MonAugMon2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

རྒྱུས་མངའ་མེད་པའི་གོམ་སྒྲ།

སང་ཉིན་ལ་གསེར་མདོག་གི་ཉི་གཞོན་ལ་རེ་བ།

ནག་ཡོལ་གེར་གྱི་སྒེའུ་ཁུང་ལས་མཚམས་རེར་རྒྱང་རིང་རྒྱང་རིག་ཞིག་ནས་གསལ་ལ་མི་གསལ་བའི་གློག་འོད་རབ་རིབ་ཅིག་འཚེར་ཡཏོང་བ་དང་།

ཤ་རུས་གསེབ་ལ་གྲང་ཤུར་ཤུར་གྱི་ཁོག་འདར་རེ་བྱིན་པའི་བསེར་བུ་ཞིག་ལྡང་སྟེ། སྒེའུ་ཁུང་གི་ཡོལ་རས་སྐྱ་བོ་དེ་ལྷབ་ལྷུབ་ཏུ་མཁའ་ལ་བསྐྱོད་ཅིང་། གང་ཞིག་ནས་གྲགས་འོང་བའི་མུན་པའི་ཀློང་གི་སྒོ་ཁྱུའི་ངུ་ཟུག་ཕྲ་མོ་དའང་དེ་དང་བསྟུན་ནས་རྒྱང་རིང་རྒྱང་རིང་ཞིག་གི་མཚམས་སུ་འཐིམས་ནས་འགྲོ  དོ་ནུབ་ཀྱང་གློག་མེད་སྟབས། ཚེ་རིང་གིས་ཀ་སང་དེ་རིང་གི་གནམ་གཤིས་ཀྱི་འགྱུར་མདོག་དང་། གློག་ཀྱང་ཡང་ཡང་ཆད་པར་སུན་སྣང་གིས་ཆིག་ལབ་ཅིག་བརྒྱག་ཞོར་ལྕོག་རྩེ་ཐོག་གི་བཞུ་མར་དེ་བསྒྲོན་རྗེས། ཧ་ཅང་ཐང་ཆད་པའི་རྣམ་འགྱུར་གྱིས་མལ་སར་བསྡོད་ཅིང་སྔས་འགོའི་རྒྱབ་རྟེན་ཞིག་བྱས་ཏེ་གྱང་རྩར་བསྙེས་པ་དང་། དེ་ནས་སྔས་འགོའི་འགྲམ་དུ་ཡོད་པའི་དཔེ་སྒྲོམ་དང་ཛ་ཛོར་གཏོར་ནས་ཡོད་པའི་ལྕོག་རྩེ་སྟེང་གི་དཔེ་དེབ་རྣམས་ལ་ཞིག་བལྟ་ཞིག་བྱེད་སྐབས། རི་བོ་ལྟར་སྤུངས་པའི་དཔེ་དེབ་རྣམས་ཀྱིས་ཁོ་ལ་དྲི་ལན་མེད་པའི་དྲི་རྟགས་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་བཀོད་པ་མ་ཟད། ཆེ་ལ་ཡིག་གཟུགས་འདྲ་མིན་གྱིས་བྲིས་ཡོད་པའི་དཔེ་དེབ་ཀྱི་མིང་བྱང་རེ་རེ་ཡིས་ཁོ་ལ་མི་བུ་སྒེར་པ་ནས་སྤྱི་ཚོགས་དང་། རྒྱལ་ཁབ་དང་། འཛམ་གླིང་བར་གྱི་འདས་པའི་ཁྲག་དང་མིག་ཆུས་བྱིས་པའི་ཡ་ང་བའི་ལོ་རྒྱུས་ཏེ། དམག་འཁྲུག་དང་ལྟོགས་ཤི། མནར་གཅོད་དང་བཤུ་གཞོག་སོགས་མིག་སྔར་དུ་གསལ་ལྷང་ངེར་བཤམས་པ་མ་ཟད། སྙིང་སྟོབས་ཀྱི་མེ་ལྕེ་གྱིན་དུ་འབར་ཞིང་། བསམ་བློའི་རྣོ་དབལ་མཁའ་ལ་བརྡར་བའི་སྒེར་ཚུགས་ཅན་གྱི་མི་བུ་ག་གེ་མོ་དག་གིས་མུན་ནག་དང་དཀའ་སྡུག་གི་ཁྲིད་ནས་མདུན་བསྐྱོད་དང་གསར་བརྗེ་བྱས་པའང་ར་སྤྲོད་བྱས།

