FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

ངོས་དང་རྒྱབ།

སློབ་གསོ་ལ་གཙིག་ཆེན་མི་བྱེད་པའི་མི་རིགས་ནི་རྗེས་ལུས་ཀྱི་མི་རིགས་ཡིན།

༡༽ “ བྱིས་པ་འདི་ཚོ་དངོས་གནས་སྤོ་ལངས་བྱེད་ཅིག་རེད། ཇི་ལྟར་བསླབས་ཀྱང་ཤེས་རྒྱུ་ཞིག་མི་སྲིད་གི”དགེ་རྒན་མཚོ་མོས་ནམ་རྒྱུན་ལྟར་ཇ་ཕོར་ནང་དུ་ཆུ་རྒོད་ཤག་སེར་བླུགས་ཏེ་ལྕགས་ཐབ་ཀྱི་ཟུར་དུ་རྐུབ་སྟེགས་ཅིག་དྲུད་འོང་ནས་རྐང་བ་གཡོན་པའི་ཐོག་ཏུ་གཡས་པ་བཞག་ནས་བསྡད་དེ་དབུགས་རིང་ཞིག་འབྱིན་བཞིན་དེ་ལྟར་ཟེར།

ལྕགས་ཐབ་ཀྱི་ཕྱོགས་གཞན་ཞིག་ན་དུ་བ་རྔུབ་བཞིན་བསྡད་ཡོད་པའི་དགེ་རྒན་མགོན་པོས་“དེས་ན་ང་ངུ་བཞིན་འདུག་པ་ལས་འོས་མེད། ཡི་གེ་མི་ཤེས་པའི་ཁར་པྲ་ཚགས་བྱས་ནས་སྡོད་དུ་མི་འཇུག་གི” ཞེས་ཟེར་ཞོར་མཚོ་མོ་ལ་ཀུ་རེ་དང་ཁ་མཚར་འདྲེས་མས་ཆགས་གཏམ་བཤད་མགོ་བརྩམས།

“ཉིན་འདི་ཚོར་རབ་རྒྱས་མེད་པས་ཁ་སྐོམ་གྱིན་ཡོད་དམ།”མཚོ་མོས་ངོ་གདོང་ཅུང་དམར་པོར་གྱུར་བ་དང་དགོད་ཞོར་དུ་ལྕགས་ཐབ་སྟེང་ནས་ཕར་ལག་པ་བསྲིངས་ཏེ་མགོན་པོའི་པུས་མོའི་སྟེང་ལ་ཁུ་ཚུར་གྱིས་གཅིག་བརྒྱབ་པ་ན་ལྕགས་ཐབ་སྟེང་གི་ཁོ་མོའི་ཇ་ཕོར་བརྫོག་ཏེ་སུར་སྒྲ་ཆེན་པོ་ཞིག་དྲག་པ་ན་གཞུང་ལས་ཁང་གི་ལས་གྲོགས་ཚང་མས་ཁོ་གཉིས་ཀྱི་ཕྱོགས་ལ་བལྟས། མཚོ་མོ་དེ་ལས་ཀྱང་ཁ་སྐྱེངས་ཏེ་མྱུར་དུ་ལག་ཕྱིས་བླངས་ནས་ལྕགས་ཐབ་སྟེང་གི་ཆུ་ཕྱིས། མགོན་པོས་“མྱི་གནོང་ཅན་འཕགས་དང་རྟ་རྒྱབ་ཆད་འཕགས་ཟེར་བ་བདེན་པ་རེད། ཉིན་གཉིས་ཙམ་ལའང་རྒད་པོ་མེད་པས་ཀྱང་ངོ་མདངས་ཤོར་འདུག ཧ་ཧ་ཧ། ”ལས་གྲོགས་མང་བོ་ཞིག་ཀྱང་དགོད་དགོས་བྱུང༌། འོན་ཀྱང་དགེ་རྒན་བློ་གྲོས་ཀྱིས་《རྨང་གཞིའི་སློབ་གསོ། འཚོལ་སྙེག་དང་ཞིབ་དཔྱོད།》ཅེས་པའི་རྒྱ་ཡིག་གི་དུས་དེབ་ཅིག་ལ་བལྟས་ནས་བསྡད་ཡོད་པས་གཞུང་ལས་ཁང་གི་དགོད་སྒྲ་དེ་ཅི་ཡིན་ཧ་མ་གོ

སྐབས་དེར་ཅོང་བརྡ་གྲགས། དེ་ནི་སྔ་དྲོའི་སློབ་ཐུན་གཉིས་པའི་ཚོགས་བརྡ་རེད། མཚོ་མོས་ལོ་རིམ་བཞི་བའི་རྒྱ་ཡིག་གི་སློབ་དེབ་ཅིག་མཆན་དུ་བཙིར་ཏེ་འཐད་ལ་མི་འཐད་པའི་རྣམ་འགྱུར་གྱི་ངང་སློབ་ཁྲིད་དུ་བུད་སོང༌། དེ་བཞིན་དུ་སློབ་ཐུན་ཡོད་པའི་དགེ་རྒན་འགའ་ཞིག་མཉམ་གཅིག་ཏུ་གཞུང་ལས་ཁང་གི་སྒོར་བུད་དེ་རང་རང་གི་སློབ་ཁང་ཕྱོགས་སུ་སོང༌། གཞུང་ལས་ཁང་དུ་མགོན་པོ་དང་དགེ་རྒན་གཞན་གཉིས་བཅས་གསུམ་ལས་ལྷག་མེད། བློ་གྲོས་ཀྱིས་སྔར་བཞིན་དུ་བློ་རྩེ་གཅིག་སྒྲིམ་གྱིས་དུས་དེབ་དེར་བལྟ་བཞིན་ཡོད་ལ། མཚམས་རེར་མགོ་སྟེབ་ཅུང་རྙིང་བ་ཞིག་གི་ངོར་ཅི་ཞིག་ཟིན་བྲིས་སུ་འདེབས་ཀྱིན་མཆིས། དགེ་གྲོགས་གཞན་གཉིས་པོས་ལྕགས་ཐབ་ཀྱི་མཐའ་ན་ཆུ་རྒོད་འཐུང་བ་དང་ཡར་མར་གྱི་ཁ་བརྡ་སྣ་ཚོགས་བྱེད་ཀྱིན་ཡོད། “དེ་རིང་ཁ་སང་གནམ་གཤིས་ཇི་འདྲའི་འཁྱག་梆ང༌།” “ལོས་འཁྱག དགུན་དང་པོ་ཚེས་ནས་ཉིན་འགའ་ཞིག་འགོར་ཐལ།” “ཡ་འཁྱག་ན་ཐབ་ལ་洞ང་བ་ཞོག” “ཁྱོད་ཡིན་ཁྱོད་ཡིན།” “ཁྱོད་ཡིན། དཀའ་མོའི་ལས་མ་བྱས་ན། ཞིམ་པོའི་ཟས་མི་རེག་ཟེར་བ་མིན་ནམ། མེ་ལ་བསྲོ་དགོས་ན་洞ང་བ་འཇོག་ལོས་དགོས། ཧ་ཧ་ཧ།

