FriOctFri2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལས་སུམ་པ་མཛོ་རྫོང༌།

༡ མཁའ་ཐོག་རྒྱལ་དང་འདན་མ་འཐབ་པ། ༢ གཡུ་ལྷས་ལྷ་མདའ་འཕེན་པ།

༄༅། །གླིང་གེ་སར་རྒྱལ་པོའི་སྒྲུང་༼སུམ་པ་མཛོ་རྫོང་༽སྟེ། གླིང་པས་སུམ་པའི་རྒྱལ་ཁབ་དབང་དུ་འདུས་ཚུལ་གྱི་ནང་དོན་སྙིང་བསྡུས་ནི། ཨ་ཕོ་ཁྲོ་ཐུང་གིས་སུམ་པ་རྒྱལ་པོའི་སྲས་མོ་མེ་ཏོག་མཚོ་ཟེར་བ་བཙན་ཁྲིད་བྱས་པའི་རྐྱེན་གྱིས།

སུམ་པ་རྒྱལ་པོས་ཐབས་སྣ་ཚོགས་ཀྱིས་ཁྲོ་ཐུང་འཛིན་བཟུང་བྱས་ཏེ། གུར་གྱི་སྒོར་བཏགས་ནས་དྲི་བ་ནན་པོ་བྱས། སྲས་མོ་མེ་ཏོག་མཚོ་གླིང་གི་ས་ཆར་ཡོད་པ་ཤེས། དེ་ནས་དཔའ་རྟུལ་ཕན་ཚུན་འཐབ་རེས་འགའ་ཤས་བྱུང་བའི་རྗེས་སུ། གེ་སར་རྒྱལ་པོས་སུམ་པའི་ཡུལ་ལ་དམག་དྲང་རྒྱུའི་ཐག་བཅད་དེ། དམག་མི་འབུམ་གཅིག་ཙམ་གྲ་སྒྲིག་བྱས།
རིམ་བཞིན་གླིང་དམག་ལ་རྒྱལ་ཁ་ཐོབ་པས། སུམ་པའི་རྒྱལ་ཁང་གི་ལྕགས་རི་ཕྱི་མ་རྣམས་གླིང་དམག་ལ་ཤོར་བའི་སྐབས་སུ་སུམ་པའི་རྒྱལ་པོ་འཇིགས་སྐྲག་གིས། བྱའི་གསོབ་ནང་ཞུགས་ཏེ་བྲོས་ཀྱང༌། གླིང་སེང་ཆེན་རྒྱལ་པོས་འཕྲུལ་གྱི་ཞགས་པས་བཀྱིགས། དེ་ནས་སུམ་པའི་བཙན་རྫོང༌། སྨུག་རུ་རྩེ་རྫོང་དེ་ཡང་གླིང་གིས་བླངས། སུམ་པའི་འབངས་མི་སེར་རྣམས་ལ་རྒྱུ་ནོར་མང་པོ་འགྱེད་ཅིང༌། དགེ་བ་བཅུའི་ཁྲིམས་སྲོལ་གཏོད། སུམ་པའི་སྡེ་ཚོགས་རྣམས་གླིང་གི་ལྷ་སྡེའི་ཁོངས་སུ་བཅུག
དེར་མ་ཟད། གེ་སར་རྒྱལ་པོ་སུམ་པའི་ཡུལ་གྱི་གཏེར་གནས་ཉི་ལུང་རྟ་ཁྲ་གོང་མར་བྱོན་ནས། ཡུལ་ལྷ་གཞིས་བདག་རྣམས་ལ་གསོལ་མཆོད་ལེགས་པར་མཛད་དེ། བྲག་ལ་མདའ་བརྒྱབ་པས་གཏེར་སྒོ་ཕྱེ་ནས་མཛོ་གཡང་བླངས། དེ་བཞིན་གངས་རི་མཆོད་རྟེན་འདྲ་བ་ཞིག་ནས་གཡང་དཀར་ལུག་གི་གཏེར་ཡང་བཞེས་ཚུལ་གསལ་ཞིང༌། མཇུག་མཐར་ཨ་ཁུ་ཁྲོ་ཐུང་རི་དྭགས་རྔོན་གྱུར་དགའ་བའི་ལེ་ཚན་རེ་ཟུང་ཡོད་པ་བཅས། ཤེས་རིག་ལས་ཁུངས་ནས། བོད་རྒྱལ་ལོ་ ༢༡༣༥  ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༢༥ ལ།

 

གེ་སར་བཀའ་བཞིན་གླིང་རྒོད་ཀྱིས། །སུམ་རྒྱལ་སྨུག་རྫོང་ཡོངས་སུ་བསྐོར། །དཔའ་རྒོད་དམར་འཛིངས་བྱས་པའི་མཐར། །རྫོང་སྒོ་ཕྱི་བར་གླིང་པས་བཟུང༌། །

གླིང་གི་སྒར་ཆེན་བཏེགས་ནས་རྟ་དམག་སེར་རྒོད་ཡར་ཡར། རྐང་དམག་རྡུལ་རླངས་འཁྲིགས་འཁྲིགས་བྱས་ནས་སུམ་པའི་གཡུ་རུ་སྨུག་རྫོང་ཕྱོགས་སུ་བཤར། འགྲན་མེད་སེང་ཆེན་རྒྱལ་པོར་བློན་ཆེན་དང༌། དཔའ་རྟུལ་བཅོ་ལྔས་བསྐོར་ཏེ། འུར་ཆིལ་ལེར་བྱོན་ནས་དེ་ནུབ་འབྲོང་བུ་རོ་ཐང་དུ་བཞུགས།  ཕྱི་ཉིན་ཐོ་རེངས་ཀྱི་སྐར་ཆེན་ཤར་བ་དང་དཔུང་ཆེན་འུར་སེ་བཀྱག་ནས་ཐོན་པས། ཉི་མ་ཤར་བའི་སྐབས་སུམ་པའི་གཡུ་རུ་སྨུག་རྫོང་གི་འགྲམ་དུ་འབྱོར། སྟོབས་ཆེན་འབུམ་དམག་རྣམས་རུ་བཞིར་བགོས་ནས། ཤར་ལྷོ་ནུབ་བྱང་གི་སྒོ་ཨ་ལོང་ལྟར་བསྐོར། བློན་པོ་དང་དཔའ་རྟུལ་རྣམས་ལྷ་གུར་མཐོང་བ་ཀུན་སྨོན་གྱི་ནང་དུ་གྲོས་ལ་བཞུགས། གྲོས་བྱུས་ལྟར་སང་གི་ཉི་མ་རྩེ་ཤར་ཐོག་ལྷ་སྲས་དགྲ་ལྷ་དང༌། ཉི་འབུམ། ཆོས་འགྲུབ་གསུམ་གྱིས་ཁས་ལེན་ཁྲི་དམག་ལྔའི་སྣ་དྲངས་ནས་སྨུག་རྫོང་གི་ཤར་སྒོར་མཆོངས་པ་དང༌། ཤར་སྒོའི་མཁར་ཁུང་ནས་མདའ་དང་རྡོ་ཅི་རིགས་འཕངས་པས་གླིང་དམག་ཤི་རྨས་མང་ཙམ་བྱུང༌། འོན་ཀྱང་གླིང་པ་ཚོས་མདའ་མཚོན་དྲག་ཆར་འབབ་པ་ལྟར་འཕེན་པ་དང་མཉམ་དུ་སྐས་ཁར་བརྟེན་ནས་ལྕགས་རིར་མཆོངས་རྒྱུའི་གྲབས་བྱས། དགྲ་ལྷ་དང་ཉི་འབུམ་གཉིས་ཀྱིས་ཁས་ལེན་པ་ཁག་གཅིག་ཤར་སྒོར་མེ་འབུད་པར་མངགས། མེའི་དུ་རླངས་འཁྲིགས་པ་དང་དགྲ་ལྷ་ཉི་འབུམ་གཉིས་ཀྱིས་ཤུགས་ཆེན་བརྒྱ་རྩམ་དཔུང་བསྒྲིགས་ནས་སྒོ་ཁར་མཆོངས་པ་དང་དུས་གཅིག་ཏུ། སྡོང་དུམ་ཤུགས་ཀྱིས་འབུད་པས་སྒོ་གཏན་དུམ་བུར་སོང་ནས་ལྕགས་སྒོ་ལེབ་ཆེན་ས་ལ་འགྱེལ། གླིང་དམག་རྣམས་གཅིག་ཤོར་གཉིས་ཤོར་བྱས་ནས་ནང་དུ་ཤོར་བ་དང༌། སུམ་པའི་བློན་པོ་ནམ་མཁའ་ཐོག་རྒྱལ་གྱིས། མདུང་རིང་གཡུལ་རྒྱལ་ཁྲག་འཐུང་དེ་སྲས་དགྲ་ལྷར་སྐར་མདའ་ཆད་པ་ལྟར་བསྣུན་ཀྱང་གོ་ཁྲབ་མ་ཕིགས། སྲས་དགྲ་ལྷས་ཡ་ཟི་དཀར་འདྲེན་གཡུགས་ཐེངས་གཉིས་ལ་ཁོའི་སྐེ་དང་དཔུང་མཚམས་སུ་ཕོག་ནས་ཐང་ལ་ལྷུང་སྟེ་ཤི  གླིང་དམག་རྣམས་ངར་སྒྲ་ལྡིར་ལྡིར་ངང་བར་སྒོར་བཅར་ནས་མཆོངས་པ་དང༌། སྒོ་སྲུང་དམག་དང་དམར་འཛིངས་བྱེད་དུས་དགའ་བདེས་རྡོ་ཕ་བོང་འབྲོང་གཡག་གི་རོ་ཙམ་ཞིག་འུར་རྡོ་བརྒྱབ་པ་ལྟར་འཕངས་སོང་བས་ཁྲོ་སྒོ་ལེབ་ཆེན་དུམ་བུ་ཁ་ཤས་ལ་བཏང༌། སུམ་པའི་བློན་པོ་གློག་འོད་ཁྲི་རྒྱལ་གྱི་བྲང་ཁར་ཡར་རྡོ་ལུག་མགོ་ཙམ་ཞིག་ཕོག་ནས་ས་ལ་འགྱེལ་བ་དང༌། གླིང་དམག་རྣམས་འུར་གྱིས་བཤར། ནུབ་སྒོར་བཤན་ཚ་རླུང་ལྷ་དང༌། སོག་བློན་ནམ་མཁའ་ཐོག་བཟུང༌། སྟོབས་ཆེན་གསུམ་གྱིས་ལས་དམག་བརྒྱ་རེ་རུ་རེ་བཟོས། རུ་གཉིས་ཀྱི་དཔུང་ཤུགས་བསྒྲིལ་ནས་ནུབ་སྒོར་དུས་གཅིག་ཏུ་ལྕགས་མདུང་ཤུགས་ཀྱིས་འབུད། འབུད་ཐེངས་གསུམ་པར་ཟངས་སྒོ་ཝང་སེ་ཕྱེ་ནས་གླིང་དམག་རྣམས་ནང་དུ་ཤོར་བྱུང༌། སུམ་བློན་ཐ་ཆུང་རབ་གསལ་ཡར་ལངས་ཏེ་རལ་གྲི་ཤུབས་ནས་འདྲེན་སྐབས། གླིང་གི་རླུང་ལྷས་མདུང་བསྣུན་མ་ཉིད་རབ་གསལ་བཀུམས་ནས་གླིང་དམག་ཆུ་རྒོད་ཤོར་བ་ལྟར་བར་སྒོར་རྒྱུགས། བྱང་སྒོར་གཡུ་ལྷ་དང༌། སེང་སྟག་གཉིས་ཀྱིས་དཔུང་འཇུག་བྱས་ནས་དུས་ཡུན་རིང་ཙམ་སོང་རུང༌། ལས་དམག་ཤི་རྨས་མང་ཙམ་བྱུང་བ་ལས། སྒོ་གཏོར་མ་ཐུབ་པས་ཁྲོ་ཐུང་གིས་ནམ་མཁའ་ལ་སྡིགས་མཛུབ་ཅིག་བྱས་པ་དང་ནམ་མཁར་སྤྲིན་ནག་མང་པོ་འཁོར། འབྲུག་གིས་ངར་སྒྲ་གྲགས། སེར་དྲུག་བབས་པ་དང་མཉམ་དུ་བྱང་སྒོར་ཐོག་བརྒྱབ་ནས་ལྕགས་རི་ཡང་ཐོར། གཡུ་ལྷས་དཔུང་སྣེ་འདྲེན་བཞིན་ལྕགས་རིའི་ནང་ཡོམ་ཡོམ་འུར་འུར་གྱི་ནང་དུ་ཤོར་སོང་བ་དང༌། གླིང་འབུམ་དམག་གིས་གཡུ་རུ་སྨུག་རྫོང་གི་ཕྱོགས་བཞིའི་ཕྱི་སྒོ་རྣམས་བླངས། ལྷ་སྲས་དགྲ་ལྷས་དཔུང་དྲངས་ནས་བར་སྒོ་ལེན་པར་ཤོར་སྐབས། སུམ་བློན་ཁྲི་རྒོད་གཡུལ་རྒྱལ་དེ་ངར་རྒོད་གཏིང་ནས་འཁྲུགས་ཏེ་ཐེ་ཚོམ་མེད་པར་དགྲ་ལྷའི་གདོང་བཀག དགྲ་ལྷས་དལ་མོར་རྟ་ཁ་བཀག ཡ་ཟིའི་གྲི་མགོ་ནས་བཟུང་སྟེ་གླུ་ཐུང་འདི་བླངས་སོ། །

གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །ལྷ་ཆེན་ཚངས་པ་དཀར་པོ་མཁྱེན། །གཉན་ཆེན་སྐུ་ལྷ་གེར་འཛོ་མཁྱེན། །ཀླུ་ཆེན་གཙུག་ན་རིན་ཆེན་མཁྱེན། །དགྲ་ལྷ་གཉན་སྟག་དམར་པོ་མཁྱེན། །མཁྱེན་གཟིགས་ཨ་ཕོའི་གྲོགས་ལ་བྱོན། །ས་འདི་ས་ངོ་མ་ཤེས་ན། །མཐའ་ཡི་སུམ་པ་རྒྱལ་པོ་ཡི། །ལྕགས་རི་ཤར་གྱི་བར་སྒོ་རེད། །ང་དང་ང་ངོ་མ་ཤེས་ན། །རྨ་ཁམས་གླིང་ཡུལ་ཁྲ་མོ་ནས། །རྨ་ཐང་པདྨའི་ཡར་གོང་ནས། །དངུལ་ཆུ་ཁྲོ་རྫོང་ནང་བཅུད་ཀྱི། །འབུམ་པའི་དགྲ་ལྷ་རྩེ་བརྒྱད་ཟེར། །དཔའ་ལ་དགྲ་ཤ་ཟ་མི་ཡིན། །འགྲན་མེད་རྒྱལ་པོའི་ཁུ་ཚ་ཡིན། །ཁོ་རེ་ཉོན་དང་ཨ་ཙ་ར། །མགོ་རྨོག་དཀར་སྟེང་ལ་ལ་ཐོད་དཀྲིས། །ལུས་ཁྲབ་དཀར་སྟེང་ལ་རས་ཁྲ་གྱོན། །གཟུགས་བདེ་འཁྱུག་མེད་ལེ་གླང་རྒན་འདྲ། །གཏམ་སྐད་འཇིགས་མེད་ལེ་ཡི་དྭགས་འདྲ། །རྟ་སྒ་ཤིང་མི་དགོས་ཀོ་བའི་གདན། །སྡུག་ཁྱེད་འདྲའི་གདོང་ལེན་ཡིད་རེ་མུག །དཔེ་བཞག་ན་འདྲ་མ་ཨེ་འདྲ་གདའ། །སེང་དཀར་མོ་གངས་རི་འགྲིམས་པའི་དུས། །ཁྱི་དཱ་ལིས་འགྲན་འདོད་ཡ་རེ་ང༌། །འབྲོང་བྲེད་སེར་རྫ་ལ་འགྱིངས་པའི་དུས། །ཁྱིམ་གླང་རྒན་འགྲན་འདོད་ཡི་རེ་མུག །གླིང་དཔུང་རྒོད་རྒྱུག་པའི་ངར་ལམ་ལ། །ཁྱེད་སྡར་མས་འགྲན་འདོད་ཉམ་རེ་ང༌། །ང་འབུམ་པའི་དགྲ་ལྷ་རྩེ་བརྒྱད་མདུན། །ཁྱེད་ཚེ་ཟད་འོང་བ་སྙིང་རེ་རྗེ། །    ཞེས་དེ་ལྟར་གླུ་བླངས་པ་དང༌། ཁོས་མདུང་སྐར་མདའ་བརྒྱབ་པ་ལྟར་བསྣུན་ཀྱང༌། དགྲ་ལྷའི་སྟོད་ཁྲབ་རྣམས་ཚལ་ལེར་གཏོར་བ་མ་གཏོགས་ནང་དུ་ཚེ་གོས་ཀྱིས་བླངས་ནས་གནོད་མ་བྱུང༌། དགྲ་ལྷས་ཡ་ཟི་གཡུགས་ཐེངས་གཅིག་ལ་སུམ་བློན་ཁྲི་རྒོད་གཡུལ་རྒྱལ་གྱི་མགོ་རྨོག་དཀར་སྟེང་ལ་ཕོག་པས་རྨོག་སིང་སྒྲ་འཁྱིལ་ལེར་གཏོར་བ་དང༌། མགོའི་ཀླད་པ་ཐམས་ཅད་བར་སྣང་ལ་འཐོར་ནས་གྲོངས། གླིང་དམག་གིས་གཡུ་རུ་སྨུག་རྫོང་གི་ཕྱོགས་བཞིའི་བར་སྒོ་བླངས་ནས་རྫོང་སྒོ་ནས་མར་རུབ་ཡོང་བ་དང༌། སུམ་བློན་ཞིག་མྱུར་དུ་རྒྱལ་པོའི་སར་སོང་ནས་རྫོང་སྒོ་ཕྱི་མ་དང་བར་མ་གླིང་པར་ཤོར་ཚུལ་ཞུས། སུམ་རྒྱལ་གྱིས་ད་ཡག་མ་སོང་བསམས་ནས། གཟིམ་ཆུང་སྦུག་མ་ནས་བྱ་གསོབ་འཁུར་ཤོག་ཅེས་བཀའ་ཕབ་པ་དང༌། བློན་ཆེན་གནམ་ལྷ་ཉི་མ་ཁྲི་བཙན་ལ་བཀའ་གྲོས་རགས་ཙམ་བྱས་རྗེས་བྱ་གསོབ་ལ་ཞུགས་ནས་ནམ་མཁར་འཕུར་རོ། །

གཉིས་པ།

གླིང་པས་བསྐོར་བས་སུམ་པའི་རྗེ། །དངངས་ནས་བྱ་གསོབ་བཞུགས་ཏེ་བྲོས། ། སེང་ཆེན་བྱེ་དགོན་ལྷ་ལ་སྤྲུལ། །འཕྲུལ་གྱི་ཞགས་པས་སུམ་རྗེ་བཀྱིགས། །