ཏག་ཏག་མཚམས་དེར་སླེབས་དུས། ཁོས་གོམ་སྒྲ་ཞིག་ཐོས་ཤིང་། གོམ་སྒྲ་དེ་ནི་ཁོ་ལ་རྒྱུས་མངའ་གཏན་ནས་མེད་དེ། གོམ་སྒྲ་དེ་ནི་དོ་དགོང་མཚན་མོའི་སྨག་རིམ་གྱི་ཁྲོད་དུ་འདར་འདར་བྱེད་བཞིན་པའི་སྒེའུ་ཁུང་གི་ཕྱི་ནང་ཀུན་དང་གཉིས་སུ་མེད་ལ། གོམ་སྒྲ་དེ་ཁོས་གོ་བ་ཐེངས་དང་པོ་ཡིན་ཞིང་། གཅིག་བྱས་ན་གོམ་སྒྲ་དེ་སྔོན་ཆད་ནས་ཁོ་རང་གི་ཉེ་སར་བཅར་གྱི་ཡོད་སྲིད་ཀྱང་། དེའི་ཕྱོགས་སུ་ཁོས་རྣ་བ་བླགས་ཏེ་ཉན་པ་ནི་དོ་དགོང་ཐེངས་དང་པོ་ཡིན།

ལྕོག་རྩེ་སྟེང་གི་ཆུ་ཚོད་དེའི་ཐག་སྒྲ་མུ་མཐུན་ནས་གྲགས་པ་མ་ཟད། མཚན་མོའི་སྨག་རིམ་ཇེ་མཐུག་ཏུ་འགྲོ་བ་དང་། ཁོ་ལ་ཆུ་ཚོད་དེའི་ཐག་སྒྲ་དང་ཁོ་རང་གི་སྙིང་གི་འཕར་ལྡིང་གཉིས་འགྲན་བསྡུར་བྱེད་པ་ལྟར་ཇེ་མགྱོགས་སུ་འགྲོ་བའི་ཚོར་སྣང་དྲག་པོ་ཞིག་སྦྱིན།

སྐབས་དེར་གཞི་ནས་ཁོ་གློ་བུར་དུ་གཉིད་ལས་སད་པ་བཞིན། ཕར་ཕྱོགས་སུ་ཀློག་འཕྲོ་བྱས་ནས་བཞག་ཡོད་པའི་<<རྒྱང་རིང་གི་སྦྲ་ནག>> དེ་ལག་ཏུ་ལེན་ནས་ཀློག་འགོ་་བརྩམས་པ་ན། ནམ་རྒྱུན་ཆུང་དྲགས་པའི་ཁང་མིག་དེའང་དོ་དགོང་ཤིན་ཏུ་ཆེ་དྲགས་པའི་ཚོར་སྣང་སྐྱུར་མོ་ཞིག་ཤར་ཏེ། ལོ་ངོ་དུ་མའི་ཡང་སྔོན་དུ། ཁོ་རང་ཡང་མགོ་བོར་འུར་ཆ་བསྐོར་ཏེ། ངག་ནས་རྫི་གླུ་ལེན་ཞོར་དང་། ཁ་ནས་ཀི་སྒྲ་འདེབས་ཞོར། རྟའི་འཚེར་སྒྲ་དང་། ནོར་གྱི་ངུར་སྒྲ  ལུག་གི་འབའ་སྒྲ་དང་བཅས་སྟེ། དྭངས་གཙང་གི་ཕ་ཡུལ་གྱི་རི་ལུང་ཆུ་གསུམ་བརྒྱུད་ནས་མུ་མཐའ་མེད་པའི་རྩྭ་ཐང་གི་སྟེང་དུ་སྦྲ་ནག་གྲུ་བཞིའི་དྲོད་ཁོལ་གྱིས་རང་དབང་གི་འཚོ་བ་ཞིག་ལ་རོལ་མྱོང་བས། སྐབས་དེ་དུས། མཁའ་དབྱིངས་སུ་གཤོག་རྩལ་ངོམ་ནས་འཕུར་ལྡིང་བྱེད་པའི་ཐག་དཀར་དེའང་ཁོ་རང་ཡིན་སྙམ་མྱོང་ལ། རྭ་རྩེད་ངོམ་ནས་ས་དམར་གནམ་ལ་གཏོར་བའི་འབྲོང་གཡག་དར་མ་དེའང་ཁོ་རང་ཡིན་དྲན་ཏེ། མདོར་ན་ཁོའི་སེམས་སུ་མགོ་ཐོག་གི་ཨ་སྔོན་དང་རྐང་འོག་གི་ས་གཞི་གཉིས་ཁོ་རང་ལ་དབང་ཞིང་ཁོ་རང་ལ་བདག་པ་སྙམ་ནས། སྔོ་ལྗང་གི་སྤང་གཞུང་དང་། ཁྲ་ཆིལ་གྱི་མེ་ཏོག  དྭངས་གཙང་གི་ཆུ་བོ་སོགས་ཀྱིས་གྲུབ་པའི་མཛེས་སྡུག་གི་མཇིག་རྟེན་དེ་ནི་ཁོ་རང་གི་རྨི་ལམ་གྱི་ཞིང་ཁམས་གཅིག་པུ་དེ་ཡིན་པ་ཟད། དེ་ནི་ཁོ་ཡི་མ་འོངས་པའི་ཕུགས་འདུན་ཉག་གཅིག་དེ་ཡང་ཡིན།