མཐོ་སྒང་གི་ཡུལ་གྲུ་འདིའི་དགུན་ཟླ་གསུམ་ནི་བརྒལ་རྒྱུ་མེད་པའི་གནའ་མིའི་དབུས་ལམ་ལྟར་རིང་ཞིང་འཁྱག དེ་རིང་དགུན་ཟླ་དང་པོ་སྟེ་བོད་རྩིས་ཀྱི་རྟ་ཟླའི་ཚེས་བཅུ་རེད། ཁ་སང་ཁ་བ་འབྲིང་ཙམ་བབས་པས་ཁོར་ཡུག་གི་རི་ཐང་ཡོངས་སུ་དངུལ་དཀར་གྱིས་གཡོག་པ་དང་འདྲ་བར་དཀར་སེང་ངེར་གནས་ལ། སློབ་གྲྭའི་ར་བའི་ནང་དུ་མི་མང་བོའི་རྐང་རྗེས་ཀྱིས་ཁ་བ་མནན་ཏེ་དར་དང་འདྲ་བར་རང་རྐང་དུ་སོང་ཡོད་པས། བྱིས་པ་པྲ་ཚགས་ཚོས་སྣབས་རིང་བོ་རེ་དྲུད་བཞིན་རྒྱུག་ཤུད་བྱེད་སའི་གནས་ཁྱད་པར་བ་ཞིག་ཏུ་གྱུར། ‘ཁང་ཙག་གསུམ་ལ་བར་མའི་ཐུ།’ཞེས་ཟེར་སྲོལ་ཡོད་པ་ལྟར་ཁ་བ་བབས་རྗེས་ཀྱི་ཉིན་གཉིས་པ་ནི་ཧ་ཅང་འཁྱག་སྟེ། ཁ་བ་མ་ཞུ་བའི་ཁར་གྲང་རླུང་རྣོན་པོ་ཞིག་གིས་གང་སར་གཙེས་འོང༌། དགེ་རྒན་ཚོ་དང་ལྷག་པར་བུད་མེད་དགེ་རྒན་ཚོས་ཞྭ་མོ་བསླེས་མ་དང༌། ཁ་ཐུམ། ལག་ཤུབས་སོགས་མཐུག་ཅིང་འཇམ་པའི་གྲང་གཡོལ་མང་བོ་གྱོན་ཡོད་པས་མིག་མ་གཏོགས་ཅི་ཡང་མི་མཐོང༌། དེ་ལས་ལྡོག་སྟེ་བྱིས་པ་མང་བོ་ཞིག་གིས་བོད་ལྭའི་མཐུ་བ་གཡས་འཐོར་གཡོན་འཐོར་བྱས་ཤིང༌། སྐ་རགས་དྲུད་པ། འགྲམ་པ་དམར་པོར་གྱུར་བ་དང་སྣབས་རིང་བོ་རེ་དྲུད་དེ་འདར་སིག་སིག་གི་ངང་གསང་སྤྱོད་ཁང་དང་སློབ་ཁང་གི་བར་ཕར་འགྲོ་ཚུར་འོང་གི་རི་མོ་འབྲི་བཞིན་པ་དང་མཚུངས།

༢༽ བློ་གྲོས་མཚོ་སྔོན་མི་རིགས་དགེ་འོས་སློབ་ཆེན་ནས་མཐར་ཕྱིན་རྗེས་དུས་ཐུང་“བཀོད་འཇོག་”( 安置)ལྟར་ལས་ཁུངས་གཞན་པ་ཞིག་གི་ནང་དུ་ལས་བགོས་བྱས། ལས་ཁུངས་དེར་ལོ་ངོ་གཉིས་ཙམ་གྱི་རིང་བྱ་བ་བསྒྲུབ་རྗེས་ཁུལ་ཡོངས་སུ་སྤྱིར་དགེ་རྒན་དང་སློབ་མའི་བསྡུར་ཚད་ལས་དགེ་རྒན་ཉུང་བ་དང༌། ལྷག་པར་དུ་རིག་གནས་དང་བསམ་བློའི་ཆུ་ཚད་དམན་ཞིང་ལོ་ནའང་ཅུང་མཐོ་ཙམ་ལ་ཐོན་གྱིན་པའི་དགེ་རྒན་རྙིང་བ་དག་ངལ་གསོས་ཏེ་དུས་རབས་གསར་བའི་སློབ་ཆེན་པ་སློབ་གསོའི་ལས་གནས་སུ་བསྡུ་ཆེད་དུ་དགེ་རྒན་སུམ་བརྒྱ་ཡས་མས་ཞིག་ལས་བགོ་བྱེད་རྒྱུའི་བརྡ་སྦྱོར་ཐོན།

འདི་ནི་བློ་གྲོས་ལ་མཚོན་ན་རང་གི་ཆེད་ལས་དང་ཐད་ཀར་འབྲེལ་བ་དང་རང་ཉིད་ཀྱི་ཕ་ཡུལ་གྱི་སྐྱ་ཟད་སྔོ་སྡུག་གི་སློབ་གསོའི་ལས་དོན་ལ་ནམ་ཡང་སེམས་ཁུར་ཡོད་པའི་གྲས་སུ་གཏོགས་པས། རྒྱུགས་ལེན་ལས་བགོས་དེར་མིང་ཐོ་བཀོད། དོན་དག་འདིས་ཆེད་ལས་དགེ་འོས་སློབ་ཆེན་ལས་མཐར་ཕྱིན་པའི་སློབ་ཆེན་པ་དག་ལ་སྨོས་ཅི། ཆེད་ལས་གཞན་དང་གཞན་པ་ནས་མཐར་ཕྱིན་ཏེ་ལས་ཁུངས་འདྲ་མིན་དུ་བཀོད་འཇོག་བྱས་ཡོད་པའི་མི་དང༌། ཐ་ན་སློབ་ཆེན་ནས་མཐར་ཕྱིན་ལ་ཉེ་བའི་སློབ་ཆེན་པ་སོགས་དང་དེ་དག་གི་ཁྱིམ་མི་ཉེ་རིང་སོགས་འུར་ཆིལ་ལེར་བཏང༌། ཆེད་ལས་གཞན་ནས་མཐར་ཕྱིན་པའི་སློབ་ཆེན་པ་ཚོས་ཐབས་བརྒྱ་ཇུས་སྟོང་གིས་མཐར་ཕྱིན་འཛིན་ཡིག་རྫུན་མ་ལས་པར་བྲེལ་བ་དང༌། མཐར་མ་ཕྱིན་པ་དག་གིས་མཐར་ཕྱིན་འཛིན་ཡིག་སྔོན་ལེན་ལ་ཀླད་པ་འགུལ་གྱིན་ཡོད།

དེ་ལྟར་ལས་བགོས་རྒྱུགས་ལེན་དངོས་སུ་བྱེད་པའི་ཉིན་མོར་རྒྱུགས་ལེན་མཁན་མི་སྟོང་ཕྲག་གཉིས་ལྷག་ཅིག་ཡོད་པས་ཁུལ་གྱི་གྲོང་རྡལ་དེའི་རྒྱུགས་སྤྲོད་ར་བ་དག་གི་ལམ་བར་རྣམས་མི་ཚོགས་ཀྱི་རྦ་རླབས་འཕྱུར་གྱིན་འདུག རིག་གནས་ཀྱི་རྨང་གཞི་ཞན་ཞིང་བསམ་བློའི་རྫོང་སྲབ་པའི་ང་ཚོའི་ཁོར་ཡུག་འདིར་མཚོན་ན་སློབ་ཆེན་འགྲིམ་མཁན་ཡིན་ན་རྒྱལ་ཁབ་ཀྱི་ལས་ཁུངས་གང་རུང་ནས་བྱ་བ་རེག་རྒྱུ་གཅིག་པུར་འདང་རྒྱག་པ་ལས། རིག་གནས་དེ་ལས་བྱ་གཞག་གཞན་དང་གཞན་པ་ཞིག་བསྒྲུབ་རྒྱུར་ཀླད་པ་ལར་ནས་མི་འཁོར་བའི་མི་ཚོགས་ཉམ་ཆུང་ཞིག་རེད།

