ཁ་དོག་ཡལ་བའི་རྩྭ་ཐང་།
ཞར་བཀོད་གཉིས། དབྱར་ཁ་དེའི་ཁ་བས
མཛེས་སྡུག་གི་འཇིག་རྟེན་ཞིག་ལ་གྲང་བ་ཕབས
གྲང་ངར་བཙན་པའི་ལོ་ཟླ
སེམས་རྩ་འཁྱག་པའི་གཙང་བོ་ཡིན
ཉི་མའི་ན་བཟའ་ཅི་ལྟར་མཐུག་ཀྱང
དར་སོབ་ཀྱི་སེམས་པ་སྔར་ལས་གྲང
འཁྱག་པའི་གཞས་ཆུང
གདུང་བའི་དབྱངས་སུ་རླུང་གིས་འགུག
ལང་ཚོ་རྨས་མ་དེ་ཡང
ས་མཐའ་ནས་འགྲུལ་བ་ཅི་ཡིས་དོན
དཀོན་མཆོག་གི་ཞལ་ངོས
མི་སེམས་ན་མེད་ཅིང
སྐྱོ་གདུང་གི་གྲིབ་གཟུགས
ཉི་མ་ཤར་ནུབ་ཀྱི་མིག་ལམ་དུ་ཡང་ཡང་འཁོར
ལས་འབྲས་ལ་སྙིང་རྗེ་མེད་ན་ཆོག་མོད
“shuotao” ཁྱོད་ཀྱང་དེ་བཞིན་ཡིན་ཚེ
ངའི་སེམས་ཀྱི་སྐྱོ་གདུང་དེ་དག་གང་དུ་འཇོག
འདས་དོན་གྱི་བདུད་རྩིའི་ཕུད་ཁའང་སུ་ལ་འདྲེན
2016/1/26 སྤོས་ལྡན་ནས་བྲིས།
སྙན་ངག་འདི་ནི་ཟླ་གཉིས་ཙམ་གྱི་སྔོན་གྱི་ཞོགས་པ་དེའི་ཁོ་མོར་སྐྱེལ་མ་ཞུ་བའི་ལམ་གྲོ་རུ་བྲིས།
ཁོ་མོར་བྲིས་པའི་སྙན་ངག
གྲོང་ཁྱེར་དུ
ལྷིང་འཇགས་ཀྱི་ས་ཚུགས་ཤིག་ཤིན་ཏུ་དཀོན
འུར་ཟིང་ཆེ་བའི་གྲོང་ཁྱེར་འདི་ནས
མི་ཚོགས་ཀྱི་འཚུབ་ཁའི་ཁྲོད་ན
འུ་གཉིས་ནི ཆེས་དྭངས་གཙང་གི་ཆུ་ཕྲན་ཞིག་དང་འདྲ་བར
འཕྲེད་ཀྱི་ལམ་བུ་གན་ནས་ལྷིང་འཇགས་ཀྱི་གནས་ཤིག་ལ་བཞུར་གྱིན་ཡོད
ནར་མ་སོན་པའི་འུ་གཉིས
འཇིག་རྟེན་འདིའི་པང་ཁུག་ཏུ་ཆུང་དྲགས་པས
སུ་དང་གང་གིས་ཀྱང་འུ་གཉིས་ལ་ཁ་ཡ་བྱེད་མི་སྲིད
ཐ་ན་སྲོད་ཁར་ལྡང་བའི་རླུང་བུས་ཀྱང
མཚན་མོ་འདིའི་ལང་ཚོ་ཁོ་ན
ཁྱོད་དང་ངའི་མཐར་ཐུག་གི་ཐོབ་བྱ་ཡིན
བརྩེ་དུང་གི་རོ་ལ་འཐམ་པའི་ཕྱེ་ལེབ་ཆ་གཅིག
རྨི་ལམ་གྱི་མངར་ཁ་ཁྱེར་ནས་གང་ལ་འཁྱམ་འགྲོ
འགྲོ་འདུག་ལ་སྡོམས་རྩིས་མེད་པས
མཐའ་མཇུག་གི་རི་མོ་དེ་ས་སྲོད་ལ་སིམས་སྲིད་དམ
མུན་པ་སྟུག་པའི་མཐའ་ཡས་ཀྱི་ནགས་ཚལ་དུ
འུ་གཉིས་ལོག་མི་དགོས་པར་སྨོན་ལམ་ཡང་ཡང་བརྒྱབ་མྱོང་ཡོད
2016/1/7 མཚན་གུང་དུ་སྦྱར། ༈
ཐང་ཆད་པའི་མེ་ཏོག
ཁོ་ཆད་པའི་དུམ་ཁ་རེ་རེ
དུས་ཚིགས་ཀྱི་རི་བོའི་གཏིང་ནས་འཕག་འཚག་རྒྱག
སྐྱེ་བོ་དག
གཞས་ཀྱི་ཐང་ཆེན་ནས
རྒྱང་རིང་གི་རོལ་དབྱངས་ལ་རྣ་བ་ཆགས
ཐང་ཆད་པའི་མེ་ཏོག
ང་རང་ཧ་ཅང་ངལ་བའི་ལུས་སྟེང་གི་མེ་ཏོག
ངལ་བའང་སྐྱོ་གཞས་འཐེན་པའི་སེམས་ཀྱི་ལོངས་སྤྱོད་ཅིག་ཡིན
ཁ་སང་གི་ང་ལ
གྲིབ་མ་མེད་ཅིང་ངལ་བ་མེད
གསོན་ཤི་བརྒྱབ་པའི་ཐ་སྙད་ཁག་ཅིག
ཤི་བ་ལ་བཏབ་པའི་སྔོན་གྱི་ལམ་གྲོ་རུ་བརྫངས
2016/1/1 ཁྲིནཏུའུ་ནས།