ཁོ་རང་འདི་ལྟར་བསམ་གཞིག་ཏུ་ཉུལ་ནས་དུས་ཚོད་གཅིག་ལྷག་འགྲོ་སྐབས། སྒེའུ་ཁུང་ལས་བསེར་རླུང་ཞིག་ཐོལ་གྱིས་ལྡང་ནས་ལྕོག་རྩེ་སྟེང་གི་བཞུ་མར་དེའང་ལྷབ་ལྷུབ་ཏུ་གཡོ་བས། རང་དབང་མེད་པར་གློ་བུར་དུ་ཁོ་ལ་ཅི་ཞིག་བོར་བརླགས་སོང་བའི་གྲང་ཤུར་ཤུར་གྱི་ཚོར་སྣང་ཞིག་སྤྲོད་པ་དང་། སླར་ཡང་རྒྱུས་མངའ་གཏན་མས་མེད་པའི་གོམ་སྒྲ་དེ་ཐོས་ལ། གོ་ལ་མི་གོ་བའི་གོམ་སྒྲའི་བར་ཁུག་རེ་རེ་དང་བསྟུན་ནས། ཁོ་རང་གིས་སེམས་པ་དེ་ཡང་མཚན་མོའི་མུན་པའི་ཁྲོད་དུ་རྒྱང་རིང་རྒྱང་རིང་ཞིག་ལ་ཆས་སོང་།

སྒེའུ་ཁུང་ཕྱི་རོལ་གྱི་མུན་ནག་དེ་སྔར་བཞིན་ཡིན་ཡང་། ནམ་ཞིག་ནས་རྒྱང་རིང་གི་གློག་འོད་མག་མོག་དེ་མཐོང་ཡུལ་དུ་མེད་པར་གྱུར་ཚར་འདུག་ལ། མུནག་པའི་ཀློང་གི་སྒོ་ཁྱུའི་ངུ་ཟུག་གཟེར་མོ་དེའང་གོ་ཐོས་སུ་མེད་པར་གྱུར་ཞིང་། གློ་བུར་གློ་བུར་དུ་ལྡང་བའི་བསེར་བུ་དེ་ཡང་ལྡང་མཚམས་བྱས་ཟིན། དེ་བས་ཤུལ་དུ་ལུས་པ་ནི་ལྷིང་འཇགས་མ་ཡིན་པའི་ལྷིང་འཇགས་ཏེ། གྲགས་འགུལ་ཅི་ཡང་མེད་པའི་མཚན་གཞུང་གི་ལྷིང་འཇགས་ཀྱི་ཁྲོད་དུ། མནོ་བསམ་གྱིས་འཇིག་རྟེན་འདིའི་ཚུར་རོལ་དང་ཕ་རོལ་གཉིས་ཀྱིདབར་ནས་ཤ་འོད་ལྟར་བརྡོལ་ཡོང་བའི་འགལ་འདུ་ཁྲི་མ་འབུམ་གྱི་ཁྲོད་ནས་རེ་བ་དང་ཕུགས་བསམ་གྱིས་ཁེངས་པའི་མཛེས་སྡུག་གི་རྨི་ལམ་ཞིག་འཚོལ་བཞིན་པའི་ཚེ་རིང་ཁོ་གཅིག་པུ་ཡིན།

