FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

བཟའ་འཁོན་ཞིག་གི་མཇུག་འབྲས།

བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ཞིང་བློ་རྩེ་ཉི་ཤུ་རྩ་ལྔ་བཀོད།

དེ་རིང་གི་གནམ་གཤིས་ནི་ནམ་རྒྱུན་དང་མི་འདྲ་བར་རི་ལུང་ཐམས་ཅད་སྨུག་པ་སྟུག་པོ་ཞིག་གིས་ཀུན་ནས་བཏུམས་ཤིང༌།

ཉི་མ་གཞོན་ནུའང་སུ་ཞིག་ལ་སྐྲག་པ་ལྟར་ནམ་མཁའི་མཐོངས་ནས་སྐབས་རེར་སྤྲིན་གསེབ་ནས་འོད་སྣང་འཕྲོ་ཙམ་རེ་བྱེད་པ་ལས་སྤྲིན་ཕག་ཏུ་ཡིབ་ནས་ཕྱིར་མི་འབུད་པར་འདུག ཤུར་ཤུར་དུ་ལྡང་བའི་གྲང་རླུང་གིས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ཀར་སྔར་མེད་ཀྱི་གྲང་སྣང་ཞིག་བསྩལ་བས་འབྲོང་གཡག་རོག་པོ་ཉལ་འདྲའི་སྦྲ་ཆེན་དེའི་ཁ་ཚབ་ལས་དུ་བ་སྔོ་ལྷོག་ལྷོག་ནམ་མཁར་འཕྱོ་བཞིན་པ་དེའང་བྲེལ་བྲེལ་འཚུབ་འཚུབ་ཏུ་འདུག་ཅིང་བཀྲ་མི་ཤིས་པའི་མཚན་མ་ཞིག་གིས་ཡོངས་སུ་ཁེངས་འདུག

ཚེ་རིང་གི་ཨ་ཕ་བཀྲ་ལོ་ནི་ཆུང་དུས་ནས་མི་ཆུང་ཁ་ལས་ཅན་ཞིག་དང་རྟ་ཆུང་གོམ་ལག་ཅན་ཞིག་ཡིན་པས་རྒན་མགོ་དཀར་མན་ཆད་དང་གཞོན་སོ་དཀར་ཡན་ཆད་ཚང་མའི་སེམས་ནང་ནས་ཡིད་སྨོན་མི་བྱེད་མཁན་གཅིག་ཀྱང་མི་འདུག ལྷག་པར་དུ་ཁོ་ནི་རྟ་རྒྱུད་ཅན་གྱི་རྟེའུ་དང་མི་རྒྱུད་ཅན་གྱི་ཚ་བོ་ཡིན་པས་བོས་ན་མིང་དང་བགོས་ན་སྐལ་ཅན་ཞིག་ཡིན་སྟབས་ཚང་མས་ཁོ་ལ་འགྲོགས་བདེ་གཤིབ་བདེ་བྱེད་པ་རེད། ཡིན་ནའང་ཚེ་རིང་གི་ཨ་མ་སྟེ་བཀྲ་ལོའི་ཆུང་མ་ནི་སྐྲ་ལན་བུའི་ལན་མགོ་འཇོག་དུས་དང་ཆོས་ཀ་ཁའི་དབུ་ཁྱུད་འབྲི་དུས་ནས་ཀུན་གྱི་མིག་ནང་གི་ཐལ་དང་ལག་ནང་གི་ཚེར་མར་གྱུར་ཡོད་པ་རེད།