སུམ་རྒྱལ་གའུ་རྒྱལ་མཚན་བྱ་གསོབ་ལ་བསྡད་ནས་ནམ་མཁར་འཕུར་བ་དང༌། སུམ་ཡུལ་གྱི་སྤང་སྣ་རྩེ་མོར་བབས། གར་འགྲོ་བསམ་གཞིགས་ནན་པོ་གཏོང་བཞིན་ཡོད་པ་རྒྱལ་མཆོག་ནོར་བུ་དགྲ་འདུལ་གྱིས་མཁྱེན་ནས། ཕྱི་ཉིན་ནམ་གསལ་བ་དང་མི་དཀར་པོ་དུང་གི་ལ་ཐོད་ཡོད་པ་ཞིག་ལ་སྤྲུལ། རྐྱང་དཀར་པོ་ཞིག་ལ་བཅིབས་ནས་སྤང་སྣའི་རྩེ་ལ་བྱོན་ཏེ་བྱེ་མ་ལྷ་བཙན་ཡིན་ཁུལ་མཛད་ནས་གུང་བཙན་རྒྱལ་པོར་གླུ་འདི་འདྲ་ཞིག་བཞེས་སོ།།
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ས་འདི་ས་ངོ་མ་ཤེས་ན། །བླ་རི་སྤང་སྣའི་ཡང་རྩེ་རེད། །ང་དང་ང་ངོ་མ་ཤེས་ན། །སུམ་པའི་བྱེ་མ་ལྷ་བཙན་ཡིན། །གསོན་དང་གུང་བཙན་གནམ་གྱི་རྒྱུད། །རྒྱལ་པོའི་གྲོགས་ལ་ཆེད་དུ་འོང༌། །ཕོ་ལྷ་མོ་ལྷ་སྲུང་མ་རྣམས། །འཁོར་ཚོགས་བློན་པོའི་གྲོགས་སུ་ཡོད། །མ་བཞུགས་ལ་མོར་རྫོང་མཁར་བྱོན། །ཆུ་ཡིས་རི་རབ་བསྐོར་ན་ཡང༌། །ས་འཛིན་རྩེ་མོ་སྐམ་པོ་ཟེར། །གླིང་པས་རྫོང་སྒོ་བསྐོར་ན་ཡང༌། །མཁར་བཅུད་རྩེ་མོ་སུམ་པར་ཡོད། །དེ་རིང་ཉི་མའི་གདོང་གང་ལ། །གུང་བཙན་གནམ་གྱི་རྒྱལ་པོ་ཁྱེད། །མ་བཞུགས་འཕྲལ་དུ་གཡུལ་ལ་ཞུགས། །ཇོ་རུའི་གདོང་ལེན་མྱུར་དུ་མཛོད། །དཔའ་ངར་མ་གཡུལ་གྱི་རྭ་བར་མཆོངས། །མཐའ་རྒྱལ་ཁའི་རྟགས་མ་ལེན་པར་གཉེར། །ཝ་རྔ་མ་ཤར་ལེར་བྲོས་པ་ལས། །སྟག་འཛུམ་དྲུག་ཉིལ་ལེ་འཆི་དགའ་ཟེར། །ང་ལྷ་བཙན་རྒྱལ་པོའི་དཔུང་རོགས་ཡིན། །འཁོར་བློན་ཚོགས་འགོ་མེད་འཇོག་པ་ལས། །དཔའ་བསྐྱེད་ནས་གཡུལ་ངོར་མཆོངས་ན་དགའ། །རྒོད་གླིང་བློན་ཆམ་ལ་ཕབ་ན་དགའ། །ཡུལ་སྲུང་མ་བློན་འཁོར་གྲོགས་སུ་བྱོན། །ཁྱེད་རྒྱལ་པོའི་ཡིད་ལ་དེ་ལྟར་ཞོག །ཅེས་གླུ་དེ་ལྟར་བླངས་པ་དང༌། སུམ་རྒྱལ་གྱི་བསམ་པར།  དེ་རིང་བྱེ་མ་ལྷ་བཙན་གྱིས་ང་ལ་དངོས་སུ་གཟུགས་བསྟན་ནས་གླིང་ངན་འདུལ་བའི་སྐབས་བབ་ལུང་བསྟན་བྱེད་ལུགས་དང༌། སུམ་པའི་ལྷ་རྣམས་གྲོགས་སུ་བྱོན་ལུགས་བཅས་ལ་བལྟས་ན། ངེད་སུམ་པའི་དམག་ལ་རྒྱལ་ཁ་འཐོབ་རྒྱུའི་བརྡ་ཡིན་པར་གོ་ནས་སུམ་རྒྱལ་གྱིས་འཐབ་མོ་བློ་ཐག་ཆོད་པ་ཞིག་བྱེད་དགོས་བསམས་ནས་བྱ་གསོབ་ཕུད་པ་དང༌། རྒྱལ་མཆོག་ནོར་བུ་དགྲ་འདུལ་གྱིས་ཞགས་པ་ཁམས་གསུམ་རང་འགུགས་དེ་གཡུགས་ཏེ་བཟུང་ནས་གེ་སར་གྱི་སྐུ་མདུན་དུ་འཁྲིད། སུམ་རྒྱལ་བྱ་ཐབས་བྲལ་ནས་སེང་ཆེན་རྒྱལ་པོའི་མདུན་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ཤིང་ཐལ་མོ་སྦྱར། འདི་ཕྱིའི་སྐྱབས་གནས་ཞུ་དགོས་བསམས་ནས། བླ་མ་སེང་ཆེན་རིན་པོ་ཆེ། ཞལ་མཇལ་བ་ཙམ་གྱིས་བ་སྤུ་གཡོ། གསུང་ཐོས་པ་ཙམ་གྱིས་དད་པ་སྐྱེས། རིང་མོའི་མཚན་ཐོས་སྔར་ནས་བྱུང༌། ཉེ་མོའི་ཞལ་མཇལ་དེ་རིང་ཡིན། ཞལ་མཇལ་དགའ་ཚོར་འདི་འདྲ་བྱུང་ཟེར་ནས་གླུ་འདི་ཕུལ་ལོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །དེ་རིང་ལྷ་ཞིག་འབོད་ལེ་འདི། །ལྷ་ཆེན་གངས་རི་ཁྲབ་དཀར་མཁྱེན། །ཐེ་བྲག་རྫ་རི་སྨུག་བཙན་མཁྱེན། །བདུད་རྗེ་ཁྲོ་བདུད་མིག་དམར་མཁྱེན། །ཡུལ་བདག་བྱེ་མ་ལྷ་བཙན་མཁྱེན། །མཁྱེན་པས་གཟིགས་ལ་གླུ་སྣ་དྲོངས། །ས་འདི་ས་ངོ་མ་ཤེས་ན། །བླ་རི་སྤང་སྣ་དུང་རྩེ་ཟེར། །ང་དང་ང་ངོ་མ་ཤེས་ན། །གུང་བཙན་གནམ་ལྷའི་གདུང་རྒྱུད་ལ། །སུམ་པ་གའུ་རྒྱལ་མཚན་ཟེར། །དེ་རིང་ཉི་མ་ཕན་ཆད་ལ། །ཁ་ལ་ཡི་གེ་ཨོམ་ཞིག་མེད། །ལག་ཏུ་སྲོག་གཅོད་བཤན་གྲི་ཐོགས། །ལས་སུ་ཤ་ཁྲག་འཁོར་ལོ་བསྐོར། །ཟས་སུ་ཤ་རུས་ཁྲག་གསུམ་བྱས། །རང་སེམས་རློམས་པས་དགའ་སྣང་འཆར། །འགྱོད་སེམས་དེ་རིང་གཞི་ནས་བྱུང༌། །རྫ་ཡི་འབྲོང་བུ་རོག་པོ་ལ། །གླང་རྒན་ར་འགྲན་མི་ཡོང་ཟེར། །ནགས་ཐང་རྐྱང་བུ་ཁ་དཀར་ལ། །བོང་རྒན་བང་ཁ་མི་དོ་ཟེར། །ཆབ་ཀྱི་ཉ་མོ་འཁྱུག་འགྲོ་ལ། །རུས་སྦལ་ཁ་ཡ་མི་སྲིད་ཟེར། །འགྲན་མེད་རྒྱལ་པོའི་ས་ཆ་ལ། །རྒོད་རྒོད་འགྲུལ་ལམ་མི་ཉན་ཟེར། །མཁར་བཙན་བློ་རྒོད་འཛོམས་ས་ལ། །འཁོས་ཆུང་ལས་ཉེས་མི་ཕོད་ཟེར། །ཟེར་ཟེར་བསླབ་བྱ་མང་ན་ཡང༌། །དོན་གྱི་རྡོག་ཁ་གཅོད་པའི་དུས། །སེང་ཆེན་རྒྱལ་པོར་འགྲན་སེམས་འཆར། །དེ་རིང་བསམ་ཞིབ་བྱེད་པའི་དུས། །གྱོད་འགེལ་སུམ་པས་བྱས་ནས་གདའ། །མཐོལ་བཤགས་བཟོད་བཞེས་སྙིང་ནས་ཞུ། །དེ་སྔ་ཅི་བྱས་འགྱོད་པས་བཤགས། །གཡུལ་ངོར་ཤོར་བའི་བློན་ཆེན་དྲུག །ཁྲི་བློན་ཉི་ཤུ་རྩ་ལྔ་དང༌། །ལས་དམག་ཁྲི་ཚོ་བདུན་པོ་དེ། །ངན་འགྲོར་མ་གཏོང་ཡར་འདྲེན་མཛོད། །དེ་སྔ་མ་མཇལ་སྙིང་ནས་འགྱོད། །དེ་རིང་མཇལ་བ་དགའ་སྤྲོ་འཕེལ། །སུམ་པ་གུང་བཙན་ཁྲི་རྒྱལ་ང༌། །ཁྱུང་དཀར་མཛོ་ཡི་བདག་པོ་ཡིན། །བྲག་དཀར་སེངྒེ་མཆོངས་ཤེས་ལ། །དུང་སེང་མཁའ་ལ་འགྱིང་འདྲ་ཡོད། །སེང་ཁོག་དུང་གི་ཕོ་བྲང་ལ། །མཛོ་གཡང་གྭ་པ་རུ་དམར་ཡོད། །ཁྱུང་མཛོ་ལྔ་བརྒྱས་བསྐོར་ནས་ཡོད། །ཤེལ་ལུང་གངས་རིའི་མཆོད་རྟེན་ལ། །གཡང་དཀར་ལུག་གི་གཏེར་ཁ་ཡོད། །ལུག་གཡང་དུང་རྭ་གཡས་འཁྱིལ་ལ། །ཕོ་མོ་བཞི་བརྒྱས་བསྐོར་ནས་ཡོད། །གཡུ་ཞགས་བསམ་གྲུབ་ནོར་འཛིན་དེ། །རྒྱལ་པོ་ང་ཡི་ལས་ཟོག་ཡིན། །གཞན་གྱིས་བཅངས་ན་དངོས་མེད་ཡིན། །ང་ཡིས་བཟུང་ན་དངོས་ཡོད་ཡིན། །དུང་སེང་ང་ཡིས་མ་བཟུང་ན། །གཞན་གྱིས་བཟུང་བའི་རེ་བ་མེད། །ཞགས་ཀྱིས་དུང་སེང་ང་ཡིས་བཟུང༌། །ཁྱུང་དཀར་མཛོ་དང་གཡང་དཀར་ལུག །དུང་སེང་ནོར་གྱི་གཏེར་ཁ་རྣམས། །ཅི་ཡོད་རྒྱལ་པོར་སྐྱབས་རྟེན་འབུལ། །སྔར་སོང་བླ་མའི་ཞལ་མ་མཇལ། །རང་ལོ་ཉེར་བདུན་མ་སོན་བར། །མི་དགེ་སྡིག་པའི་ལས་ལ་གཉེར། །ལས་འབྲས་དཀར་ནག་བརྩི་མི་ཤེས། །གདམས་ངག་བདུད་རྩིའི་དོན་མ་རྟོགས། །སེང་ཆེན་བླ་མ་ངོ་མ་ཤེས། །འཐབ་ཡར་འགྲན་པས་གའུ་འགྱོད། །དེ་རིང་གསེར་ཞལ་མཇལ་བའི་དུས། །མ་ཤི་གསོན་ཐབས་ཡོང་བ་མཛོད། །རབ་ན་རྒྱལ་པོའི་བློན་པོར་སྐྱོང༌། །དེ་ལྟར་ཐུཌ་ཀྱིས་མ་དགོངས་ན། །ཁྱི་རྫི་རྟ་རྫི་ནོར་རྫི་སོགས། །གང་འོས་ཞབས་ཞུ་ཧུར་གྱིས་ལེན། །དགེ་བའི་གདམས་ངག་ཐོབ་པའི་རྗེས། །དཀར་པོའི་ཆོས་ལ་ཅི་ནུས་བྱེད། །ནག་པོའི་སྡིག་ལ་འཛེམ་ལེ་ཡིན། །ཅི་དྲག་མགྲན་མེད་རྒྱལ་པོས་དགོངས། །ངེད་རང་བཟའ་མི་བུ་མོ་བཅས། །རང་ཡུལ་སུམ་པར་མ་བཞག་པར། །ཁྲ་མོ་གླིང་ལ་འཁྲིད་རོགས་མཛོད། །བྱམས་དང་སྙིང་རྗེ་སྐྱོང་རོགས་མཛོད། །རང་ཡུལ་སུམ་པའི་མངའ་འབངས་འདི། །ལྷ་འབངས་ཁྱད་མེད་མཉམ་སྐྱོང་མཛོད། །སེང་ཆེན་བླ་མའི་ཐུགས་ལ་བཞེས། །གླུ་འཁྲུལ་པ་སོང་ན་མཐོལ་ལོ་བཤགས། །ངག་འཆལ་པ་བྱུང་ན་བཟོད་པར་གསོལ། །
ཞེས་གླུ་དེ་ལྟར་ཕུལ་བ་དང༌། སེང་ཆེན་རྒྱལ་པོ་འཛུམ་པའི་ཞལ་རས་ལྷ་ཞལ་དཀར་པོ་ཉ་གང་འདྲ་ལེ་དེ་ཁྲ་འཁྱིལ་ལེར་གའུ་རྒྱལ་མཚན་ལ་གཟིཌ་ནས་སྐེ་ཡི་ཞགས་སྣེ་བཀྲོལ། ཕྱག་མགོ་བོར་བཞག་ནས་ན་རེ། ཕོ་ལམ་འགྲོ་ཅན་ལ་ནོར་ཡ་མེད། ལས་བཟང་པོ་རང་གཞན་གཉིས་ཀར་ཡོད། ཁྱོད་ལྷ་ཆོས་དགེ་བ་པང་དུ་ལོངས། མི་དགེའི་སྡིག་པ་རྒྱབ་ཏུ་སྐྱུར་གསུངས་ནས་ངག་རྡོ་རྗེ་རང་སྒྲ་ལ་དྲངས་ཏེ་གླུ་འདི་གསུངས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །གནས་འོག་མིན་ཆོས་སྐུའི་ཕོ་བྲང་ནས། །ཆོས་སྐུ་ཀུན་ཏུ་བཟང་པོ་མཁྱེན།།ཤར་རི་བོ་ཏཱ་ལའི་ཞིང་ཁམས་ནས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་མཁྱེན། །གནས་ཟངས་མདོག་དཔལ་རིའི་ཕོ་བྲང་ནས། །སྤྲུལ་སྐུ་པདྨ་འབྱུང་གནས་མཁྱེན། །གནས་སྤྱི་གཙུག་པད་མའི་གདན་སྟེང་ནས། །མགོན་དྲིན་ཅན་རྩ་བའི་བླ་མ་མཁྱེན། །ལུས་སྒོ་གསུམ་གུས་པའི་གསོལ་བ་འདེབས། །ས་འདི་ས་ངོ་མ་ཤེས་ན། །སུམ་པ་རྒྱལ་པོའི་ས་ཆ་རེད། །བླ་རི་སྤང་སྣའི་ན་ཐང་རེད། །ང་འདྲ་ང་ངོ་མ་ཤེས་ན། །ལྷ་རིགས་མི་ཡི་རྒྱལ་པོ་ལ། །གོང་མ་ལྷ་ནས་མངགས་ལེ་ཡིན། །འཛམ་གླིང་གེ་སར་རྒྱལ་པོ་ཟེར། །སངས་རྒྱས་སྟོང་གི་ཕོ་ཉ་ཡིན། །སྔ་དྲོ་བསད་པའི་ཤན་པ་ཡིན། །ཕྱི་དྲོ་འདྲེན་པའི་བླ་མ་ཡིན། །མགོ་ནག་བདེ་ལ་འགོད་མི་ཡིན། །བདུད་ནག་ཆམ་ལ་འབེབས་མི་ཡིན། །དེ་རིང་ཚིག་གི་རྡོག་ཁ་ལ། །འདི་ལོ་གནམ་ལོ་ཚེས་ཤར་ཐོག །ངེད་གླིང་དཀར་སྟག་རོང་ཁྲོ་ཐུང་གིས། །ཁྱེད་གའུའི་བུ་མོ་མེ་ཏོག་མཚོ། །ཁ་གཏམ་དཔེ་གསང་བས་གླིང་ལ་ཁྲིད། །ཁྱེད་ངང་ཐུང་སུམ་དམག་གླིང་ལ་ཕབས། །གླིང་ཐབས་མེད་འབུམ་དམག་སུམ་པར་སྤུངས། །ངེད་གླིང་དཀར་དམག་གིས་སྨུག་རྫོང་བསྐོར། །ཁྱེད་ཐབས་མེད་བྱ་གསོབ་རྟེན་ནས་བྲོས། །ངེད་འཕྲུལ་གྱི་ཞགས་པས་བྲོས་ལམ་བསྐོར། །ང་སེང་ཆེན་སྤྲུལ་པ་འགྱེད་པའི་དུས། །ཁྱེད་གུང་བཙན་དབང་མེད་རང་མདོག་ཕྱུངས། །དཔེ་བཞག་ན་འདྲ་མ་ཨེ་འདྲ་གདའ། །ཤར་ཁྲི་གདུགས་འོད་ལམ་འཕྱར་བའི་དུས། །གངས་བ་མོ་གྲང་ངར་ཤུགས་ཀྱིས་བཞུར། །གངས་དར་སེང་ངར་སྒྲ་འབྱིན་པའི་དུས། །ཁྱིམ་སེང་ཕྲུག་སྨུག་སྒྲ་རང་བཞིན་འཇོམས། །ཟེར་བའི་གཏམ་དེ་བདེན་ལེ་རེད། །དེ་རིང་ཉི་མ་གདོང་གང་ལ། །ལས་སྡིག་པ་རྩེན་པའི་གུང་བཙན་ཁྱོད། །ལུས་ཐལ་མོ་སྦྱར་ནས་པུས་མོ་བཙུགས། །ངག་སྒོ་ཡངས་ཕྱེ་ནས་འགྱོད་བཤགས་བྱས། །ཡིད་དད་པ་སྐྱེས་ནས་སྐྱབས་གནས་བཅོལ། །སྔར་བྱས་སོང་སྡིག་ལས་སྤང་གི་ཟེར། །ད་ཕྱིན་ཆད་དགེ་བཅུ་བླང་གི་ཟེར། །ཁྱེད་ལྷ་ཆོས་སྙིང་ནས་འཇུག་ངེས་ན། །རྒྱུ་ཚོགས་གཉིས་རྫོགས་པའི་ཡོན་ཏན་འོང༌། །ལམ་སྒྲིབ་གཉིས་བྱང་པའི་ལེགས་ཚོགས་བྱུང༌། །དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད། །སེམས་དད་པ་སེང་ཆེན་ང་ལ་ཞོག །བློ་དག་སྣང་གླིང་དཀར་སྟོད་ལ་གྱིས། །ཆོས་ཟབ་མོའི་དབང་ལུང་ང་ཡིས་བྱེད། །གླིང་ལྷ་གྲལ་ཁོངས་སུ་ང་ཡིས་བཙུད། །མཐོ་ཐར་པའི་ལམ་དུ་ང་ཡིས་འཇུག །ཁྱེད་གུང་བཙན་ཡིད་ལ་དེ་ལྟར་འཆིང༌། །ནོར་མཛོ་གཡང་བྲག་ནས་བླངས་པའི་རྗེས། །བོད་འཛམ་གླིང་སྤྱི་ཡི་བརྒྱན་དུ་འཇོག།བོད་ཕྱི་རབས་གཏམ་རྒྱུད་བཟང་ལེ་ཡིན། །ཕོ་རང་གཉིས་འདུག་བྱུས་བདེ་ལེ་ཡིན། །གོང་ལྷ་ཡི་འགྲོ་དོན་བསྒྲུབ་ལེ་ཡིན། །ཁྱེད་ལམ་འགྲོ་ཅན་གྱི་ཡིད་ལ་ཞོག །
ཅེས་དེ་ལྟར་ཞལ་གྱིས་བཞེས་པ་དང་གའུ་རྒྱལ་མཚན་དགའ་སེམས་ཀྱི་བ་སྤུ་ལང་ལོང་དུ་གཡོ་བ་དང༌། དད་གུས་ལྷག་པར་དུ་ཆེར་སྐྱེས་ཏེ་སེང་ཆེན་རྒྱལ་པོར་ཕྱག་དགུ་འཚལ། རྒྱལ་པོས་ད་ངེད་གཉིས་སྒར་དུ་ལོག་དགོས་གསུངས་ནས་གླིང་གི་སྒར་དུ་ཕྱག་ཕེབས། གླིང་པ་རྣམས་ཀྱིས་ལྷ་བསངས་དང་བཅས་བསུ་བ་ཞུ་སྐབས། རྒྱལ་མཆོག་གི་སྐུ་རྗེས་སུ་སུམ་རྒྱལ་ཡོད་པ་མཐོང་ནས་ཚང་མའི་བསམ་པར། སུམ་རྒྱལ་གྱིས་འགྲན་མེད་རྒྱལ་པོར་མགོ་འབུལ་ཞུས་པར་ངེས། བྱ་བ་དེ་བཟང་གདའ་སྙམ་ནས་དགའ་སྤྲོའི་ངང་ལྷ་གུར་ཁྲ་མོའི་ནང་གདན་འདྲེན་ཞུས་ནས་རང་རང་གི་ཁྲིར་འཁོད་པ་དང༌། གུང་བཙན་ལ་ཡང་ཁྲི་ཆུང་ཞིག་བརྒྱབ་ནས་བཟའ་འཐུང་ཞལ་གྲོ་ཅི་རིགས་མཛད། སེང་ཆེན་རྒྱལ་མཆོག་དམ་པས་དཔའ་རྟུལ་རྣམས་ལ་དཔའ་དར་གཟེངས་བསྟོད་དང་བྱ་དགའ་གྱ་ནོམ་པ་གནང་ནས་རྒྱལ་བློན་རྣམས་གྲོས་ལ་བཞུགས་པར་གདའོ། །

