོད་གནམ་སའི་མལ་དུ་སྦས།།
འོད་ཀྱི་དཔུང་ཡ་ཆར་བའི་ཁྲུས་ལ་རོལ།།

སྲོད་ཁའི་བགྲེས་པོས་འོ་མའི་མིག་ཆུ་འཇོ།།
ལ་མགོའི་ཟེར་ལ་སྐྲ་ལོས་སྐྱེལ་མ་བྱས།།
སྤྱན་ཟུང་ཉི་ཟླ་ཡིན་པའི་ཨ་མྱེ་དེས།།
འཁོར་བའི་ཆོས་ལ་འོད་ཀྱི་ཐམ་ག་གླན།།

སྣང་བའི་གཤིན་སའི་སྨག་གི་བང་སོ་ན།།
སྒྲོན་མེ་ཐོགས་པའི་རྣམ་ཤེས་རལ་བོ་ཞིག།
ཚིག་སྒྲོམ་ཁུར་ནས་བར་དོར་འགྲིམས་པ་དེ།།
སྨྱུ་གུ་འཆང་བའི་ངག་གི་བྱེད་པོ་ཡིན།།

གཙང་བོ་ཡིན་པའི་ཚོར་བའི་རླབས་སྒྲ་དེ།།
སྨུག་པའི་མེ་ལོང་ངོ་ལ་བྱིལ་བྱིལ་བྱེད།།
དབྱངས་གསལ་ཚིག་གི་མཛོད་ཁང་བཀྲུ་བར་བྱས།།
ངག་གི་དཔལ་ཡོན་མཐའ་དག་དབང་ལ་འབྱོར།།

2015.5.2


གཞིས་ཀ

___འབའ་གངས་རྒོད།

རྟོག་འགྱུ་རླུང་ལ་ཡན་པའི་བར་གླགས་དེ་ན།།
ཚོར་བའི་བཟི་ཁ་བཙན་པའི་མི་རྐྱང་ཞིག་གིས།།
སྙན་ངག་མགྲོན་དུ་འབོད་སའི་གཞིས་ཀ་བསྐྲུན་ན།།
ཟླ་བའི་སྲིང་མོ་དུས་ཀུན་མགྲོན་དུ་ཕེབས་རོགས།།

གཞིས་ཀ་གསར་འཛུགས་བྱས་པའི་ཉིན་མོ་འདི་ལ།།
སྙན་ངག་བག་མར་བསུས་ཏེ་དགའ་སྟོན་བྱས་ན།།
ཚོར་བའི་གཏིང་རུམ་ཉུལ་བའི་མགྲོན་པོ་ཁྱེད་ཚོས།།
སྙན་མོ་དབྱངས་ལ་བཀུགས་ཏེ་གླུ་ཞིག་ལེན་རོགས།།

སྣང་བའི་ཁ་དོག་བཀྲ་སའི་གཞིས་ཁྱིམ་འདིར་རུ།།
ལྡེབ་མྱུར་གློག་ལ་འགྲན་པའི་བྲོ་མཁན་མང་པོས།།
སྙན་ངག་སྨྲ་བ་ཁྱེད་ཚོར་འཛུམ་གྱིས་བསུས་ན།།
ཚོར་བའི་ཉིང་ཁུ་དྲོད་མོ་གནས་འདིར་འཁྱིལ་ཤོག།

གཞིས་ཀ་འདི་རུ་འཁྲུངས་བའི་ཡི་གེའི་ཚོགས་ནི།།
སྲིད་པའི་ཁམས་ལ་འཁྱུགས་པའི་རྣམ་རྟོག་ཡིན་རེད།།
ཚོར་བའི་བྱང་ཐང་ཉུལ་བའི་འགྲུལ་བཞུད་པ་ནི།།
གཞིས་ཀ་འདི་ལ་ཕེབས་ཏེ་ངལ་གསོ་བྱེད་རོགས

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།