རྒྱུ་མཚན་ནི་མོ་ཆུང་དུས་ནས་ཁ་ཁུ་བྱུག་བཞིན་དུ་སྙན་ཞིང་ཁོག་གཞུ་མོ་ལྟར་འཁྱོག་ཡོད་པ་ཞིག་ཡིན་པས་མོ་ནི་བརྒྱ་སྡེའི་མིག་ལ་བབས་ཤིང་སྟོང་སྡེའི་ཁ་ལ་གྲག་པ་ཞིག་ཏུ་གྱུར་ཡོད། ད་དུང་ཡག་མོ་སྒོ་དང་ལག་ལས་ཀ་ནི་མི་གྲལ་དུ་འགྲོ་ཚུལ་མེད་པ་ཞིག་ཡིན་མོད། ལས་བསམས་སར་མི་འགྲོ་གསེག་སར་འགྲོ་རྡོ་གཡའ་མའི་བཀས་ཁ་འཕྲེད་དུ་འགྲོ་ཅེས་པ་ལྟར་མོ་ལོ་བཅུ་དྲུག་བཅུ་བདུན་ཡས་མས་ཤིག་ལ་བཀྲ་ལོ་དང་ཁ་སེམས་ཇ་དང་འོ་མ། ཁ་ཁོག་ཟྭ་དང་ལྡེ་མིག་ལྟ་བུའི་མཛའ་གྲོགས་སུ་གྱུར་ཞིང༌། རྗེས་ནས་བཀྲ་ལོས་མོའི་འདོད་པ་ལྟར་ཁེ་དང་རྒྱལ་ཁ་མི་ལ་བྱིན་ནས་གྱོང་དང་ཕམ་ཁ་རང་གིས་ཁུར་ནས་མོ་དང་གཉེན་བསྒྲིགས་པ་རེད། ཚེ་རིང་ནི་ཁོ་གཉིས་ཀྱིས་གཉེན་བསྒྲིགས་ཏེ་ལོ་གསུམ་འགོར་རྗེས་སྐྱེས་ཤིང་ད་ལྟ་བློ་ཕ་ལ་འདྲི་མི་དགོས་པ་དང་ཟས་མ་ལ་སློང་མི་དགོས་པའི་ཚད་ལ་ཐོན་ཡོད་མོད་ཁོ་ནི་རང་གི་མ་ལྟར་ལས་རྒྱུ་མཐོང་ན་ཝ་ལྟར་གཡོལ་ཞིང་ཟ་རྒྱུ་རིག་ན་ཁྱི་ལྟར་རྒྱུག་པ་ཞིག་ཏུ་གྱུར་འདུག་པས། བཟའ་ཟླ་གཉིས་ཀྱི་སྐྱིད་ཀྱི་མགོ་རི་མ་ཡིན་པར་སྡུག་གི་ཁ་སྣོན་ཡིན་པ་ཀུན་ལ་གསལ་རྒྱུ་རེད།

དེ་རིང་ཚེ་རིང་གི་ཨ་ཕ་ནི་ནམ་རྒྱུན་ལྟར་ཡར་སྒྱེད་ཀྱི་ཕྱིང་སྟན་ཐོག་ཏུ་སྐྱིལ་ཀྲུང་གིས་བསྡད་དེ་ཁ་མར་འཁོར་ནས་ཙན་དན་དམར་པོའི་ཕྲེང་བ་དེ་ལག་ཏུ་ཐོགས་ནས། ངག་ན་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག་ཅེས་ཡང་ནས་ཡང་དུ་ཟློ་བཞིན་པའི་ཚུལ་ལ་བལྟས་ན་ཁོ་ནི་དམ་པའི་ལྷ་ཆོས་ལ་དད་པ་བྱེད་མཁན་ཞིག་མིན་རུང་ལོས་ཡིན་སྙམ་པའི་སྣང་བ་ཞིག་བཅོས་མིན་དུ་སྟེར།