གསུམ་པ།

རྒྱལ་བློན་ཚོགས་དབུས་དྲན་ཤར་གྱིས། །བྱུས་བཀོད་དགྲ་ལྷས་མེ་འབུད་བརྗོད།  ། སུམ་བློན་བྲེལ་གྱིས་གནམ་སྒོ་ཕྱེས།   །སྨུག་རུ་རྩེ་རྫོང་གླིང་གིས་བླངས།    །

སྟོབས་ཆེན་གླིང་གི་རྒྱལ་བློན་རྣམས་འཐབ་བྱུས་ཀྱི་གྲོས་ལ་བཞུགས་པ་དང་མདུན་གྲལ་གྲལ་གྱི་གྲལ་འགོ་ཙན་དན་དམར་པོའི་ཁྲི་སྟེང་ནས་བློན་རྒན་དྲན་པ་རང་ཤར་གྱིས་གྲོས་ཀྱི་གླུ་ཁུ་བྱུག་ལྡེམ་འགྱུར་ལ་དྲངས་ཏེ་འདི་འདྲ་ཞིག་བླངས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །དེ་རིང་ལྷ་ཞིག་འབོད་ལེ་འདི། །ལྷ་ཆེན་བྱ་ཁྲི་རྐང་བཙན་མཁྱེན། །རང་ཡུལ་ཁ་ཆེའི་ལྷ་རྣམས་མཁྱེན། །མཁྱེན་གཟིགས་ཨ་ཕོའི་གླུ་སྣ་དྲོངས། །ས་འདི་ས་ངོ་མ་ཤེས་ན། །མཐའ་མི་སུམ་པའི་ས་ཆ་ཡི། །ལྷོ་ཡི་ཉ་མོ་གཤོག་ཐང་རེད། །ང་དང་ང་ངོ་མ་ཤེས་ན། །ནུབ་ཁ་ཆེ་ཁྲི་བརྟན་ས་ཆ་ཡི། །གུར་གུམ་སྨན་རིའི་མར་གཤམ་གྱི། །དུང་དཀར་ལྷོ་རྫོང་ནང་བཅུད་ལ། །བློན་རྒན་དྲན་པ་རང་ཤར་ཟེར། །ཤེས་གསལ་དྲི་མེད་དར་དཀར་ལ། །བློ་ཉེས་དྲི་མ་འགོས་མ་མྱོང༌། །དེ་སྔོན་ཁྲི་བརྟན་ནང་བློན་ཡིན། །གྲོས་ཀྱི་བརྒྱ་ཐག་གཅོད་མི་ཡིན། །འགྲན་མེད་གླིང་དཀར་རྒྱལ་བློན་རྣམས། །སྙན་དབང་ལན་གཅིག་ང་ལ་གསོན། །སུམ་གླིང་འཁྲུགས་ནས་ལོ་གཅིག་སོང༌། །གླིང་རྒོད་བཤར་བའི་ངར་ལམ་ལ། །སུམ་པའི་ལས་དམག་ཧྲག་བསྡུས་དེ། །གྲོག་ཚང་འུར་རྡོས་གཏོར་འདྲ་བཟོས། །སུམ་རྒོད་ལག་དམར་ཁྲག་ལ་སྦྱར། །སུམ་རྒྱལ་ཐབས་མེད་མགོ་འབུལ་ཞུས། །བློ་ཁ་དཀར་པོ་གླིང་ལ་གཏད། །རྒྱལ་མཆོག་ནོར་བུའི་ཆོས་བློན་བྱས། །གནའ་བོ་བོད་ཀྱི་གཏམ་དཔེ་ལ། །མེ་ཏོག་པདྨ་འདམ་ལ་སྐྱེས། །འདམ་གྱི་དྲི་མ་མ་འགོས་པར། །ལྷ་ཁང་བུམ་པའི་ཁ་རྒྱན་ཟེར། །ཟེར་བའི་གཏམ་དེ་བདེན་ལེ་རེད། །སུམ་པའི་གུང་བཙན་སྡིག་གིས་རྨོངས། །འགྲན་ཡ་གླིང་དཀར་ལྷ་སྡེར་བྱས། །སེང་ཆེན་བླ་མའི་ཞལ་མཇལ་བས། །སྡིག་བཤགས་བློ་ཁ་ཆོས་ལ་གཏད། །འགྲན་མེད་རྒྱལ་པོའི་བློན་པོར་གྱུར། །སྔ་ཟེར་ཁ་དཔེ་དེ་རིང་དོན། །བྱུང་བསམ་ཨེ་དགོངས་རྒྱལ་བློན་རྣམས། །སྨུག་རྫོང་ཕྱི་སྒོ་བར་སྒོ་གཉིས། །ཕོ་རྒོད་གླིང་པས་བཟུང་ན་ཡང༌། །ནང་རྫོང་གླིང་པའི་ལག་ཏུ་མེད། །སང་གི་ཚེས་པ་ཉེར་གསུམ་ལ། །དགྲ་རྒོལ་གཟའ་སྐར་བཟང་ལེ་རེད། །དགྲ་ལྷ་དཔོན་དང་གཡུ་ལྷ་གཉིས། །སེང་སྟག་དགའ་བདེ་བྱེ་བློན་ལྔ༌། །ཉི་འབུམ་བློན་དང་འཇང་སྲས་བདུན། །ཧྲག་བསྡུས་རྟ་དམག་བཅུ་རེས་བསྐོར། །ལ་མོར་གཡུ་རུའི་རྫོང་དུ་སོང༌། །དམར་པོ་མེ་ཡིས་འཇིགས་པ་སྐུལ། །རྫོང་རྩེ་རང་གི་ལག་ཏུ་ཡོད། །ནང་གི་རྒྱུ་ནོར་མཛོད་སྦུག་རྣམས། །འགོ་འཛིན་རྣམས་ཀྱིས་ཐམ་ཁ་གནོན། །གང་སོང་བོར་བརླག་མེད་པ་གྱིས། །དཔོན་རྒྱུད་རྣམས་ལ་སྤྱན་འབུལ་དགོས། །གནངས་ཀྱི་ཚེས་པ་ཉེར་བཞི་ཉིན། །འགྲན་མེད་རྒྱལ་མཆོག་ནོར་བུ་ལ། །བློན་ཆེན་དཔའ་རྟུལ་བཅོ་ལྔས་བསྐོར། །ཉི་ལུང་རྟ་ཁྲ་གོང་མར་བྱོན། །མཛོ་གཡང་ཕྱི་རབས་རྒྱན་དུ་བཞེས། །ས་ལུང་ཆགས་པའི་རྒྱུས་ཞིབ་ལ། །ཁྲི་རྒྱལ་གུང་བཙན་མཉམ་དུ་ཕེབས། །རེད་གདའ་དགོངས་ན་ཐུགས་ལ་ཞོག །
ཅེས་གྲོས་དོན་གྱི་གླུ་དེ་ལྟར་ཞུས་པ་དང༌། རྒྱལ་བློན་རྣམས་ཀྱིས་དེ་ལྟར་འགལ་མེད་དུ་བསྒྲུབ་འོང་ཟེར་ནས་སྒར་དུ་ལོག ཕྱི་ཉིན་ཐོ་རེངས་སྐར་ཆེན་གྱི་འོད་འཚེར་བའི་དུས་གོང་མངགས་དཔོན་བློན་བདུན་པོས་རང་ཤོག་གི་ཁུངས་རྟ་དམག་བཅུ་རེ་ཁྲིད་ནས་སུམ་རྫོང་གི་རྫོང་རྩེ་ལེན་པར་ལམ་ལ་ཞུགས། སྨུག་རྫོང་གི་ལྕགས་རི་བར་མའི་ཕྱོགས་བཞི་ནས་ལེབ་ཆེན་རྔ་བོ་འུར་བརྡུང༌། སྐད་ཆེན་དུང་མོ་འུར་འབུད་བྱས་པ་དང་མཉམ་དུ་སྐས་ཁ་བཙུགས་ནས་རྫོང་རྩེར་མཆོང་རྩིས་བྱེད་དུས། སུམ་དམག་གིས་མདའ་གཡབ་ནས་མདའ་དང་རྡོ་སོགས་གང་བྱུང་འཕངས་པས། གླིང་དམག་ལ་ཤི་རྨས་ཆེ་ཙམ་བྱུང་རུང༌། ད་རུང་ཤུགས་ཀྱིས་རྫོང་རྩེར་འགྲོ་སའི་གནམ་སྒོ་འཕྲོག་ཐབས་ཅི་རིགས་བྱས་ཀྱང་མ་ཕན། ཕན་ཚུན་བསད་རྨས་མང་ཙམ་བྱུང༌། སུམ་བློན་སྟོང་རྗེའི་བསམ་པར། ངེད་ཀྱི་ངར་རྒོད་བློན་ཆེན་གཉིས་གླིང་པས་བསྒྲལ་སོང་བས། མཚོན་གྱི་འགྲན་ཡ་མི་ཡོང༌། ད་གླིང་པའི་རྒོད་པོ་ཞིག་དང་དཔུང་འཛིངས་བྱས་ཏེ་མཉམ་དུ་ཤི་བ་དགའ་བསམས་ནས། ཤུགས་ཀྱིས་བྱེ་བློན་གྱི་སྟེང་དུ་མཆོངས། བྱེ་བློན་ཆོས་འགྲུབ་ཀྱིས་གློ་གྲི་རྩེ་ངར་དེ་སྟོང་རྗེར་བཙུགས་པ་དང་ས་ལ་འགྱེལ། སུམ་དམག་རྣམས་ཀྱིས་བློན་པོ་གསུམ་ཤོར་བ་མཐོང་ནས། ད་མགོ་འབུལ་ཞུས་ན་ཡག་ལེ་གདའ་སྙམ་ནས་གཅིག་གིས་མགོ་འབུལ་བྱེད་དོ་ཟེར་བ་བྱིངས་ཀྱིས་ཐོས་ནས་པུས་མོ་སར་བཙུགས། མཚོན་ཆ་གནམ་ལ་བཏེགས་ནས་བསྡད། རྫོང་རྩེའི་གཙང་ཁང་ཞིག་གི་ནང་དུ་ལོ་ན་མཐོ་བའི་སུམ་བློན་དུང་ཁྲི་འོད་ལྡན་འདུག་པ་དང༌། གཙང་ཁང་གི་སྐར་ཁུང་ནས་སུམ་དམག་མགོ་འབུལ་བྱས་པ་མཐོང་ནས་འཐབ་མོ་བྱེད་པའི་རེ་བ་བྲལ་ཏེ། ད་མགོ་མ་སྒུར་ན་རྒས་འཁོགས་ཤི་མ་རན་གོང་ནས་ཤི་ལེ་གདའ་བསམས་ནས། དར་དཀར་པོ་ཞིག་ལག་ཏུ་ཐོགས་ནས་མར་འོང་བས་དགྲ་ལྷ་དང་འཕྲད། དུང་ཁྲིས་འཕྲལ་དུ་པུས་མོ་བཙུགས། ལག་པས་དར་འཕྱར་ནས་ལྷ་སྲས་ནོར་བུ་རིན་པོ་ཆེ། ཐུགས་ཁྲོ་བ་མཆིས་ཀྱང་འཛུམ་པར་མཛད། མི་རྒན་གྱི་འགྱོད་བཤགས་གླུ་འདི་གསོན་ཨང་ཟེར་ནས་གླུ་འདི་འདྲ་ཞིག་ཕུལ་ལོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །དེ་རིང་ལྷ་ཞིག་འབོད་ལེ་འདི། །ལྷ་ཆེན་གངས་རི་ཁྲབ་དཀར་མཁྱེན། །ཐེ་བྲག་བཙན་དང་ཁྲོ་བདུད་མཁྱེན། །བྱེ་མ་ལྷ་ཡིས་གླུ་སྣ་དྲོངས། །ས་འདི་ས་ངོ་མ་ཤེས་ན། །ཉི་ལུང་རྟ་ཁྲ་གོང་མ་ཡི། །ཤེལ་རྫོང་རབ་དཀར་ནང་བཅུད་ལ། །བློན་རྒན་དུང་ཁྲི་འོད་ལྡན་ཟེར། །བྱུས་ཀྱི་གྲོས་འགོ་འཛིན་མི་ཡིན། །ད་ལོའི་གནམ་ལོ་ཚུར་ཤར་ལ། །སུམ་གླིང་དཔུང་རྒོད་དེ་ཙམ་འཁྲུགས། །སྟོབས་ཆེན་གླིང་གི་དཔུང་ཡ་ལ། །འཁོས་ཆུང་སུམ་པས་འགྲན་ཡ་བཟུང༌། །མ་རིགས་ལས་མོ་ལག་ཏུ་གཉེར། །འབྲས་ངན་རང་གི་མགོ་ལ་འཁོར། །གནའ་མི་བོད་ཀྱི་གཏམ་དཔེ་ལ། །མཁའ་འོད་འབུམ་ཁྲི་གདུགས་ཉི་མ་ལ། །ས་མེ་ཁྱེར་འབུ་ཡིས་འགྲན་ནས་སོང༌། །རི་རྡོ་རྗེ་བྲག་གི་རྡོ་དཀར་ལ། །བྱ་སྲ་མེད་སྒོང་བས་འགྲན་ནས་སོང༌། །ཐང་སྤང་ཆེན་ཁ་དཀར་རྐྱང་མོ་ལ། །ཁྱིམ་རྒྱུག་མེད་བོང་བུས་འགྲན་ནས་སོང༌། །གླིང་དགུང་གྲགས་སྟོབས་ཆེན་འབུམ་དམག་ལ། །སུམ་ཚོད་མེད་དམག་གིས་འགྲན་ནས་སོང༌། །དེ་བཟློག་མེད་ལས་ཀྱིས་བཀུགས་པ་འདྲ། །བྱུས་བྱ་ཐབས་བྲལ་སོང་རིན་པོ་ཆེ། །དགྲ་ཕར་འཐབ་བྱས་འབྲས་རང་ལ་འཁོར། །བློ་ཤེས་རབ་ལྡན་ཀྱང་མི་ཕན་ཟེར། །སྡུག་འགྱོད་པས་མནར་ཡང་ཕྱི་ལེ་ཟེར། །དེ་རིང་གཏམ་གྱི་ཞུ་དོན་ལ། །བློན་རྒན་མ་གསོད་ཚེ་ཐར་ཐོངས། །རབ་ན་ལྷ་བློན་གྲས་སུ་འཁོད། །འབྲིང་ན་རྟ་རྫི་ཁྱི་རྫིར་འཇོག །མཐའ་མ་རང་སྲོག་ཐར་ཙམ་ཞིག །ལྷ་སྲས་ནོར་བུའི་ཐུགས་ལ་བཞེས། །
ཅེས་གླུ་དེ་ལྟར་ཞུས་པ་དང༌། ལྷ་སྲས་དགྲ་ལྷས་ཁྱེད་ཀྱིས་གླིང་ལ་འོས་མེད་འཐབ་ཡ་བྱས་པར། འགྱོད་སེམས་ཆེན་པོས་སྲོག་སྐྱོབས་ནན་ཆེར་ཞུས་པས། དགྲ་ལག་འོག་ཚུད་ན་པང་གི་བུ་ལས་བྱམས་ཟེར་བའི་དཔེ་ལྟར་བྱེད་གསུངས་པ་དང༌། ཡང་ཐོག་གི་གཟིམ་སྦུག་བཀྲ་ཤིས་འཁྱིལ་བའི་ནང་ནས་ལྕམ་གནམ་བཟའ་མེ་ཏོག་དང༌། སྲས་མོ་དུང་ཟླ་འོད་དཀར་གཉིས་ཀྱིས་དར་དཀར་ཡུག་རེ་ལག་ཏུ་ཐོགས། ཕྱག་འཚལ་བཞིན་གླིང་བློན་རྣམས་ཀྱི་མདུན་དུ་བཅར་ནས་སྲོག་སྐྱོབ་ཡོང་བ་ཞུས་པ་དང༌། མཛོད་ཀྱི་ལྡེ་མིག་གང་ཡོད་བཞེས་རོགས་ཞེས་ཡར་ཕུལ། ལྷ་སྲས་དགྲ་ལྷ་ན་རེ། ཁྱེད་གཉིས་ཀྱི་རེ་བ་ལྟར་འོང་གསུངས་ནས་ལྡེ་མིག་ཚུར་བཞེས་ཏེ། མཛོད་སྦུག་གང་ཡོད་ལ་ཐམ་ག་མནན་ནས་འགོ་འཛིན་སེང་སྟག་དང་གཡུ་ལྷ་གྲོངས་མེད་གསུམ་བཀོད། དགྲ་ལྷས་གཙོས་པའི་བློན་བཞི་ཉི་མ་དགོངས་ཁ་ཙམ་ལ་གླིང་སྒར་དུ་ཕེབས་ནས། གཡུ་རུ་སྨུག་རྫོང་གི་རྫོང་རྩེ་བླངས་པའི་སྐོར་རྒྱལ་མཆོག་དམ་པར་སྙན་སྒྲོན་ཞུས་ནས་གསུང་གླེང་སྣ་ཚོགས་མཛད་པའི་སྐབས། སུམ་རྒྱལ་གྱི་བསམ་པར་ངེད་བློན་གསུམ་གྱི་དཔའ་རྩལ་ལ་འགྲན་ཡ་མེད་བསམས་ཀྱང༌། དེ་རིང་གླིང་གིས་མགོ་ལག་བླངས་འདུག་པས། གླིང་དཔུང་རྒོད་ལ་འགྲན་མི་ནུས་ཟེར་བ་བདེན་གདའ་བསམས་ནས་འགྱོད་པ་དྲག་པོས་མགོ་བོ་དུད་ནས་བསྡད་པར་གདའོ། །