རྒྱུགས་ལེན་ལ་ཉེ་བའི་སྔ་རོལ་ནས་རྒྱུགས་ལ་དངོས་སུ་ཞུགས་པའི་ཉིན་འདི་འགར་ཁོ་ཚོ་ནི་རྒྱུག་འདུར་སྤྱང་ལྟོགས་གི་བརྟུལ་ཞུགས་འཛིན་མཁན་རྐྱང་བ་རེད། ཉིན་འདི་འགར་རྫུན་མིན་པའི་དྲང་གཏམ་ཞིག་བཤད་ན། གྲོང་རྡལ་འདིའི་ཡིག་གཏགས་ཁང་དག་ནི་གློ་བུར་གྱི་ཚོང་བྲིན་པ་བྱུང་ནས་འགའ་རེར་ཤོག་སྐྱ་ཆད་པའི་ཚད་དུ་བསྐྱལ་འདུག འདི་ནི་ཡིག་གཏགས་ཁང་གི་ཚོང་བ་དག་གི་ནང་ཁུལ་གྱི་སྐད་ཆ་ཡིན་འདུག བློ་གྲོས་དང་བློ་གྲོས་ལྟ་བུའི་སློབ་ཆེན་པ་ཆེས་ཉུང་བ་ཞིག་ནི་དལ་དལ་ལྷོད་ལྷོད་ཀྱི་ངང་ནས་རང་ཉིད་རང་ལ་ཡིད་ཆེས་ཀྱིས་ཁེངས་འདུག

ད་དུང་རྒྱུགས་ལེན་པའི་སྐབས་ནི་དེ་ལས་ཀྱང་ཧ་ལས་ཤིང་ཧང་སངས་པ་ཞིག་སྟེ། རྒྱུགས་ཤོག་འབྲི་བའི་མགོ་བརྩམས་ནས་སྐར་མ་བཅུ་ཁ་ཞིག་འགོར་བ་ན་སོ་སོའི་སྟོད་ལྭ་དང་རྐང་རྣམ་གྱི་ཁུག་མ་དག་ལས་ཤོག་བྱང་ཆུང་ཆུང་སྟེང་གི་ཡི་གེ་མི་རང་ག་བ་ཞིག་གི་མིག་གིས་མི་སོད་པ་མང་བོ་ལག་བྱང་དང་ལྡན་པར་ལེན་གྱིན་པ་དང༌། མགོ་བོ་འཕྲུ་ལུ་འཁོར་འཁོར། ལྐོག་ཤུབ་རྐུན་མས་བཤད་བཤད། སྡོད་མི་ཚུགས་ཤིག་གིས་ཟ་ཟ་སོགས་བྱས་ཏེ་རྒྱུགས་ཤོག་སྟེང་དུ་གཞན་གྱི་རྒྱུ་ནོར་ཞིག་冻་རེག་ལ་བལྟ་བཞིན་འདུག་ཅིང༌། ཐ་ན་ལ་ལས་ངོ་ཚ་རྒྱབ་ཏུ་བསྐྱུར་ཏེ་ཕན་ཚུན་རྐུ་ཤོག་སྦྱིན་པས་རྒྱུགས་རྟོགས་པས་ཐད་ཀར་རྒྱུགས་ཤོག་འཕྲོག་སྟེ་ཐེངས་དེའི་རྒྱུགས་འབྲས་གོར་ཐིག་ཏུ་བཏང་བའང་ཡོད།

བློ་གྲོས་ཀྱིས་རྒྱུགས་སྤྲོད་སྟངས་ནི་དངོས་གནས་སྐྱིད་པོ་ཞིག་སྟེ། ལུས་སེམས་ལྷོད་ལ་ཕབ་ནས་དཔྱད་རྩོམ་ཞིག་འབྲི་བ་ལྟར་ལས་མ་འདས། ཡིན་ནའང་ཐེངས་འདིའི་ལུས་ཞུགས་རྒྱུགས་ལེན་དེ་ལས་མགོན་པོའི་སེམས་སུ་གནོན་མི་ཤེས་པའི་ཁུར་བོ་ལྕི་མོ་ཞིག་བཞག་སོང༌། དེ་ནི་ཁོ་རང་གི་ཡོན་ཏན་གྱི་རྩལ་ནུས་ཀྱིས་མ་འདང་བས་སེམས་ཁུར་བཞག་པ་མིན་ལ། རྒྱུགས་མ་ལོན་ཚེ་འགྲོ་སའི་གནས་མེད་པ་དང་འཛུལ་སའི་ཁུང་བུ་མེད་པ་ལྟ་བུའི་ཐབས་རྡུགས་ཀྱི་བསམ་བློ་ཡོད་པ་དེ་བས་ཀྱང་མ་ཡིན། དེ་ནི་ང་ཚོའི་ད་ལྟའི་སློབ་ཆེན་པའི་སྡེ་ཡི་རིག་གནས་ཀྱི་ཆུ་ཚད་དང་བསམ་བློའི་འཁོར་ཕྱོགས། མི་གཞིའི་བྱང་ཚད་སོགས་ཡོད་ཚད་ཀྱི་ནང་རྙིང་ཞིག་ཕྱི་ལ་བུད་པས་རེད།

ནམ་རྒྱུན་ལེ་ལོ་དང་སྒྱུད་ལུག་གིས་དུས་འདའ་ནས་སློབ་སྦྱོང་གང་ཡང་མི་བྱེད་ལ་ཕ་མས་བསགས་པའི་རྒྱུ་ནོར་ཡོད་ཚད་རྒྱས་ཟ་རྒྱས་འཐུང་དང༌། རྒྱས་སྤྲོས་ཁོ་ན་བྱས་ཏེ་དུས་འདའ་མཁན་དག་ད་ཐེངས་ལྟ་བུའི་ལས་ཞུགས་ཀྱི་གནད་འགག་ལ་ཐོན་ཚེ་‘ཕོ་བའི་སྟེང་ལ་མེ་ལྷུང་བ་’ལྟ་བུའི་འཕག་འཚག་བྱེད་རྒྱུ་གཅིག་པུ་ཡིན་འདུག ང་ཚོའི་མི་རབས་གསར་བ་འདི་སློབ་གྲྭར་འགྲིམ་པ་ནི་ནམ་ཡང་མཐར་ཕྱིན་འཛིན་ཡིག་ཅིག་གི་ཆེད་དུ་འདུར་གྱིན་པའི་དེ་ཉིད་ཀྱང་ལྷང་ལ་བུད་སོང་བསམ་ནས་སེམས་ཁོང་དུ་ཆུད།

གང་ལྟར། བློ་གྲོས་ཀྱིས་ཐེངས་འདིའི་རྒྱུགས་ལེན་གྱི་ཡིག་རྒྱུགས་དང་ཁ་རྒྱུགས་ཟུང་གིས་སྐར་གྲངས་མཐོ་ཤོས་བླངས་ཏེ་བདེ་བླགས་ངང་རྒྱུགས་འཕྲོད་དེ་ད་ལྟ་ཡོད་སའི་ཕ་ཡུལ་གྱི་སློབ་ཆུང་དེ་རུ་ལས་བགོས་བྱས། རྒྱུགས་འཕྲོད་རྗེས་ཁོ་དང་མཉམ་དུ་རྒྱུགས་སྤྲད་པའི་མི་དང་དེ་དག་གི་ཁྱིམ་མི་སོགས་འགའ་རེས་ཁོ་ལ་ཞྭ་མོ་ནག་པོ་རེ་བསྐོན་མྱོང༌། ཁོ་ཚོས་བློ་གྲོས་ཀྱིས་ད་ཐེངས་རྒྱུགས་ལོས་འཕྲོད། ཁོ་ལ་རྫོང་ཐོག་གི་ཉེ་རིང་གི་དཔོན་པོ་ཅིག་ཅིག་གིས་རོགས་བྱས་ཡོད་ངེས་དང༌། ཁོའི་གྲོགས་པོ་ཅིག་ཅིག་ཁུལ་ཐོག་གི་དཔོན་པོ་མིག་མིག་གི་བཟང་ས་ཡིན་པས་་་་་་་ ཁོས་སྒོར་མོ་ཞིག་གིས་འགྲོ་སོང་བཏང་ཡོད་ངེས་སོགས་གང་མང་རེ་གླེང་གིན་འདུག་ཟེར། བློ་གྲོས་ཀྱིས་བཤད་སྲོལ་འདི་དག་ནི་ཁོ་བོ་ཅག་‘རང་མྱོང་མ་རོགས་ལ་མཁས་’པའི་དཔེ་གཞི་གསོན་པོ་དེ་ཡིན་ནམ་ཡང་ན། ཕྲག་དོག་དང་ལས་རྒྱུ་མ་རྙེད་པའི་བྱ་བ་ཆེས་རྡུགས་ཐུག་རེ་ཡིན་རྒྱུ་རེད་སྙམ་སྟེ་རྒྱུན་དུ་ཡ་མཚན་སྐྱེ་གིན་ཡོད།