ཁོའི་ཆུང་མ་ནི་ད་ནངས་བྱ་ཕོ་དང་བོ་གྲགས་དུས་ནས་སྔ་བ་གསུམ་གྱི་སྔོན་མ་བྱས་ཏེ་ལྷས་སུ་ལྕི་བ་འཕེན་དུ་བུད་སོང་མོད་ད་ལྟ་ཆུ་ཚོད་བཅུ་ལ་ཐོན་པར་ཅང་མེད་ཀྱང་མོས་ད་དུང་སྒུར་རེ་སྒུར་རེ་ལྕི་བ་འཕེན་གྱིན་འདུག བཀྲ་ལོས་ཚུལ་དེ་མཐོང་བ་ན་ཐོད་པར་སུན་སྣང་སྐྱེ་བའི་གཉེར་མ་ཞིག་བསྡུས་ཤིང་རང་ཉིད་ལའང་འཚུབ་ཆ་ཞིག་ལངས་བྱུང་བས། ཁ་ཏོན་འདོན་མཚམས་བཞག་ནས་ཕུ་ཐུང་གཡས་བརྫེས་གཡོན་བརྫེས་ཤིག་བྱས་ཏེ་ནངས་ཇ་བསྐོལ་བར་གྲ་སྒྲིག་བྱས། ཁོས་ནམ་རྒྱུན་གོམས་པའི་ཨོང་བ་ལེན་པ། ཆུ་ལེན་པ། ཐལ་ཕོ་བ། ཁྱིམ་ཕྱགས་པ་ལྟ་བུའི་ལས་ཀ་དག་དབུགས་ཐེངས་ཤིག་ལ་ལས་ཚར་རྗེས་རང་ཉིད་ཀྱིས་ཁ་བཀྲུ་ངོ་བཀྲུ་གཙང་མ་ཞིག་བྱས་ཏེ་ངལ་ཅུང་ཙམ་གསོས། གློ་བུར་དུ་ལྟ་སྟངས་ཤིག་གིས་མཆོད་པའི་མདུན་གྱི་ཐེབ་ཙེ་རྣམས་ཀྱི་ཁ་སྦུབ་ནས་བཞག་ཡོད་པ་མཐོང་སྟེ་མཆོད་པ་བཤམས་དགོས་པ་ཡིད་ལ་ཤར་ཞིང༌། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ།། རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་དང༌།། སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས།། འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག་ཅེས་འདོན་ཞོར་དུ་མཆོད་པ་བཤམས།

སྐབས་དེར་ཆུང་མས་ཀྱང་ལྕི་བ་འཕེན་ཚར་མ་ཚར་ཞིག་བྱས་ཏེ་སྒོ་ཁར་ཐོན་ཞིང་རྒྱབ་ཏུ་ཁུར་ཡོད་པའི་སླེ་བོ་སྟོང་བ་དེ་ཕར་གཡུགས་ནས་ཁྱིམ་དུ་འཛུལ། ཁྱོ་གས་ཟ་འཐུང་ཚང་མ་གྲ་སྒྲིག་བྱས་ཡོད་པ་དེ་མོའི་གློ་བའི་སྨན་དུ་མ་སོང་བར་མཆིན་པའི་དུག་ཏུ་གྱུར་པ་ལྟར་ཤུགས་རིང་ནར་ནར་འབྱིན་བཞིན་ཡར་སྒྱེད་ཀྱི་སྟན་ཐོག་ཏུ་ལོག་བྱུང༌། བཀྲ་ལོས་ཁོ་མོར་ན་ཚ་འདྲ་བྱུང་བ་མིན་ནམ་སྙམ་ནས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཡིས་ཁྱོད་ལ་ཅི་བྱུང་འདུག་ཅེས་དྲིས་ཚེ། དོན་དམ་དུ་མོ་ལ་ཅི་ཡང་བྱུང་མེད་ནའང་ངོ་གདོང་དུག་གིས་ཟིན་པ་ལྟར་བྱས་ཏེ་སྤྱིར་ངའི་སྙིང་ནད་པ་ཡིན་པའི་ཁར་ནངས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་འུ་ཚང་གི་ཁྱིམ་ཚང་འདིའི་དོན་ལ་ལུས་སེམས་གཉིས་ཀས་སེམས་ཁུར་བྱས་དྲགས་པས་ད་ལྟ་ངའི་ཡ་ཆུང་ཁོག་ན་གཟེར་ཆུང་ལུ་གུ་རྩེ་རྩེ་དང་མ་ཁོག་ནང་ན་གཟེར་ཆེན་རྟ་རྒོད་རྒྱུག་རྒྱུག་བྱེད་ཀྱིན་འདུག་ཅེས་ལན་བཏབས།