བཞི་པ།

གེ་སར་བློན་འཁོར་བཅོ་ལྔས་བསྐོར། །མྱུར་མྱུར་མཛོ་གཡང་ཕབས་པར་བྱོན། ། ཆུང་ཆུང་མི་ཡིས་མཆོར་མོ་བསད། །སེང་ཆེན་ཁྲོ་བས་བཀའ་ནན་མཛད། །

འགྲན་མེད་སེང་ཆེན་རྒྱལ་པོས་སུམ་པའི་གའུར་དབུགས་དབྱུང་མཛད་ནས་འདན་མ་དང༌། དགྲ་ལྷ། དགའ་བདེ། ཉི་འབུམ། འཇང་སྲས། གཡུ་ལྷ། དཔའ་མོ། དུང་སྐྱོང༌། ཆོས་འགྲུབ། སུམ་རྒྱལ། སྟོབས་ཆེན། ཁྲོ་ཐུང༌། མི་ཆུང༌། ཐང་རྩེ། གཡུ་འབྲུག་བཅས་ཁོང་རྒྱལ་བློན་བཅུ་བདུན་ཉི་ལུང་རྟ་ཁྲ་གོང་མ་ལ་ཕེབས་པ་དང༌། བློན་རྒན་དུང་ཁྲིས་ཇ་འདྲེན་ཟབ་རྒྱས་ཕུལ། ཉི་མ་དྲོ་ཁ་ཙམ་ལ་རྟ་ཁྲ་གོང་མའི་རྟ་མཆོག་ཕོ་བྲང་གི་གཤམ་དུ་འབྱོར་བ་དང༌། རྒྱལ་མཆོག་རིན་པོ་ཆེ་ཡིས་གཞུ་མོ་ར་རྒོད་འཁྱིལ་བའི་སྟེང་དུ་མདའ་མོ་ཨང་ཀི་ལིང་དམར་བཞག གཏེར་འབྱེད་པའི་བཀྲ་ཤིས་གཡང་གི་མགུལ་གླུ་འདི་ལྟར་བཞེས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །ནུབ་བདེ་ཆེན་ཆོས་སྐུའི་ཞིང་ཁམས་ཀྱི། །མགོན་འོད་དཔག་མེད་ལ་གསོལ་བ་འདེབས། །མ་འགྲོ་དྲུག་བདེ་བར་འགོད་པར་ཤོག །ཤར་རི་བོ་ཏཱ་ལའི་ཞིང་ཁམས་ནས། །མགོན་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །བདུད་མ་རུང་ཡོད་རྒུ་འདུལ་བར་ཤོག །ལྷ་གོང་མའི་འགྲོ་དོན་འགྲུབ་པར་ཤོག །ས་འདི་ས་ངོ་མ་ཤེས་ན། །སུམ་པ་མཐའ་ཡི་ས་ཆ་ཡི། །ཉི་ལུང་རྟ་ཁྲ་གོང་མ་རེད། །རྟ་མཆོག་བྲག་གི་མར་གཤམ་རེད། །ང་དང་ང་ངོ་མ་ཤེས་ན། །བོད་འཛམ་གླིང་ས་གཞི་ཡངས་པ་ལ། །བདུད་མ་རུང་རང་དགར་སྤྱོད་པའི་ཚེ། །ཕྱོགས་བཅུའི་སངས་རྒྱས་བཀའ་གྲོས་མཛད། །བདུད་མི་གཟན་འདུལ་བའི་སྐྱེས་བུ་ཞིག །གོང་མ་ལྷ་ཡིས་བཀའ་ཕབ་ལྟར། །ང་བུ་ཏོག་མི་ཡི་ཡུལ་དུ་འོང༌། །གླིང་ལྷ་རྒྱུད་དཀར་པོའི་གདུང་རིགས་ལ། །གེ་སར་སྐྱེས་བུ་དོན་འགྲུབ་ཟེར། །བདུད་དངོས་ཡོད་ཐམས་ཅད་ཆམ་ལ་ཕབ། །དངོས་མེད་ཐམས་ཅད་སྤྲུལ་པས་བཏུལ། །གོང་མ་ལྷ་ཡི་བསྟན་དོན་བསྒྲུབས། །མགོ་ནག་མི་ཡི་འགྲོ་དོན་བསྒྲུབས། །དེ་རིང་བཀྲ་ཤིས་ཉི་མ་ལ། །བོད་འཛམ་གླིང་སྤྱི་དོན་འགྲུབ་པ་ལ། །གླིང་ལྷ་དམག་སུམ་པའི་ཡུལ་དུ་སྤུངས། །སུམ་ཁྲ་མོ་ལྷ་སྡེའི་ཁོངས་སུ་བཙུད། །སླར་ཡང་ལྷ་ཞིག་འབོད་ལེ་འདི། །ཤར་རྨ་རྒྱལ་སྤོམ་ར་ལྷ་ཡི་རྗེ། །རྨ་རིགས་སུམ་བརྒྱ་དྲུག་ཅུས་བསྐོར། །དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །སུམ་པའི་མཛོ་གཡང་འབེབས་རོགས་མཛོད། །ལྷོ་འཛམ་བུ་མཐོ་རིས་ལྷ་ཡི་རྗེ། །ལྷ་རིགས་སུམ་སྟོང་དྲུག་བརྒྱས་བསྐོར། །དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །སུམ་པའི་མཛོ་གཡང་འབེབས་རོགས་མཛོད། །བྱང་རིན་ཆེན་གཙུག་ན་ཀླུ་ཡི་རྗེ། །ཀླུ་རིགས་སུམ་བརྒྱ་དྲུག་ཅུས་བསྐོར། །དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །སུམ་པའི་མཛོ་གཡང་འབེབས་རོགས་མཛོད། །སྟེང་དག་པ་ལྷ་ཡི་གཞལ་ཡས་ནས། །ལྷ་ཆེན་ཚངས་པ་དཀར་པོ་ལ། །ལྷ་འཁོར་བྱེ་བ་ས་ཡས་བསྐོར། །དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །སུམ་པའི་མཛོ་གཡང་འབེབས་རོགས་མཛོད། །བར་གངས་རི་ཤེལ་དཀར་གུར་ཁྱིམ་ནས། །གཉན་ཆེན་སྐུ་ལྷ་གེར་འཛོ་ལ། །གཉན་དམག་ཁྲི་འབུམ་དྲུག་བརྒྱས་བསྐོར། །དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །སུམ་པའི་མཛོ་གཡང་འབེབས་རོགས་མཛོད། །འོག་ཕྱོགས་མཚོ་ཡི་ཀློང་དཀྱིལ་ནས། །ཀླུ་རྒྱལ་གཙུག་ན་རིན་ཆེན་ལ། །ཀླུ་དམག་ལྔ་སྟོང་སུམ་བརྒྱས་བསྐོར། །དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །སུམ་པའི་མཛོ་གཡང་འབེབས་རོགས་མཛོད། །དགྲ་ལྷ་སྟོང་དང་ཝེར་མ་འབུམ། །ཕྱོགས་བཞི་མཚམས་བརྒྱད་ཀུན་ནས་སྲུང༌། །མ་ཤོར་ལྷ་ཡིས་སྡོང་གྲོགས་མཛོད། །མདའ་སྣེ་གཉན་སྟག་དམར་པོས་འཚོས། །བྲག་སྒོ་ཝང་སེ་འབྱེད་པར་ཤོག །མཛོ་གཡང་ལག་ཏུ་ལོན་པར་ཤོག །མཛོ་གཡང་བོད་དུ་དར་བར་ཤོག །
ཅེས་གླུ་དེ་ལྟར་བཞེས་པ་དང༌། ཕྱག་མདའ་སྤྲིངས་པས་བྲག་སྒོར་ཐོག་བརྒྱབ་པ་ལྟར་གཏོར་བ་དང༌། བྲག་ཕུག་ནང་ནས་རྭ་ཅོ་བྱུ་རུ་ལ་རྨིག་བཞི་གཡུ། ཁ་དཀར་དུང་གི་མེ་ལོང་བརྒྱན་འདྲ། རྔ་མ་ལྷོ་སྤྲིན་འཚུབ་འདྲ་ཡོད་པའི་མཛོ་གཡང་གྭ་པ་རུ་དམར་ལ། རང་འདྲ་ཁྱུང་དཀར་ལྔ་བརྒྱས་བསྐོར་ནས་ནག་ཉིལ་ལེར་མར་བྱུང་བ་དང༌། དགའ་བདེས་ལྷ་ཞགས་གཡུགས་ནས་མཛོ་གཡང་གྭ་པ་རུ་དམར་བཟུང༌། ཁོང་རྣམས་ཀྱིས་མཛོ་གཡང་དེ་ལྕགས་ཕུར་ལ་བཏགས། དེ་ནས་རྒྱལ་བློན་རྣམས་མར་ཙམ་ཕེབས་ནས་བྲག་ནག་གི་གཤམ་དུ་འབྱོར་བ་དང༌། རྒྱལ་པོས་རྟ་ཆེན་བྲག་རི་ཧབ་གཤགས་དེ་བྲག་གི་མཚལ་ཐམ་གཡུང་དྲུང་འབར་བའི་ངོས་ལ་ལན་གསུམ་བུད་པས་བྲག་སྒོ་ཝང་སེ་ཕྱེ་བ་དང༌། རྨིག་བཞི་དུང་ལ་རྭ་ཅོ་གཡུ། ལུས་པོ་མཆོར་ལ་སྤུ་རིས་འཇའ་ཚོན་བརྒྱན་པའི་མཛོ་གཡང་མཆོར་མོ་རུ་རིང་བྱུང་བ་དང་ཁྲོ་ཐུང་གིས་ཞགས་པས་བཟུང༌། མཛོ་གཡང་དེས་རྔ་མ་གནམ་ལ་གཡུགས་བཞིན་ཁྲོ་ཐུང་འདྲུད། ཐང་རྩེ་དང་མི་ཆུང་གཉིས་མྱུར་དུ་མཛོ་བཟུང་རོགས་སུ་འོང༌། མཛོས་མི་ཆུང་གི་ཐོག་ཏུ་ཤོར་ཡོང༌། མི་ཆུང་སྐྲག་ནས་གློ་བུར་གྲི་འབུད་པས་མཛོ་ཡི་རྣ་ལྟག་ཏུ་ཕོག་ནས། ཐལ་བ་འཚུབ་སེར་འགྱེལ་བ་དང་དབུགས་རིང་གཅིག་བཏང་ནས་ཤི