༣༽ བློ་གྲོས་ལས་བགོ་བྱེད་སའི་སློབ་གྲྭ་དེར་དགེ་རྒན་བཞི་བཅུ་ཡས་མས་དང༌། སློབ་མ་བརྒྱད་བརྒྱ་ལྷག་ཅིག་འདུག དགེ་རྒན་དེ་དག་གི་ནང་དུ་འབྲིང་རིམ་ལས་ཐོབ་ཅན་ཉུང་ཤོས་ཤིག་དང་སློབ་ཆེན་ཆེད་སྦྱོང་ལས་ཐོབ་ཅན་མང་ཕྱོགས་ཡིན། (དེ་དག་ཀྱང་ལས་ཀར་ཞུགས་རྗེས་སློབ་ཆེན་དུ་སོང་བ་འགའ་དང་རྒྱུགས་སྤྲོད་ཀྱི་དུས་ཚོད་ཁོ་ནར་ཐེངས་རེ་སོང་ཞིང་ལྷག་མའི་དུས་ཚོད་དུ་ལས་ཞུགས་བྱས་པའི་ཆེད་སྦྱོང་ཞོར་འདོན་བྱེད་མཁན་ཡིན།) བློ་གྲོས་ལྟ་བུའི་ད་ལྟའི་སློབ་ཆེན་དངོས་གཞིའི་ལས་ཐོབ་ཅན་གསུམ་བཞི་ཞིག་ལས་མེད་པས་དགེ་རྒན་རྙིང་བ་མང་ལ་ཁོ་ཚོའི་སློབ་ཁྲིད་ཀྱི་བྱེད་ཐབས་དང༌། བསམ་བློའི་འཁོར་སྟངས། སློབ་གསོའི་ཁ་ཕྱོགས་གང་གི་ཐད་ནས་ཀྱང་ཅུང་རྙིང་བའམ་སྲོལ་རྒྱུན་གྱི་མཁའ་དབུགས་སྟུག་པོས་བཅིངས་ཡོད།

བློ་གྲོས་སློབ་གྲྭ་འདིར་བྱ་བ་ལས་ནས་སློབ་སྐབས་གཅིག་ཙམ་འགོར་རྗེས་སློབ་གྲྭའི་སློབ་སྒྲུབ་ལ་རྒྱུས་ལོན་ཆེ་ཙམ་ཐུབ་སོང༌། ཁོ་ཚོར་ལས་ཞུགས་དང་གནང་བ་ཙག་ཙིག་ཞུ་བ་སོགས་ཀྱི་ཐད་ཆེས་བཙན་ཤེད་དམ་དམ་འཛིན་གྱི་ལམ་ལུགས་མང་བོ་མེད་མོད། དེའི་ཚོད་ཀྱིས་སྔ་ལོག་གཞུག་ལུས་དང༌། དོན་དག་ཙག་ཙིག་ལ་གནང་བ་ཞུ་བའི་སྲོལ་དེ་འདྲ་མང་བོ་མི་འདུག་པ་ནི་དགེ་རྒན་རྙིང་བ་མང་ཤེད་ཡིན་པའི་བཟང་ཕྱོགས་ཡིན་ཤས་ཆེ།

བློ་གྲོས་ཐོག་མར་ལས་ཞུགས་བྱས་པའི་སློབ་སྐབས་ཀྱི་མཇུག་རྒྱུགས་ཀྱི་སྐབས་རེད། “བློ་གྲོས་ཁྱོད་ཀྱི་འཛིན་གྲྭའི་སློབ་མའི་ཆེས་མཐོ་བའི་སྐར་གྲངས་དུ་རེད། ཆེས་དམའ་བ་དུ་རེད། འཛིན་གྲྭའི་ཆ་སྙོམས་སྐར་གྲངས་ག་ཚོད་རེད།”མཚོ་མོས་ཧ་ཅང་གཟབ་ནན་ལྟ་བུའི་ངང་ནས་བློ་གྲོས་ཀྱི་ཉེ་སར་བཅར་ནས་དེ་ལྟར་དྲིས། བློ་གྲོས་ཀྱི་སེམས་སུ་འདིས་ངའི་སྐར་གྲངས་ཀྱིས་ཅི་ཞིག་བྱེད་དགོས་སྙམ་བཞིན་ཅུང་ཡ་མཚན་པའི་ངང་ནས་ལན་སྟབས་བདེ་རེ་བཏབ། “ད་ཐེངས་ངེད་གཉིས་ཀྱི་འཛིན་གྲྭའི་ཆ་སྙོམས་སྐར་གྲངས་སུའི་དམའ་སོང་ན་དེས་ཆིན་ཁུ་冻བྱེད་དགོས།” “ཡུམ་མི་ཆོག་གི་ན།” “ཕོ་རབ་ཚིག་ཐོག་འཕར་བ་རྗེས་ཐོག་ཡིན་དགོས་梆།”“ངེད་མགོ་ལོག་ཚང་ཟེར་ན་སྐད་ཆ་སྐྱེས་ཉིན་བཤད་ན་ཤི་ཉིན་མེད་རུང༌། དེ་རིང་བཤད་ནོ་སང་ཉིན་མེད་ནི་ཞིག་རེད་ན་བཀའ་འགྱུར་གོ་ཞི་ལུ།”“ཧ་ཧ་ཧ། ཡ་ཡ། ”དེའི་འཕྲོར་གཞུང་ལས་ཁང་ཕྱི་ནང་ཀུན་དང་ཐ་ན་སྤྱོད་ཁང་གི་ནང་དུའང་དགེ་རྒན་ཚོའི་ཉིན་འདི་འགའི་གླེང་གཞི་ནི་འཛིན་གྲྭ་ག་གེ་མོ་དང་སློབ་མ་ཆེ་གེ་མོའི་སྐར་གྲངས་ཡིན་པས་བློ་གྲོས་དེ་ལས་ཀྱང་ངོ་མཚར་བ་བྱུང༌།

སློབ་སྐབས་གཉིས་པའི་སྐབས་སུ་བློ་གྲོས་ཀྱིས་སློབ་གཙོར་རང་རེའི་སློབ་གྲྭའི་མཐར་ཕྱིན་འཛིན་གྲྭས་ཆེད་སྒྲིག་ཚགས་པར་ཞིག་པར་ཐུབ་ན་ཅི་འདྲ་རེད་ཅེས་སློབ་གཙོར་ཡར་ཞུ་བྱས་པ་ན། སློབ་གཙོས་“དེ་ནི་དོན་དག་ལེགས་པོ་ཞིག་རེད། ཚགས་པར་གྱི་འགྲོ་སོང་ཐད་སེམས་ཁུར་མི་དགོས། ”ཞེས་ཁ་བོའུ་ལྟ་བུ་ཞིག་གྲགས་སོང༌། དོན་དག་འདི་ནི་བློ་གྲོས་ན་ནིང་སྟེ་སློབ་གྲྭ་འདིར་ལས་བགོ་བྱས་པའི་སློབ་སྐབས་དང་པོའི་གཟའ་འཁོར་གསུམ་བཞི་ཞིག་ནས་སེམས་ལ་འཁོར་བ་ཡིན། དང་ཐོག་ཁོ་རང་ལོ་རིམ་དྲུག་པ་གཉིས་ཀྱི་བོད་ཡིག་སློབ་ཁྲིད་དགེ་རྒན་དུ་བརྐོས་པའི་སྐབས་དེ་ནས་ཡིན།