ཁོའི་སེམས་ལ་སྤྲིན་བྱེའུ་མགོ་ཙམ་ཞིག་མེད་ས་ནས་ཐོག་སྟ་རེ་འདྲ་ཞིག་འཕངས་པ་དང་མོས་ཅིའི་ཕྱིར་དུ་མགོ་ན་ཨོཾ་དང་མཇུག་ན་ཧཱུཾ་མི་འདུག་པའི་སྐད་ཆ་འདི་འདྲ་ཞིག་བཤད་པ་ཡིན་ནམ་སྙམ་ཞིང་ཁ་ལག་བར་གྱི་འགོང་བོ་ཞེས་པ་ལྟར་འཚིག་པ་ཅུང་ཟད་ཟོས། ཡིན་ནའང་ཁོ་རང་སྐྱེས་ཕོ་རབ་ཅིག་ཡིན་པའི་ཆ་ནས་མ་བུ་མོའི་ཁོག་ལ་བུ་ཆུད་ན་སྟག་ཤ་རའི་ཁོག་ལ་ཚིག་ལོས་ཆུད་སྙམ་བཞིན་ཡང་བསྐྱར་སྔར་ལྟར་དུ་དྲིས་པར་ཁ་ངོ་དཀར་པོ་ཞིག་སྟོན་རྒྱུ་ཕར་ཞོག་བཞིན་རས་སྤྲིན་ནག་འཁྲུག་འཁྲུག་བྱས་ཤིང་ཚིག་ནག་སེར་བ་འབབ་འབབ་ལྟར་བྱས་པས་བཀྲ་ལོའི་ཁོང་ཁྲོའི་མེ་ལྕེ་ལའང་རབ་ཏུ་མཆེད་ནས་རེ་ཞིག་ཅི་བྱེད་འདི་བྱེད་མེད་པར་སྒོར་བུད་སོང༌།

ཁོས་ཁྱིམ་དང་བར་ཐག་གོམ་པ་བཅུ་ཙམ་ཡོད་མེད་ཀྱི་ས་ནས་ཐ་མག་རྐང་གཅིག་ལ་མེ་བསྒྲོན་རྗེས་རྔམ་འཐེན་བྱེད་ཞོར་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ཞིང་བློ་རྩེ་ཉི་ཤུ་རྩ་ལྔ་བཀོད། སྔོན་ཆད་ཁོའི་ཆུང་མའི་ཁ་ཐོག་ལ་བཞག་ནས་གཉེན་བསྒྲིགས་ཀྱང་ད་ལྟ་མོས་དགའ་སྡུག་གི་དབང་གིས་འདི་ལྟར་སོང་ན་མི་ཚེ་འཁྱོལ་དགའ་ཞིང་ནམ་ཡང་དགའ་སྤྲོ་ཡི་འཚོ་བ་ལ་རེ་སྒུག་བྱེད་པ་སྟོང་བསམ་ཡིན་པར་ཐེ་ཚོམ་མེད། ད་ལྟ་གཉེན་འཐོར་བྱས་ན་རང་གི་ཤ་ཁྲག་ལས་མཆེད་པའི་བུ་ཚེ་རིང་ནི་ཕོ་ལོ་བཅོ་ལྔར་བུད་ཡོད་ཅིང་རང་གི་སེམས་ནས་བློས་གཏོང་མི་ཕོད། ཁོ་མ་བུ་གཉིས་ཀ་རང་སར་བཞག་ནས་ཁྱིམ་བཟའ་བ་དང་བུ་ཕྲུག་ལ་ཤེས་སུ་མི་འཇུག་པར་རང་ཉིད་རྒྱུས་མེད་ཡུལ་ཕྱོགས་གཞན་ཞིག་ཏུ་འཁྱམ་པར་སེམས་ཐག་བཅད་ཟིན་པ་འདྲ།