གླིང་པ་རྣམས་ཧ་ལས་ནས་མཛོའི་འགྲམ་དུ་འཁོར། འདན་མས་མི་ཆུང་ལ་ལྕག་ཚན་ཚ་དྲོ་བ་ཞིག་བརྒྱབ། ཁྲོ་ཐུང་ལ་ལེན་ཁག་མེད་ཟེར་ནས་རྒྱལ་པོར་ཞུས། རྒྱལ་མཆོག་དམ་པ་ཞལ་ངོ་ནག་པོར་གྱུར་ནས་མི་ཆུང་ལ་བཀའ་དྲག་པོ་གནང༌། རྒྱལ་བློན་རྣམས་མཐིལ་ཟམ་རིང་མོ་ཟེར་བའི་ཟམ་ཆེན་བརྒྱུད་སྲིབ་ལུང་མཆོང་རི་སྨུག་པོའི་མར་གཤམ་ལ་བཞུགས། ཕྱི་ཉིན་རི་རྩེར་ཉི་མ་ཤར་བ་དང་ཁོང་རྒྱལ་བློན་རྣམས་མཆོང་རིའི་འགྲམ་དུ་ཕེབས་ནས། གཡུ་ལྷས་ལྕགས་གཞུ་རི་བོ་ཐོག་འབེབས་ཀྱི་ནང་དུ། ལྷ་མདའ་ལྕགས་ནག་འཕུར་ཤེས་བཞག་ནས་མདའ་སྐུལ་གྱི་གླུ་འདི་བླངས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །གནམ་ཐེ་ལྷ་དང་བར་ཐེ་ཁྲ། །ས་ཐེ་ནག་པོས་གླུ་སྣ་དྲོངས། །ས་འདི་ས་ངོ་མ་ཤེས་ན། །སྲིབ་ལུང་མཆོང་རིའི་མར་གཤམ་རེད། །ང་དང་ང་ངོ་མ་ཤེས་ན། །འཇང་ཡུལ་མཐིལ་གྱི་ས་ཆ་ཡི། །ཡང་ཐོག་ཟི་ཁྲིའི་ནང་བཅུད་ལ། །གཡུ་ལྷ་ཕ་བུ་ཐོག་འགྱུར་ཟེར། །ཐོག་དམར་ལག་པས་བཟུང་མི་ཡིན། །ཐོག་ལྕགས་གཞུ་མོའི་སྐྱོར་ཡ་ཡིན། །རྒོད་རྒོད་ཐོག་འགྱུར་ཐོགས་ལེ་ཡིན། །འགྲན་མེད་རྒྱལ་པོའི་ལྷ་བློན་ཡིན། །ལྟོས་དང་ལྟད་མོ་ཨེ་འདྲ་གདའ། །བྲག་ནག་སྨུག་པོ་རང་མདོག་ལ། །མཚན་ཐམ་པ་ཏྲ་གཟུགས་སུ་གདའ། །བྲིས་མི་དགོས་འདི་འདྲ་མཚར་ལུགས་ལ། །ང་གཡུ་ལྷའི་ལྕགས་མདའ་ཕོག་ས་ནས། །བྲག་སྒོ་ཝང་སེ་འབྱེད་ལེ་རེད། །རྒྱལ་པོའི་ཞབས་ཞུ་འགྲུབ་ལེ་རེད། །གླིང་དཔའ་རྒོད་བློ་ཁ་བདེ་ལེ་རེད། །ང་གཡུ་ཆུང་གྲུ་དཀར་འོ་མའི་མདོག །གླིང་ཇོ་རུའི་ཕྲེང་ལ་མཛེས་ལེ་རེད། །དེ་བཀོད་ལེ་མ་རེད་འགྲིགས་ལེ་རེད། །གོང་མ་ལྷ་ནས་འགྲིགས་ལེ་རེད། །
ཅེས་ཟེར་ནས་ལྕགས་མདའ་འུར་སྒྲ་འཁྱིལ་ལེར་འཕངས་པས་མཚལ་ཐམ་གྱི་དཀྱིལ་དུ་ཕོག་ནས་བྲག་སྒོ་ཆེན་པོ་ལིང་ངེར་འགྲིལ་བ་དང༌། བྲག་ཕུག་ནང་ནས་དུང་གི་མཛོ་མོ་དཀར་ཆེན་ལུས་པོ་དུང་ལ་རྭ་ཅོ་གཡུ། རྨིག་བཞི་དངུལ་ལ་རྔ་མ་དུང་ལས་བྱས་པ་ཞིག་རང་འདྲ་དྲུག་བརྒྱས་བསྐོར་ནས་ཁྲ་འཁྱིལ་ལེར་མར་དོན་འོང་བ་དང༌། ཁྲོ་ཐུང་གིས་མོ་སྨན་གསུམ་ལ་སྤྲུལ་ནས་དུང་གཞོང་ནང་ཟས་ཁྱེར་ནས་འབོད་པས་མཛོ་མོ་རྣམས་བསྐོར་བ་འཁྱིལ་ལེར་འཁོར། མཛོ་མོ་བརྒྱ་ཙམ་བཞོས་ནས་རྒྱལ་བློན་རྣམས་ལ་དཀར་ཆུ་འོ་མའི་གསོལ་བ་ལེགས་པར་བྱས་པས། གནག་ཕྱུགས་འཕེལ་བའི་རྟེན་འབྲེལ་གང་ལེགས་བྱུང་ཡང༌། མི་ཆུང་གིས་ནག་ཉེས་ཤོར་བའི་རྐྱེན་གྱིས་མཛོ་ཤ་པ་མེད་པའི་རྟེན་འབྲེལ་ཅུང་འཆུགས། སེང་ཆེན་རྒྱལ་པོས་ཐེ་བྲག་གི་ལྷ་བཙན་དམ་ལ་བཏགས་ནས་མདོ་གླིང་གི་སྲུང་མར་བཀོད། མཛོ་གཡང་བསམ་གྱིས་མི་ཁྱབ་པའི་ཁྱུ་རྣམས་དེད་ནས་རྒྱལ་བློན་རྣམས་ཤེལ་ལུང་གསུམ་མདོར་བྱོན་ནས་བཞུགས། ཕྱི་ཉིན་རི་རྩེར་ཉི་མ་ཤར་བ་དང་མཉམ་དུ་རྒྱལ་པོ་དང༌། འདན་མ། གཡུ་ལྷ། ཉི་འབུམ། དགྲ་ལྷ། འཇང་སྲས། སུམ་རྒྱལ། སེང་སྟག་བཅས་ཁོང་རྒྱལ་བློན་རྣམས་ཤེལ་རི་ལ་ཟེར་བའི་ལ་ཆུང་ཞིག་བརྒྱབ་ནས་གངས་རི་མཆོད་རྟེན་འདྲ་བ་ཞིག་གི་གཤམ་དུ་ཕེབས་ནས་བཞུགས་སྐབས་མེ་ཏོག་གི་ཆར་བབས། སྤོས་ཀྱི་དྲི་ཞིམ་འཐུལ། སྙན་པའི་རོལ་དབྱངས་དཀྲོལ་ནས་ལྟས་བཟང་པོ་ཞིག་བྱུང་བ་དང༌། དགའ་བདེས་འུར་ནང་དུ་རྡོ་ལུག་གི་རོ་ཙམ་ཞིག་བཞག་ནས་བསྐོར་བ་ལན་གསུམ་བྱས་ཏེ་བརྒྱབ་པས། གངས་རི་མཆོད་རྟེན་གྱི་དཀྱིལ་དབུས་སུ་ཕོག་ནས་ཆག་དུམ་འབྲོང་གཡག་གི་རོ་ཙམ་ཞིག་འཐོར་ནས་ཐང་ལ་ལྷུང༌། གངས་རིའི་ཕུག་དཀར་ཁུང་འདྲ་བ་ཞིག་གི་ནང་ནས་ལུག་གཡང་དུང་རྭ་འཁྱིལ་བ་ལ་རང་འདྲ་བཞི་སྟོང་ལྔ་བརྒྱས་བསྐོར་ནས་དུང་ཕྲེང་འཐོར་བ་ལྟར་སྐྱ་ཐེར་རེར་བྱུང་བ་དང༌། དགའ་བདེས་འུར་སྣ་སྤྲུག་པས་ལུག་རྣམས་ལྷས་ལ་འཁོར་བ་ལྟར་ཁོང་རྣམས་ཀྱི་མདུན་དུ་འཁོར་བའི་དུས། གཏེར་བདག་དུང་སེང་གཡུ་རྒྱལ་དེ་གངས་གསེབ་ནས་གཡུ་རལ་ནམ་མཁར་གཟེངས། ངར་སྒྲ་སྒྲོག་བཞིན་རྒྱལ་བློན་རྣམས་ཀྱི་ཐད་དུ་ཤོར་ཡོང༌། སུམ་པ་རྒྱལ་པོས་ཕར་ཙམ་བཅར་ནས་གཡུ་ཞགས་མྱུར་དུ་སྤྲིངས་སོང་བས། གངས་སེང་གི་སྐེ་ལ་བཀོན་ནས་ཁྱི་ཁྲིད་པ་ལྟར་བྱུང་བ་དང༌། གླིང་རྒྱལ་བློན་རྣམས་ཐུགས་ཤིན་ཏུ་དགྱེས་ཏེ། གཏེར་ནོར་རྣམས་དེད་ནས་དགོང་ཁར་སྐར་དུ་ཕྱག་ཕེབས། འགོ་འཛིན་ལས་དམག་གཞན་རྣམས་རང་རང་གི་སྒར་ནས་ཐོན་ཏེ་ཧ་ལས་ནས་ལྟད་མོ་ལྟ་བཞིན་གདའོ། །