བློ་གྲོས་ཀྱི་སློབ་ཁྲིད་བྱེད་སྟངས་དང་དེ་སྔོན་ལོ་རིམ་དྲུག་པར་བུད་རག་བར་གྱི་དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་གཉིས་ནི་ཤར་ནུབ་ལྟ་བུར་འདུག་ཙ་ན་དང་ཐོག་དགེ་སློབ་མཐུན་སྦྱོར་དེ་འདྲའི་ལེགས་པོ་ཞིག་མ་ཡིན་ཏེ། སློབ་བུ་ཚོ་ནི་སློབ་དེབ་སྟེང་གི་སློབ་ཚན་ཁོ་ན་ལ་འཐམ་དེ་རྒྱུགས་སྐར་ཁོ་ན་ལ་ཤུ་རེམ་བྱེད་པ་ལས་གཞན་པ་ཞིག་སློབ་སྦྱོང་གི་ནང་དོན་དུ་མི་བརྩི་བ་དང༌། བློ་གྲོས་ཀྱིས་སློབ་ཐུན་རེ་རེའི་ཆུ་ཚོད་སྐར་མ་ཉི་ཤུ་སློབ་ཁྲིད་དུ་བཀོལ་བ་དང༌། ལྷག་མའི་ཆུ་ཚོད་སྐར་མ་ཉི་ཤུ་བསམ་གཞིག་དང་བགྲོ་གླེང་སོགས་གཙོ་བོ་སློབ་མའི་འགུལ་སྐྱོད་དུ་བཞག་པས་སློབ་བུ་མང་བོ་ཞིག་གིས་“དགེ་རྒན་གསར་བ་འདིའི་སློབ་ཚན་དག་སློབ་ཐུན་གཅིག་གི་དུས་ཚོད་ལ་འགྲེལ་རྒྱུས་ཕོངས་འདུག་”སྙམ་པ་དང༌། ད་དུང་སློབ་བུ་ཚོར་སློབ་ཚན་གྱི་འབྲེལ་ཡོད་དང་གནད་དོན་བགྲོ་གླེང་བྱེད་དུ་འཇུག་སྐབས་ལ་ལ་ངོ་ཚ་བ་དང༌། ལ་ལ་བགད་ཤོར་ཏེ་ལས་དེར་འཇུག་མི་ཐུབ་པའི་ཚོར་བ་སྐྱེ་བཞིན་འདུག

ཐ་ན་སློབ་བུ་རེ་བུ་རེ་འགས་“ང་ཚོ་མཐར་ཕྱིན་ལ་ཉེ་བའི་དམའ་འབྲིང་རྒྱུགས་སྤྲོད་གནད་འགག་གི་ལོ་རིམ་འདིར་དགེ་རྒན་ཁ་ཕྱིན་ཅི་ལོག་ཅིག་དང་འཕྲད་སོང་བ་ལས་ངན་རེད་སྙམ་པའང་”བྱུང་སོང་སྐད། འོན་ཏེ་ཟླ་བ་གཅིག་ལྷག་འགོར་རྗེས་སློབ་བུ་མང་ཆེ་བས་གནས་ལུགས་དང་གནད་དོན་མང་བོ་ཞིག་ལ་བསམ་གཞིག་བྱེད་ཤེས་ཤིང་དགེ་རྒན་བློ་གྲོས་ཀྱི་སློབ་ཐུན་ནི་ཇི་ལྟར་བུད་འགྲོ་བའང་མི་ཤེས་པར་གྱུར་བ་མ་ཟད། སྔོན་ཆད་ལྟར་སློབ་ཚན་དག་དཀའ་ལས་ཁག་པོ་མི་དགོས་པར་དོན་རྟོགས་འགྲོ་ཁར། སློབ་དེབ་རྐྱང་བའི་ཁོར་ཡུག་ནས་བུད་དེ་དཔེ་ཆ་གཞན་དང་གཞན་པར་བལྟ་ཀློག་ལ་སྤྲོ་བའི་ཚད་དུ་བསྐྱལ་འདུག

བློ་གྲོས་ལ་ཚགས་པར་དཔར་རྒྱུའི་འཆར་གཞི་སྔ་མོ་ནས་ཡོད་པ་ལྟར་སློབ་སྐབས་དེ་ནས་བཟུང་སློབ་བུ་ཚོར་རྩོམ་ཡིག་འབྲི་སྦྱོང་གི་སྦྱང་བྱ་མང་བོ་གཞག་པ་དང༌། སློབ་ཁང་རྒྱབ་ངོས་ཀྱི་སྒོ་སམ་སྟོང་བར་བསྐྱུར་བ་དེའམ་ཡང་ཁ་གཡང་ལྟ་བུ་རེ་བྲིས་ཏེ་ལོ་གཅིག་ལ་སྒུལ་དུ་མེད་པའི་སྒོ་སམ་ངོས་སུ་ཉིན་རེར་སློབ་བུ་གཉིས་རེར་རྩོམ་རེ་འབྲི་བའི་འགན་ཁུར་བཞག་པ་དང༌། བྲིས་པའི་རྩོམ་ཡིག་དེ་ཡང་ཉིན་རེའི་སློབ་ཐུན་ལས་དུས་ཚོད་ཐུང་ངུ་ཞིག་བཀོད་སྒྲིག་བྱེད་པའམ་ཡང་ན་སློབ་ཕྱིའི་འགུལ་སྐྱོད་ཀྱི་དུས་ཚོད་བེད་སྤྱད་དེ་དགེ་སློབ་ཡོངས་ཀྱིས་ཚིག་དོན་གཉིས་ཆ་ནས་གསེད་འགྲོལ་དག་བཅོས་བྱེད་པའི་བྱ་བ་སྤེལ། བྱེད་སྟངས་འདིས་སློབ་བུ་ཚོར་རྩོམ་ཡིག་འབྲི་སྦྱོང་ལ་ཕན་ཐོགས་མངོན་གསལ་གྱིས་བྱུང།

དེ་བཞིན་དུ་བློ་གྲོས་ཀྱིས་རང་གིས་མངག་ཉོ་བྱེད་ཀྱིན་པའི་དུས་དེབ་དང་ཚགས་པར་མང་བོ་ཁྱེར་ཡོངས་སྟེ་སློབ་བུ་ཚོར་བལྟ་རུ་འཇུག་པ་དང༌། རང་གིས་བྲིས་དང་འབྲི་བཞིན་པའི་རྩོམ་ཡིག་དག་དཔར་ནས་སློབ་བུ་ཚོར་ཁོམ་ལོངས་དང་བསྟུན་ནས་བལྟ་རུ་བཅུག་པ་སོགས་ཀྱིས་ཁོ་ཚོར་རྩོམ་ཡིག་འབྲི་བའི་མོས་པ་མི་དམན་པ་རེ་སྐྱེད་ཐུབ་པ་བྱུང༌།

