FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

ལོག་སྦྱོར།

ཁ་བ་བུ་ཡུག་སྨྱོས་པ་ལྟར་འཚུབས།

ཟླ་ཕྱེད་ལྷག་ལ། ཉིན་མཚན་གྱི་དབྱེ་བ་མེད་པར་དྲག་རླུང་འུར་འུར་དུ་ལྡིང་ཞིང༌། ཁ་བ་བུ་ཡུག་ཀྱང་སྨྱོས་པ་ལྟར་འཚུབས་པས། གྲང་ཞིང་འཁྱག་པའི་གནམ་གཤིས་ཀྱིས་གང་ཞིག་ལ་ངོ་རྒོལ་བྱེད་པ་དང་ཡོངས་སུ་མཚུངས།

མཐོང་བ་ཙམ་གྱིས་ཨ་རིའི་གློག་བརྙན《༢༠༡༢ལོའི་ཆག་འཇིག》ཡིད་ལ་དྲན་ཏེ། ད་ལོར་འཇིག་རྟེན་འདི་དངོས་སུ་འཇིག་རྒྱུ་རེད་སྙམ་པའི་སྔངས་སྐྲག་ཅིག་སྙིང་ཁམས་བརྒྱུད་དེ་ལུས་ཡོངས་སུ་ཁྱབ་འགྲོ།

ཡིན་ཡང༌། ས་རུབ་སྟེ་ཡུན་རིང་འགོར་ཡོད་པས། མུན་ནག་གི་ཀློང་ནས་གྲང་རླུང་གི་འུར་སྒྲ་དང་བུ་ཡུག་གི་ཟུག་སྐད་མ་གཏོགས་ཅི་ཡང་ཐོས་མི་ཐུབ་ལ། ཕྱི་རོལ་གྱི་ཁ་བས་གཡོགས་པའི་སྐྱོ་ལྷང་ལྷང་གི་རྣམ་པ་ནི་དེ་བས་ཀྱང་མཐོང་མི་ཐུབ། མུན་ནག་གི་ཀློང་ནས་མིག་ལམ་དུ་སྣང་ཐུབ་པ་ཙམ་ནི་ཟླ་བ་ཚང་གི་དྲ་མ་ལས་འཕྲོས་པའི་གློག་འོད་གཅིག་པུ་རེད། ཁོ་ཚང་གི་གློག་སྒྲོན་ནི་ཁང་པའི་གདུང་མ་ལས་མར་བསྣར་ཡོད་སྟབས། གློག་སྒྲོན་གྱི་འོད་སྣང་དེ་ཡང་ཐབ་མགོའི་སླ་ང་དང་དཀར་ཡོལ་ལས་འཕྱུར་བའི་རླངས་པས་ཡོངས་སུ་བཏུམས་ཏེ་མག་མོག་ཏུ་གྱུར་ཅིང་འདར་ཤིག་ཤིག་བྱེད།

གློག་སྒྲོན་དང་བར་ཐག་ཉེ་བའི་ཚ་ཐབ་སྟེང་དུ། ཨ་མྱེས་ཉི་མ་དང་ཟླ་བ་གཉིས་ཁ་གཏད་དུ་བསྡད་དེ་འོ་ཇ་འཐུང་གིན་འདུག ཚ་བོ་སྐར་མ་ཡིས་ཀྱང་ཁོ་ཕ་བུ་གཉིས་ཀྱི་བར་དུ་ཅ་ནེ་ཞིག་གི་ནང་ནས་ཅི་ཞིག་འཐུང་བར་བྲེལ། དེར་བལྟས་ན་ཁོ་ཚང་གི་དགུང་འཚལ་འཕྱིས་འདུག་པ་རྟོགས་ཐུབ། རླངས་པའི་གཡོ་ཕྱོགས་དང་བསྟུན་ནས་ཁོ་ཚོའི་བཞིན་རས་ནི་རེས་གསལ་རེས་མོག་གིས་མངོན་པས། སེམས་སུ་བརྙན་འཕྲིན་ནང་གི་ལྷ་ཡུལ་ཁམས་ནི་འདི་ལྟར་བརྙན་དུ་ཕབ་པ་རེད་སྙམ་ཡོང༌།

ཨ་མྱེས་ཉི་མས་མིག་ཤེལ་སྟེང་གི་རླངས་པ་འབྱིད་ཞོར་དུ་མིག་ཟུང་ཤེད་ཀྱིས་བཙུམས་ཙམ་བྱས་ཏེ“ཨ་ཐན་ལྟས། ཁ་སང་དེ་རིང་གི་ཁ་བ་དང་དྲག་རླུང་སྨྱོས་པ་ལྟར་འབབ་གཡུག་བྱེད་དོན་ཅི་ཡིན་ནམ། ང་རང་སྐྱེས་ཏེ་ལོ་ངོ་དྲུག་བཅུ་ལྷག་འགོར་མོད། འདི་འདྲའི་གྲང་ངར་ཞིག་མཐོང་མྱོང་བ་ཕར་ཞོག ཐོས་ཀྱང་མ་མྱོང༌། འདི་ལྟར་སོང་ན། ནོར་ལུག་ཚང་མ་ཤི་སྟེ་ཚར་རྒྱུ་རེད། དཀོན་མཆོག་གསུམ་པོ”ཞེས་སྨྲས།