ཟླ་འོད་མག་མོག་ཅིག་ཤར་བྱུང་། རྒྱུ་སྐར་ཐར་ཐོར་ཞིག་འཕྲོས་སོང་། ཚེ་རིང་གིས་ད་དུང་ཡང་<<རྒྱང་རིང་གི་སྦྲ་ནག>>བྲང་ཁར་སྦྱར་ནས་འདུག ལྕོག་རྩེའི་ཐོག་གི་བཞུ་མར་རྩ་བར་ཐུག་ནས་རྫོགས་གྲབས་བྱས་པས་འོད་སྣང་ཇེ་ཆུང་ནས་ཇེ་ཆུང་དུ་འགྱུར།

དེ་ཡང་ཁོས་སང་ཉིན་གྱི་སང་ཉིན་ལ། དལ་གྱིས་འབབ་པའི་གང་གཱའི་འགྲམ་ནས་བརྩེ་སེམས་ཀྱི་མེ་ཏོག་ཆུན་པོ་རེ་རེ་ཆུ་ལ་བསྐུར་ཞོར། གནམ་ས་འདྲེས་མཚམས་ནས་མངོན་པའི་ས་སྲོད་ཀྱི་མཚམས་སྤྲིན་དམར་པོ་ལ་ཅེར་ཏེ། རྔམ་ཞིང་བརྗིད་པའི་རི་ལོ་ཧི་མ་ལ་ཡའི་ཕ་རོལ་གྱི་དགོད་སྒྲ་ཞིག་ལ་ཉན་གྱིན། དགོད་སྒྲ་དེའམ་རྨི་ལམ་དེའི་འཚོལ་སྙེགས་ཀྱི་སླད་དུ། ནམ་ཞཚིག་ནས་རང་ཉིད་ཀྱིས་ཀྱང་མཁའ་དབྱིངས་ཀྱི་སྤྲིན་དཀར་འདབ་མ་ཞིག་ལ་མཐམས་ནས་རི་ལུང་སྟོང་ཕྲག་གིས་བཅད་པའི་རི་བོ་ཧི་མ་ལ་ཡའི་ཕ་རོལ་དུ་སླེབས་ཤིང་། ཁ་བ་བུ་ཡུག་འཚུབ་པའི་ས་མཐའ་ནས་ལོ་ཟླ་དུ་མར་སེམས་ཀྱིས་མྱོང་ཞིང་སྣིང་གིས་ཚོར་བའི་<<རྒྱང་རིང་གི་སྦྲ་ནག>> ང་དངོས་སུ་ཐུག་ནས། རང་གི་ཆེས་བདེ་སྐྱིད་ཀྱི་རྨི་ལམ་དེ་གཞི་ནས་མངོན་འགྱུར་བྱུང་བར། དགའ་བ་དང་། དུང་བ་དང་། བརྩེ་བ་བཅས་ཀྱི་དགའ་སྐྱོ་ཟུང་འབྲེལ་གྱི་མིག་ཆུ་ཕྲོམ་ཕྲོམ་དུ་བཞུར།

སྐབས་དེར། རྒྱུས་མངའ་མེད་པའི་གོམསྒྲ་དེ་སླར་ཡང་ཁོ་དང་ཉེ་ལ་རིང་བའི་ས་གཞི་ནས་གྲགས་ཏེ། ཁོ་རང་བསམ་གཞིགས་ལས་དཀྲོག་པས། ཁོས་ད་གཟོད་གཞི་ནས་འདི་ནི་ཁོ་རང་གི་རེ་སྨོན་དང་ཕུགས་འདུན་གྱིས་ཁེངས་པའི་རྨི་ལམ་ཐུན་གཅིག་ཡིན་པ་ཤེས་ལ། སང་ཉིན་ལ་གསེར་མདོག་གི་ཉི་གཞོན་ཞིག་འཆར་ངེས་བསམ་ནས་གཉིད་དུ་ཡུར།

ཡོང་ཁུངས། ངེད་དྭ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།