བློ་གྲོས་ཀྱིས་དེ་ལྟར་རྩོམ་ཡིག་སྦྱོང་བརྡར་ནས་རྩོམ་ཡིག་བསྡུ་བསྒྲིགས། གློག་ཀླད་དུ་གཏགས་པ། པར་སྐྲུན་འཆར་འགོད། དབྱར་གནང་གི་ངལ་གསོའི་དུས་ཚོད་དུ་གྲོང་ཁྱེར་ག་གེ་མོ་རུ་དཔར་དུ་སོང་བ་སོགས་ལུས་སེམས་གཉིས་ཆ་དང༌། དུས་ཚོད་འཛད་གྲོན་སོགས་དཀའ་ལས་མི་ཉུང་བ་ཞིག་བརྒྱུད་དེ་རྫོང་དེའི་སློབ་ཆུང་རིམ་པའི་སློབ་མའི་སྦྱང་རྩོམ་ཚགས་པར་ཐོག་པ་དེ་པར་དུ་བསྐྲུན་པའི་རྨི་ལམ་མངོན་གྱུར་ཐུབ་སོང༌། རྨི་ལམ་དེ་ནི་བློ་གྲོས་གཅིག་པུའི་རྨི་ལམ་ཡིན་མི་སྲིད་དེ། རྩོམ་ཡིག་འབྲི་མཁན་གྱི་སློབ་བུ་ཡོངས་ཀྱི་རྨི་ལམ་ཡང་མངོན་གྱུར་བྱུང་བ་རེད།

བློ་གྲོས་ཀྱིས་དབྱར་གནང་རྗེས་ཀྱི་སློབ་སྐབས་གསར་བའི་མགོ་རྩོམ་ཉིན་སློབ་བུ་ཚོར་ཚགས་པར་བཀྲམ་པ་ན་རང་རང་གི་རྩོམ་ཡིག་ཡིན་པ་རང་ལའང་ཡིད་མི་ཆེས་པ་ལྟ་བུའི་སྒོ་ནས་དགའ་བའི་ཁ་ཡང་ཟུམ་མི་ཐུབ་པར་གྱུར། དེ་བཞིན་དུ་བློ་གྲོས་ཀྱིས་སློབ་གཙོ་གཙོའི་སློབ་གྲྭའི་དགེ་རྒན་ཡོངས་ལ་ཚགས་པར་གཅིག་རེ་སྦྱིན་ཏེ་ཚགས་པར་གྱི་སྟེང་གི་རྩོམ་ཡིག་དང༌། ཚགས་པར་གྱི་འཆར་འགོད་གང་གི་ཐད་དུའང་དགོངས་འཆར་གང་ཡོད་གནང་རོགས་ཅེས་རེ་རེ་བཞིན་བཤད། འོན་ཏེ་དགེ་རྒན་རེ་ཟུང་གིས་“འདི་ནི་ང་ཚོ་སློབ་གྲྭའི་གཟི་བརྗིད་རེད་ཅེས་བརྗོད་ཆོག བུ་རབས་པོ།”ཟེར་བ་ལས་དགེ་གྲོགས་མང་ཆེ་བ་ནི་“ཁ་བགད་ཀྱང་ཁོག་ན་སྡུག་ཅིག”པའི་དཔེ་ལྟར་ལས་དོན་འདིར་རྗེས་སུ་ཡི་རངས་ཀྱི་རྣམ་འགྱུར་ཕར་ཞོག མིག་སེར་གྱི་རྒྱུ་ཞིག་ཏུ་འགྱུར་གྲབས་ཡོད་པ་དང༌། བྱ་བ་འདི་ཡག་པོ་ཞིག་ཏུ་སེམས་ཀྱིན་མི་འདུག་པ་ཚོར།

བློ་གྲོས་ཁ་སྔོན་གྱི་རྒྱུགས་སྐར་ཐད་ཀྱི་ཁོ་ཚོའི་ཁ་བརྡ་ལ་ངོ་མཚར་བ་ལྟར་ཡང་བསྐྱར་མི་འདི་ཚོར་ཡ་མཚན་སྐྱེས་ཏེ་སེམས་སུ། དུས་རབས་སྔོན་མའི་མི་བུ་སྒལ་ཚིགས་ཅན་དགེ་འདུན་ཆོས་འཕེལ་གྱིས། “དད་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟབས། བླུན་པོ་ནོར་རྐྱལ་ཁུར་བའི་དབང་ཤེད་ཀྱིས་བཅོམས་སྟེ། ཆོས་མཐུན་བཀུར་སྟིའི་བཞུགས་གྲལ་གོ་ལོག་ཏུ་བསྡེབས་པའི། སེང་གེ་ཁྱི་ཡི་གཡོག་ཏུ་གྱུར་ཚུལ་འདིས་སྐྱོ་བ། ”ཞེས་པའི་ཚིག་དེ་སླང་ངེར་དྲན་པར་བྱེད།

དེར་མཐུད་ནས་དགེ་རྒན་སྐར་མ་སྐྱིད་ཀྱི་སྤྱོད་སྟངས་ཡིད་ལ་ཤར། དགེ་རྒན་སྐར་མ་སྐྱིད་ནི་རྒྱུན་ལྡན་དགེ་གྲོགས་དག་གི་སྟེང་ལ་དེ་འདྲའི་ཁ་འཛུམ་ངོ་སྐྱིད་ཅན་ཞིག་མིན་མོད། སློབ་གཙོ་དང་སློབ་སྟོན་ཀྲུའུ་རིན། སློབ་སྲིད་ཀྲུའུ་རིན་སོགས་ཀྱི་སྔོན་ནས་ནམ་ཡང་ངོ་ལ་འཛུམ་གྱིས་ཁེངས་ཤིང་སྐད་ཆ་ཅི་ཞིག་བཤད་རྒྱུ་བཙལ་ཏེ་ཁྱུ་གུས་བདག་པོས་རྐང་སྣེར་སྣོམ་ཞིང་ལྡག་པ་ལྟར་ཁོ་ཚོའི་གྱོན་པའི་ངོས་ཀྱི་རྡུལ་སྤྲུགས་པ་དང༌། དེ་དག་ལ་འགྲོ་ཞོར་འདུག་ཞོར་དུ་ཇ་ཕོར་དུ་ཇ་བླུགས་པ། དེ་དག་གི་སྔོན་ནས་སློབ་གྲྭའི་སྤྱི་དོན་གླེང་བ། སློབ་བུ་ཚོར་ཧ་ཅང་གཅེས་གཅེས་དུང་དུང་བྱེད་པ། སྐབས་དེ་དག་ཏུ་དགེ་གྲོགས་གཞན་པ་ཞིག་གི་དོན་དག་ག་གེ་མོ་ཞིག་གི་ཆེད་དུ་ཁོ་མོ་ལ་བོས་ནའང་མི་གོ་ལ་སྐབས་རེར་མི་གོ་ཁུལ་བྱས་ཏེ་དེ་དག་གི་ཐུགས་冻་དགྱེས་ལ་འབད་འབད་འབུངས་འབུངས་བྱེད་པས། རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་《ཧྭ་པ་གསོས་པའི་གཏམ་རྒྱུད།》ནི་དངོས་གནས་ང་ཚོའི་སྤྱི་ཚོགས་སྟེང་གི་ཁོ་མོ་དང་ཁོ་མོ་ལྟ་བུའི་སྣང་ཚུལ་བྲིས་པ་ཡིན་རྒྱུ་རེད་སྙམ་བྱུང༌།

ད་དུང་རྫོང་རིམ་པ་དང༌། ཁུལ་རིམ་པ་ཞིང་ཆེན་རིམ་པ་སོགས་ཀྱི་མགོ་ཁྲིད་མི་སྣ་ཞིག་སློབ་གྲྭར་བྱ་བར་བརྟག་དཔྱད་བྱེད་དུ་འོངས་ཚེ་དེ་ལས་ཀྱང་ཁ་ཡག་ངོ་བསྟོད་དང་ཚིག་བརྒྱན་བྱེད་པ་དང་ཇ་ཆང་འདྲེན་པ་སོགས་ཞབས་ཞུ་ཕུན་སུམ་ཚོགས་པོ་བྱེད་པས་རྔ་མ་ཞིག་ཡོད་ན་མགོ་ཁྲིད་དག་གི་མདུན་ནས་གཡུག་གཡུག་བྱེད་བཞིན་ཡོད་པ་མནའ་སྐྱེལ་ཆོག