ལྔ་པ།

གླིང་རྗེ་སྨུག་རྫོང་ཕྲ་མོར་ཕེབས། །ནོར་འགྱེད་དགེ་བཅུའི་ཁྲིམས་སྲོལ་གཏོད། ། རྨོངས་སེལ་ཤེས་བྱའི་སྒོ་མོ་ཕྱེས། །སུམ་སྡེ་ནག་པོ་ལྷ་སྡེར་བཀོད། །

ཕྱི་ཉིན་རྒྱལ་མཆོག་དམ་པར་བློན་པོ་ལྔ་བཅུས་བསྐོར་ནས་གཡུ་རུ་སྨུག་རྫོང་ལ་ཕྱག་ཕེབས་སྐབས། སུམ་པའི་བློན་པོ་ནོར་བུ་ཆོས་བཟང་གིས་འགྲན་མེད་རྒྱལ་བློན་གྱི་ཆིབས་ཁ་བསུས་ནས་རིམ་བཞིན་ཕོ་བྲང་དུ་གདན་དྲངས། གསོལ་བ་ཞབས་ཏོག་ལེགས་པར་ཞུས། འདན་མ་དང་གཡུ་ལྷ་གཉིས་ཀྱིས་རྒྱལ་པོའི་བཀའ་ལྟར། སུམ་རྫོང་ཕོ་བྲང་སྟེང་གི་རྒྱལ་མཚན་ནག་པོར་མི་མགོའི་ཏོག་ཡོད་པ་དེ་མར་ཕབ། གླིང་གི་རྒྱལ་དར་དཀར་པོ་སྟག་སེང་ཁ་སྤྲོད་དེ་ཡར་བཙུགས་ནས་ཀི་ཀི་སྭོ་སྭོ་དང་ལྷ་རྒྱལ་འུར་འཁྱིལ་ལེར་འཐེན་པ་དང༌། རྒྱལ་བློན་དང་བཅས་པ་འདུ་ར་ཀུན་གླིང་གི་གྲལ་ལ་འཁོད་པའི་རྗེས། གཡུལ་རྒྱལ་མངའ་བདག་གླིང་རྗེ་གེ་སར་རྒྱལ་པོས་སུམ་རྒྱལ་མི་རྗེ་མངའ་འབངས་རྣམས་ལ་བཀའ་འདི་ལྟར་གནང༌། དེ་རིང་ནས་བཟུང་སུམ་རྒྱལ་གླིང་གིས་དབང་དུ་འདུས་ནས་གླིང་ལྷ་འབངས་བཞིན་མཉམ་སྐྱོང་བྱེད་རྒྱུ་ཡིན། སུམ་ཡུལ་མི་རྗེ་མངའ་འབངས་མཐའ་དག་གིས་རྒྱུ་འབྲས་བླང་དོར་མ་ནོར་བར་དགེ་བཅུ་དང་བླངས་བྱེད་རྒྱུ་འགལ་མེད་ནན་ཆེར་དགོས་པས། དེ་ལུགས་སང་ཚེས་ཉེར་བརྒྱད་ལ་གཡུ་རུ་སྨུག་རྫོང་གི་རྫོང་རྩེར་ཉི་ཟེར་ཕོག་པ་དང༌། བློན་པོ་འགོ་འཛིན་བཅས་སྔ་ཕྱི་རིམ་འབྱོར་མེད་པར་མཁར་སྒོར་དུས་འབྱོར་ལས། ཕྱི་འགྱངས་དང་མ་འབྱོར་བ་བྱུང་ཚེ་ངོ་ལོག་འགྲན་འདོད་ཀྱི་སྣང་བར་བཅད་ནས་རྩ་མེད་ཤུལ་བརླག་གཏོང་ངེས་ཡིན་པས་དེ་ལུཌ་ཡིད་ནས་གོ་བར་གྱིས། ཞེས་པ་ཆོས་བློན་མི་ཆུང་གིས་ཡི་གེར་བཀོད་ནས་གཡུ་རུ་སྨུག་རྫོང་ནས་བཏང་ཟེར་བའི་མཇུག་ཏུ། མཚལ་ཐམ་གཡུང་དྲུང་འབར་བ་མནན་ནས་ཕྱོགས་བཞིར་བཀྲམས། ཕྱི་ཉིན་ཞོགས་པ་སུམ་ཡུལ་གྱི་བློན་པོ་དང་འགོ་འཛིན་ཇི་ཡོད་དུས་གཅིག་ཏུ་མཁར་སྒོར་འབྱོར་ནས་འགྲན་མེད་སེང་ཆེན་རྒྱལ་པོའི་མཇལ་ཁ་རིམ་བཞིན་ཞུས། རྒྱལ་མཆོག་དམ་པས་རྒྱུ་འབྲས་སྤང་བླང་གི་ཆོས་དང༌། དགེ་བ་བཅུའི་ཁྲིམས་སྲོལ་མཛད་ནས་ལ་ཀླུང་མེད་པར་རྡོ་སྤུངས་དར་ལྕོག་དང༌། ལྷ་ཁང་མཆོད་རྟེན་བཞེངས་སུ་བཅུག བྱིས་པ་ལོ་བརྒྱད་ཡན་ནས་བཅོ་ལྔ་མན་ཆད་རབ་ཏུ་བྱུང་བའི་སྡོམ་པ་བླངས་སུ་བཅུག་པ་དང༌། ཡིག་སློབ་རྩིས་རིག་གི་ཤེས་བྱར་སྦྱང་བརྩོན་བྱེད་དུ་བཅུག མི་སྐྱ་ཕོ་མོ་མེད་པར་ཡིག་དྲུག་གི་ལུང་གནང༌། འདན་མ་དང་གཡུ་ལྷར་སུམ་པའི་ནོར་མཛོད་ཡོངས་ཀྱི་སྒོ་ཕྱེས་ནས་འབངས་མི་སེར་རྣམས་ལ་ནོར་འགྱེད་བྱེད་གསུངས། འདན་མ་དང་གཡུ་ལྷས་སུམ་པའི་འབངས་ཚང་མར་ནོར་འགྱེད་ཉིན་བཅུ་གཉིས་བཏང་བ་དང༌། རྒྱལ་བློན་རྣམས་རྒྱལ་ཁའི་དགའ་སྟོན་ལ་རོལ་པའི་སྐབས། རྒྱལ་མཆོག་དམ་པས་ཞལ་འཛུམ་པའི་ངང་འགག་མེད་རྡོ་རྗེའི་རང་སྒྲ་ལ་དྲངས་ནས་གླུ་འདི་འདྲ་ཞིག་བཞེས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །དེ་རིང་ལྷ་ཞིག་འབོད་ལེ་འདི། །ཤར་རི་བོ་པོ་ཏའི་ཞིང་ཁམས་ནས། །མགོན་འཕགས་པ་སྤྱན་རས་གཟིགས་དབང་མཁྱེན། །གླིང་སྐྱེས་བུས་གསོལ་བ་སྙིང་ནས་འདེབས། །གླིང་དཀར་པོའི་འགྲོ་དོན་འགྲུབ་པར་ཤོག །གནས་མཁའ་སྤྱོད་གྲུབ་པའི་ཞིང་ཁམས་ནས། །མ་ཡི་དམ་ལྷ་ཚོགས་མཁའ་འགྲོས་གཙོས། །བོད་འཛམ་གླིང་སྤྱི་དོན་འགྲུབ་པར་ཤོག །ས་འདི་ས་ངོ་མ་ཤེས་ན། །གཡུ་རུ་རྫོང་གི་ཡང་ཐོག་རེད། །ང་དང་ང་ངོ་མ་ཤེས་ན། །ཤར་རྨ་ཁམས་གླིང་ཡུལ་ཁྲ་མོ་ནས། །སེང་འབྲུག་སྟག་རྩེའི་ནང་བཅུད་ལ། །འགོག་ཚའི་བུ་སྡུག་ཇོ་རུ་ཟེར། །རྗེ་སངས་རྒྱས་སྟོང་གིས་མངགས་ལེ་ཡིན། །མགོན་རྡོ་རྗེ་འཆང་གི་སྐྱེ་བ་ཡིན། །བདུད་མི་གཟན་འདུལ་བའི་གཤེད་མ་ཡིན། །ཉོན་དང་གླིང་སུམ་དཔུང་འཁོར་རྣམས། །མ་གཡེང་སྐྱེས་བུའི་གླུ་ལ་ཉོན། །ད་ལོ་གཟའ་སྐར་གནམ་ཚེས་ལ། །གླིང་དཀར་འགྲོ་དོན་གྲུབ་ལེ་ཡིན། །སུམ་ཡུལ་ཆོས་ལ་བསྒྱུར་ལེ་ཡིན། །སུམ་རྒྱལ་ལྷ་བློན་བསྐོར་ལེ་ཡིན། །སུམ་བློན་ཕྱི་བློན་བསྐོས་ལེ་ཡིན། །མཛོ་གཡང་རྒྱན་དུ་ཕབ་ལེ་ཡིན། །ཉོན་དང་འདིར་ཚོགས་བློན་པོ་རྣམས། །མ་ནུས་སྐྱབས་གནས་ཞུ་ཉིན་མོ། །སྡིགས་གཏམ་ངོ་བཟོ་བྱེད་རྒྱུ་མེད། །འཇམ་པོ་འཛུམ་གྱིས་བསུ་དགོས་ཡོད། །མཐའ་ཡི་སུམ་པ་རྒྱལ་བློན་རྣམས། །ཐབས་མེད་སྐྱབས་གནས་བཅོལ་བ་ཡི། །ཉམ་ཆུང་སྙིང་རྗེའི་གནས་སུ་གྱུར། །རྒྱུ་ནོར་རུ་གཅིག་ཕར་ལ་སྤྲོད། །ཨེ་རེད་གླིང་དཀར་དཔོན་བློན་རྣམས། །ད་ནས་སུམ་པའི་མངའ་འབངས་རྣམས། །ལྷ་འབངས་ཁྱད་མེད་བྱེད་རྒྱུ་ཡིན། །དབྱར་ལ་དབྱར་ཁྲལ་དེ་དང་གཅིག །དགུན་ལ་དགུན་ཁྲལ་དེ་དང་གཉིས། །སེར་པོ་གསེར་གྱི་ཁྲལ་དང་གསུམ། །དཀར་པོ་དངུལ་གྱི་ཁྲལ་དང་བཞི། །ཁྲལ་བཞི་ཁྲ་མོ་གླིང་ལ་དགོས། །དད་པ་དཀོན་མཆོག་གསུམ་ལ་གྱིས། །མོས་གུས་དཀོན་མཆོག་བསྟན་པར་གྱིས། །དག་སྣང་གསུང་རབ་ཀློག་འདོན་གྱིས། །དགེ་སྡིག་སྤང་བླང་མ་ནོར་དགོས། །ལེགས་ཉེས་མ་ནོར་ཚུལ་བཞིན་སྲུངས། །རྒྱལ་བློན་དཔུང་ཚོགས་ཡིད་ལ་ཞོག །    ཅེས་དེ་ལྟར་གསུངས་པས་སུམ་པའི་རྒྱལ་བློན་རྣམས་ཀྱིས་མགྲིན་གཅིག་ཏུ་རྒྱལ་པོའི་དགོངས་དོན་མི་འགལ་བའི་དམ་བཅའ་བཞག གླིང་དང་སུམ་པའི་རྒྱལ་བློན་རྣམས་དགའ་སྟོན་ཕུན་སུམ་ཚོགས་པ་ཞག་བཅུ་བྱས་པའི་རྗེས། སེང་ཆེན་རྒྱལ་པོས་བྱེ་དགོན་ཆོས་གླིང་དུ་ཞིབ་གཅོད་བྱེད་པར་དགྲ་ལྷ་དང༌། ཉི་འབུམ། འཇང་སྲས། གཡུ་ལྷ། བྱེ་བློན་བཅས་ཁོང་དཔོན་ལྔ་ལ་མཆན་ཁེབས་རྟ་དམག་བརྒྱ་རེས་བསྐོར་ནས་མངགས་པ་དང༌། ཉི་མ་དགོང་ཁ་ཙམ་ལ་བྱེ་དགོན་དུ་འབྱོར་ནས་དམག་རྣམས་དགོན་པའི་ནང་དུ་འགྲོ་དུས། བླ་མ་ནི་རྒྱལ་པོས་དམ་ལ་བཏགས་ཚར་བས་གླིང་ལ་འགྲན་པའི་སྣང་བ་མ་ཤར། དགོན་དེའི་བན་བོན་སུམ་བརྒྱའི་ཞལ་ངོ་ངག་དབང་ཕུན་ཚོགས་དགེ་རྒྱས་ཟེར་བ་དེས་རྟེན་མདུང་ལག་ཏུ་ཁྱེར། གྲྭ་པ་ཉི་ཤུ་ཙམ་ཁྲིད་ནས་ཐེ་མི་ཚོམ་པར་གླིང་དམག་གི་ཁྲོད་དུ་རྒྱུགས་ནས། གླིང་དམག་ལྔ་ཙམ་ཐང་ལ་འགྲིལ། བྱེ་བློན་བྱ་ཐབས་མེད་པར་ཞལ་ངོའི་མདུང་ཁ་བླངས་ནས་གྲི་གཡུགས་ཐེངས་གཅིག་ལ་ལུས་ཕྱེད་གཤགས་བཏང༌། སེར་དམག་ཉི་ཤུ་མ་ལུས་པ་བཀུམས། གཞན་མ་རྣམས་མགོ་སྒུར། ལོག་སྟོན་དབུ་དཀར་དཔོན་གཡོག་བདུན་གླིང་སྒར་དུ་ཁྲིད། རྒྱལ་པོས་དབུ་དཀར་ནང་པའི་བསྟན་པར་བཙུད་ནས་གདམས་ངག་དང་བྱིན་རླབས་གནང་བའི་མཐར། བྱེ་དགོན་གྱི་སློབ་དཔོན་དུ་བསྐོས་ནས་སྔགས་དགོན་ལྷ་སྤྱོད་སྒོམ་གསུམ་ལེགས་པོ་ཞིག་བྱུང་བར་གདའོ། །

ཡོང་ཁུངས་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།