སྐབས་དེར་ཚེ་རིང་གི་སེམས་ལ་ད་ནི་ཟ་རན་འཐུང་རན་ཡིན་སྙམ་བཞིན་གླལ་སྒྱིང་ཞིག་བྱེད་བཞིན་ཟི་ཚར་གཡང་ཤམ་བྱས་ཤིང་སྐ་རགས་ཀྱང་མ་བཅིངས་པར་དྲ་མ་དྲུད་ཅིག་བྱས་ཏེ་ཁྱིམ་དུ་སོང༌། ཁོ་ཁྱིམ་ལ་ཐོན་དུས་ཟ་རན་འཐུང་རན་ཞིག་ག་ལ་ཡིན་ཏེ། ཨ་མ་སྒྱེད་པུའི་འགྲམ་ན་ཙོག་པུར་བསྡད་ནས་ངོ་སྡུག་གིས་གང་ཡོད་ལ་ཁོ་ཁྱིམ་ལ་ཡོང་དུས་ཨ་ཕས་ཅི་ཞིག་ལ་འདང་རྒྱག་གིན་ཡོད་པ་དང་འདྲ་བའང་མཐོང༌། ད་གཟོད་ཁོས་ཡོད་ཚད་ལ་ཞིབ་ལྟ་ཞིག་བྱས་ཚེ་ཕ་མ་གཉིས་ཀྱིས་བཟའ་འཁོན་བྱས་ཡོད་པ་གཞི་ནས་རྟོགས་བྱུང༌།

ཁོས་ཅི་ཞིག་ལ་བཟའ་འཁོན་བརྒྱབ་པ་མ་ཤེས་མོད་བྱིས་པ་བསམ་ཤེས་ཤིག་དང་འདྲ་བར་གྱུར་ནས་སེམས་སུ་དངངས་སྐྲག་ཅིག་སྐྱེས་པ་དང་མིག་ཟུང་ལས་དབང་མེད་དུ་མུ་ཏིག་གི་ཕྲེང་བ་བསྟར་བྱུང༌། ཁོས་རེ་བའི་མིག་ཟུང་དེ་ཨ་ཕའི་ཕྱོགས་སུ་འཕངས་པ་ན་ཨ་ཕ་བཀྲ་ལོས་རྟ་ཕོ་རི་དྭགས་འདྲ་བོར་སྒ་ཆ་བྱས་ཤིང་མེ་མདའ་གནམ་ལྕག་འདྲ་བོ་རྒྱབ་ཏུ་ཁུར་ནས་ལམ་ལ་ཆས་བྱུང༌། ཁོ་བསམ་གཞིག་གང་མང་ཞིག་གི་རྒྱ་ལས་ཐར་དུས་དྲིན་ཆེན་ཕ་ལོའི་རྒྱབ་གཟུགས་དེ་ནག་ཡོར་ཡོར་བྱེད་བཞིན་མཐར་མི་སྣང་བར་གྱུར། དེ་དང་ལྷན་ཅིག་ཏུ་གནམ་གཤིས་ཀྱང་གློ་བུར་དུ་འགྱུར་ནས་གྲང་ངར་སྔར་ལས་ཆེ་རུ་སོང་ཞིང་ཁ་བ་ལྷབ་ལྷུབ་ཏུ་བབས་ནས་ཁོ་ར་ཁོར་ཡུག་ལ་གྲག་འགུལ་མེད་པར་བལྟས་ན་ཨ་ཕ་ནི་དུས་གཏན་དུ་ཕྱིར་ཡོང་མེད་པ་དང་འདྲ་ཞིང་བཀྲ་མི་ཤིས་པའི་མཚན་མ་འདི་ཡང་དུས་གཏན་དུ་ཡལ་མི་ཐུབ་པ་ལྟ་བུར་སྣང་ངོ༌།

ཡོངས་ཁུངས་དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།