ད་ལྟའི་མགོ་ཁྲིད་དག་ལའང་འདི་ལྟ་བུའི་གཡོ་སྒྱུའི་ངོ་འཛུམ་ནི་ཤིན་ཏུ་ནས་ཀྱང་འཕྲོད་ཀྱིན་ཡོད་པར་སྣང་སྟེ། བྱ་བའི་ཚོགས་འདུ་རེ་རེའི་སྟེང་ནས་ཁོ་མོར་གཟེངས་བསྟོད་མི་ཉུང་བ་རེ་ཐོབ་ཀྱིན་ཡོད་པ་མ་ཟད་བསྟུད་མར་ལོ་མཇུག་གི་ཕུལ་བྱུང་གི་དགེ་རྒན་ལ་བདམས་ཐོན་བྱུང་སོང༌། བློ་གྲོས་ཡང་བསྐྱར་ཡ་མཚད་སོང༌། “མི་ཡུལ་འདི་མ་གཞི་ནས་ཡ་མཚན་གྱི་འཇིག་རྟེན་ཞིག་ཡིན་ནམ། ང་རང་བློ་ཆུང་བས་བྱིས་པའི་འཇིག་རྟེན་ལྟར་ཡོད་ཚད་ཡ་མཚར་ཞིག་ཏུ་བསྒོམ་བཞིན་པ་ཡིན་ནམ།” བློ་གྲོས་ཀྱིས་རང་གིས་རང་ལ་དྲི་བ་འདི་ལྟར་དྲིས།

༤༽ ལོ་དེར་རྫོང་སློབ་གསོ་ཅུའུ་ཡིས། 《ཕུལ་བྱུང་དགེ་རྒན་འདེམས་པའི་བྱེད་ཐབས།》ཅེས་པའི་ཡིག་ཆ་ཞིག་བཀྲམས་སོང༌། ཡིག་ཆའི་ནང་དུ་ལོ་མཇུག་ཏུ་འཛིན་གྲྭ་སོ་སོའི་བོད་ཡིག རྒྱ་ཡིག གྲངས་རིག་གསུམ་ཀའི་རྒྱུགས་སྐར་ལ་བལྟས་ཏེ་ཕུལ་བྱུང་དགེ་རྒན་འདེམས་རྒྱུ་དང༌། བདམས་ཐོན་བྱུང་བའི་དགེ་རྒན་དག་དགུན་གནང་གི་སྐབས་སུ་ནང་ལོགས་ཀྱི་མིང་གྲགས་ཅན་གྱི་གྲོང་ཁྱེར་དང་མཛེས་ལྗོངས་འགའ་ཞིག་ལ་ཡུལ་སྐོར་དུ་འཁྲིད་རྒྱུ་ཞེས་བཀོད་ཡོད། དོན་དག་འདི་གོ་མ་ཐག་ཏུ་བློ་གྲོས་དང་དགེ་གྲོགས་ཉུང་ཤོས་ཕུད་གཞན་དག་གིས་གོ་སྐབས་འདིར་དམིགས་ནས་སྨྱོས་པ་ལྟར་རང་རང་གི་ཁྲིད་བྱར་རྒྱུན་ལྡན་མིན་པའི་དུས་ཚོད་མང་བོ་བཀོལ་སོང༌།

ལྷག་པར་དུ་འཛིན་བདག་དགེ་རྒན་ཚོས་རང་གི་སློབ་ཐུན་ཕུད་ལུས་རྩལ་དང༌། གླུ་དབྱངས། མཛེས་རྩལ། ངལ་རྩོལ་སློབ་ཐུན། རྒྱང་བསྟེན་སློབ་ཐུན། གདོང་ལེན་རུ་མིའི་སློབ་ཐུན་སོགས་མང་བོ་ཞིག་བདག་གིར་བཟུང་བ་དང་ནང་ནུབ་ཚོགས། ཐ་ན་སློབ་ཕྱིའི་འགུལ་སྐྱོད་སོགས་སུའང་རང་རང་གི་སློབ་དེབ་སྦྱོང་དུ་བཅུག དེ་ལྟར་བྱས་པས་བྱིས་པའི་ལྷན་སྐྱེས་ཀྱི་དགའ་ཕྱོགས་མང་བོ་ཞིག་ལ་ལོངས་སྤྱོད་རྒྱུ་ཡེ་ནས་མེད་པར་རང་དབང་བྲལ་བའི་བཙོན་ཁང་ཞིག་ཏུ་སྙམ་མཁན་ཡང་མང་བོ་འདུག དེ་དག་ལས་ལུས་རྩལ་ལྟ་བུའི་སློབ་བུའི་སེམས་ཁམས་ཅུང་བག་གཡེང་དུ་གཏོང་བའི་སློབ་ཐུན་མེད་པར་བྱས་པས་སློབ་བུ་མང་བོ་ཞིག་གི་སློབ་སྦྱོང་གི་སྤྲོ་སྣང་ཡེ་ནས་མེད་པར་བྱས།

དེ་ལྟར་བྱས་པས་ཇི་ལྟར་བཀག་སྡོམ་བྱས་ཀྱང་དེའི་ཚོད་ཀྱིས་མཇུག་འབྲས་ཤིག་མི་འབྱུང་བ་ཤེས་ཚེ་གང་བྱུང་དུ་གཅར་རྡུང་འཇིགས་སྐུལ་གྱིས་བཙན་ཤེད་ཁོ་ནས་སློབ་བུ་ཚོའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་ལྡོག་པའི་ཤུགས་རྐྱེན་ཡ་ང་བ་ཞིག་བཞག་གིན་འདུག སྐབས་དེ་དག་ཏུ་སློབ་བུ་ཚོས་སློབ་ཕྱིའི་འགུལ་སྐྱོད་སོགས་ཀྱི་སྐབས་སུ་གོང་སྨོས་དགེ་རྒན་དག་མཐོང་ཚེ་“དགེ་རྒན་ཅིག་ཅིག་ཐོན་ཐལ།”“དགེ་རྒན་མིག་མིག་འོང་གིན་འདུག”ཅེས་ཙི་གུས་ཞི་ལ་མཐོང་བ་ལྟར་བྲོས་འགྲོ་བ་དང་ཁང་བ་སོགས་ཀྱི་གྲུ་ཟུར་དང་སྤྱོད་ཁང་སོགས་སུ་བཞའ་ཅི་ཐུབ་བྱེད་ཀྱིན་འདུག ད་དུང་དགེ་གྲོགས་འགའ་རེས་མཇུག་རྒྱུགས་ལེན་ལ་ཉེ་བའི་སྐབས་སུ་ས་གནས་འདི་མ་ཡིན་པའི་དགོན་པ་ཞིག་ཏུ་སྐུ་རིམ་མང་བོ་ཞིག་བཅོས་སོང་ཟེར། གནས་ཚུལ་དང་གནད་དོན་འདི་དག་མཐོང་ཐེངས་རེ་རེར་བློ་གྲོས་བསམ་གཞིག་དང་ཡི་ཆད་ཀྱི་གཏིང་དུ་བྱིང་འགྲོ།

“ང་ཚོའི་དགེ་རྒན་དག་རང་གི་ཁེ་ཕན་ཞིག་ལས་མི་རིགས་ཀྱི་བདེ་སྡུག་དང༌། སློབ་བུའི་བདེ་ཐང་ལ་སྙམ་མཁན་འདི་འདྲ་ཉུང་བས་དངོས་གནས་དུས་རབས་གསར་བའི་མི་གསར་བ་ཞིག་སྐྱེད་སྲིང་བྱེད་པར་ད་དུང་ཇི་འདྲའི་རྒྱང་ཐག་རིང་梆ང༌། ང་ཚོའི་ནམ་ནམ་ཞར་ཞར་དུ་མགོ་རྐེ་ལེས་མི་ཐེག་པའི་རྗེས་ལུས་ཀྱི་ཞྭ་མོ་ཆེན་པོ་འདི་ཁུར་དགོས་པ་ཡིན་ནམ། ” “སློབ་གསོ་ལ་གཙིག་ཆེན་མི་བྱེད་པའི་མི་རིགས་ནི་རྗེས་ལུས་ཀྱི་མི་རིགས་ཤིག་ཡིན་ལ། སློབ་གསོར་གཙིག་ཆེན་བྱེད་མི་ཤེས་པའི་མི་རིགས་ནི་དབུལ་ཕོངས་ཀྱི་མི་རིགས་ཤིག་ཏུ་འགྱུར་ངེས་རེད།”

དེང་རབས་སློབ་གསོ་སྨྲ་བ་གཅན་རོང་བསྟན་འཛིན་གྱི་སྐད་ཆ་འདིར་ཇི་འདྲའི་གནས་ལུགས་རེ་ལྡན་梆ང༌། “སང་ཉིན་ཁུལ་བརྟག་དཔྱད་ཚོགས་པ་ཞིག་ཐོན་གིན་འདུག་ཟེར་བ་བདེན་ནམ།”མཚོ་མོ་བྲེལ་བྲེལ་འཚུབ་འཚུབ་ངང་གཞུང་ལས་ཁང་དུ་འཛུལ་ནས་དེ་སྐད་ཟེར་བ་ན། དགེ་རྒན་འགའ་ཞིག་ཧད་པར་གྱུར་ཏེ་ཅི་ཡང་མ་ཐོས་ཚུལ་ལབ་པ་དང༌། བརྟག་དཔྱད་ཚོགས་པ་ཟེར་ན་ཙི་གུས་བྱི་ལའི་སྐད་ཐོས་པ་ལྟ་བུའི་དངངས་སྐྲག་སྐྱེ་མཁན་གྱི་དགེ་རྒན་དག་དེ་མ་ཐག་ཏུ་འུར་ལངས་ཏེ་མཚོ་མོའི་རོགས་སུ་བཅར་ཏེ་“སུ་ཞིག་གིས་དེ་འདྲ་ཟེར།”“ནམ་དེ་འདྲ་ཟེར་གྱིན་འདུག”“ནམ་ཐོན་གྱིན་འདུག”“ཅི་ཞིག་ལ་བལྟ་བཞིན་འདུག”སོགས་དྲི་བ་འཕྲོའི་རིང་འཕྲོར་འཕངས་ཤིང༌། གསལ་བོ་ཞིག་རྟོགས་འདོད་ཀྱི་མཆིལ་མིད་ཤོར་གྱིན་ཡོད་པ་ལྟར་བྱེད། མཚོ་མོ་ནི་འཕྲིན་པ་དེ་རིགས་སྐྱེལ་མཁན་གྱི་བྱ་མ་རྟ་ཞིག་དང་འདྲ་སྟེ། 梆་ཁུ་ཁྲོ་ཐུང་གི་རྣ་ལྟག་གི་སྒྲིབ་ཤིང་རླུང་གི་འཁོར་ལོ་གཡར་ནས་ནམ་རྒྱུན་གོང་རིམ་མགོ་ཁྲིད་ཀྱི་སྐད་ཆ་ལ་ཉན་བཞིན་བསྡད་ཡོད་པ་དང་མཚུངས་པས། ཁོ་མོས་བཤད་པ་བདེན་པར་འཛིན་ཆོག་ཆོག་ཡིན།

བློ་གྲོས་སློབ་ཁྲིད་གྲོལ་ནས་གཞུང་ལས་ཁང་གི་ནང་དུ་ཐོན་པ་ན། “ངས་སློབ་ཁྲིད་གྲ་སྒྲིག་བྲིས་མེད་པས་ད་ག་རེ་བྱེད།”“ངས་སྦྱང་གཞིའི་ལྷན་ཐབས་ཐེངས་གཉིས་ལས་དག་བཅོས་མེད།”“ང་ལ་ཟུར་ཁྲིད་ཟིན་བྲིས་གཅིག་ཀྱང་བྲིས་མེད།”“ངས་རྒྱུགས་ཤོག་དབྱེ་ཞིབ་འབྲི་འཕྲོར་ལུས་ཡོད།”“འ་རོགས་ཁྱོད་ཀྱི་འཛིན་བདག་ཚོགས་འདུའི་ཟིན་ཐོ་ང་ལ་གཡོར་དང༌།”“ལས་བྱ་ཡིན་ན་དམྱལ་བ་བོ་ད་དུང་འགྲུབ་མེད།”སོགས་མུ་གེའི་ལོའི་མེད་མུག་ཆད་གསུམ་ལྟ་བུ་ཞིག་འདོན་བཞིན་དགེ་གྲོགས་ཚོ་ཁ་ངོ་ཤོར་ཏེ་ཡར་རྒྱུག་མར་རྒྱུག་བྱེད་བཞིན་འདུག

དང་ཐོག་དགེ་གྲོགས་ཚོའི་སྤྱོད་སྟངས་འདི་རིགས་མཐོང་ཚེ་བློ་གྲོས་ཧད་པར་གྱུར་བ་དང༌། དེ་ནས་ངོ་མཚར་བ། དེར་མཐུད་ནས་དགོད་བྲོ་བ་དང་ངུ་སྙིང་འདོད་པ་སོགས་སེམས་ཀྱི་འགྱུར་ལྡོག་གང་མང་ཞིག་གིས་འཚང་ཁ་རྒྱག་སྲིད་མོད། ད་ལྟ་ལོབས་པར་གྱུར་བས་ཇི་མི་སྙམ་པར་སློབ་གྲྭའི་སློབ་གསོའི་ད་ལྟའི་གནས་བབས་འདི་བསྒྱུར་བའི་སྐོར་གྱི་སྙན་ཞུའམ་དཔྱད་རྩོམ་སྦྲག་མ་དེའི་མཇུག་སྐྱོང་བར་བྲེལ།

བློ་གྲོས་ཀྱིས་རང་ཉིད་ད་དུང་ཕུལ་བྱུང་དགེ་རྒན་ཞིག་ཏུའང་འདེམས་ཐུབ་ཀྱིན་མེད་པ་དང༌། དགེ་རྒན་སྐོར་ཞིག་དེ་ལས་ལྡོག་སྟེ་གོང་རིམ་དང་སློབ་གྲྭས་ཅིག་ཅིག་གི་ཕུལ་བྱུང་དང་ཉིག་ཉིག་གི་ཕུལ་བྱུང་དུ་འདེམས་འགྲོ་བའི་གནད་དོན་འདི་ཅི་ཞིག་ལ་ཐུག་ཡོད་པ་ཧ་མི་གོ་ལ། གོ་འདོད་ཀྱང་མེད་དེ། དེ་ནི་ཧ་ཅང་རྙོག་འཛིང་ཅན་གྱི་གསང་བ་ཞིག་ཡིན་ཤས་ཆེ།

སློབ་གྲྭ་འདི་འདི་ལྟར་ངོས་དང་རྒྱབ་ཀྱི་བར་ན་འགལ་འདུའི་ཕུང་བོ་ཞིག་ཏུ་གྲུབ་བཞིན་དུས་རབས་འདིའི་གདོང་བསུ་བཞིན་ཡོད། ཡང་ན་ངོས་ཙམ་ལས་རྒྱབ་བམ་ནང་གི་མཛེས་སྡུག་ལ་དཔྱོད་ཤེས་མེད་པའི་ཚོགས་པ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་དོ།

ཡོངས་ཁུངས་དགེ་འདུན་ཆོས་འཕེལ་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།