ཟླ་བའི་གདོང་ལས་ཡིད་ཆད་པའི་རྣམ་འགྱུར་ཞིག་མངོན་བཞིན“རེད་ཡ། གཟན་ཆས་ཀྱང་ཚར་ལ་ཉེ། གཟན་རྩྭ་ཞིག་མ་ཉོས་ན། འཁྱག་གྲང་གི་སྟེང་མུ་གེ་བསྣན་ན། ཤུལ་དུ་ལུས་པའི་ནོར་ལུག་འདི་དག་ཀྱང་ཚར་རྒྱུ་རེད”ཅེས་མགོ་བོ་གཡུག་གཡུག་བྱས།

“རེད་ཡ། ཐབས་བཀོད་ཅིག་ཡོད་ན་ད་འཐེན་རན་རེད། ད་ལོ་ཡང་ལོ་སྐྱིད་པོ་ཞིག་གསར་ཐུབ་ཀྱི་མ་རེད། དཀོན་མཆོག་གསུམ་པོ།”ཨ་མྱེས་ཉི་མས་གནའ་རྫས་ལྟར་རྙིང་བའི་མིག་ཤེལ་གདོང་ལ་གྱོན་ཞོར་དུ་སྨྲས།

ཕྱི་ནས་ལྡིང་བའི་གྲང་རླུང་ནི་སྤྱང་ལྟོགས་ཁྱུ་ཞིག་དང་འདྲ་བར་ཁོ་ཚང་གི་ནང་སྒོ་དང་དྲ་མའི་སྲུབས་ཀ་ནས་སུར་སྒྲ་སྣ་ཚོགས་འབྱིན་བཞིན་བཙངས་ཡོང་སྟེ། ཁང་པའི་ནང་གི་རླངས་པ་ཕར་གཡོ་ཚུར་གཡོ་བྱས་ལ། ཁྱིམ་མི་དག་ལ་འཁྱག་ལྷང་ལྷང་གི་ཚོར་བ་ཞིག་བསྣན།

ཟླ་བས་དུད་སྒམ་ལས་ཐ་མག་རྐང་གཅིག་བླངས་ཏེ་མེ་སྒྲོན་ཞོར་དུ“གཟན་རྩྭ་ཉོ་སྤྱད་ཀྱི་སྒོར་མོ་ཡང་མེད། ད་གོད་རོ(གོད་ཆག་ལས་ཤི་བའི་ནོར་ལུག)འདི་དག་བཙོང་བ་ལས་ཐབས་གཞན་མེད། སང་ཉིན་ང་རང་རྫོང་ཐོག་ལ་སོང་སྟེ་གོད་རོ་ཉོ་མཁན་གྱི་ཁ་ཆེ་བ་ཞིག་ཨེ་ཡོད་བལྟ། ཞོར་དུ་ལོ་གསར་གྱི་ཉོ་ཆ་ཡང་རྒྱག་དགོས”ཞེས་བཤད།

“ཁྱོད་ཀྱིས་རྒྱུ་འབྲས་མེད་པའི་ཚོང་མ་རྒྱག གོད་རོ་འདི་དག་མི་གཞན་གྱིས་བཟའ་ཆོག་གམ། རྒྱུ་མེད་ཀྱང་གཞན་ལ་གནོད་པའི་བྱ་བ་གཏན་ནས་སྒྲུབ་མི་རུང༌།” ཨ་མྱེས་ཉི་མས་སྐེ་ནས་ཕྲེང་བ་བླངས་ཏེ་མྱུར་འདྲེན་བྱས།

ཟླ་བས་མྱུར་དུ“ཨ་ཕ། གོད་རོ་འདི་དག་གྲང་ལྟོགས་ཀྱི་ཤི་བ་ལས་ནད་ཀྱི་ཤི་བ་མིན་པས། གཞན་གྱིས་བཟས་ཀྱང་སྐྱོན་ཅི་ཡོད”ཅེས་འུ་ཐུག་པའི་ཉམས་ཀྱིས་སྨྲས་མོད། ཨ་མྱེས་ཉི་མས“གང་ལྟར་འདི་དག་ནི་ཤི་བའི་ཤ་ཡིན་པས། ཕ་མེས་ཡང་མེས་ཀྱི་རིང་ནས་ང་ཚོས་བཟའ་མི་ཆོག་པ་མ་ཟད། གཞན་ལ་བཙོངས་ཀྱང་མི་ཆོག དཀོན་མཆོག་གསུམ་པོ་སྐྱབས་སུ་འགྲོ་མཁན་ཞིག་ཡིན་ན། མ་གྱུར་སེམས་ཅན་ཐམས་ཅད་ལ་བྱམས་དང་སྙིང་རྗེ་ལྡན་དགོས། རྒྱུ་སེན་མོ་ཙམ་ཞིག་གི་ཆེད་དུ་ཚེ་འདི་ཕྱི་གཉིས་ཀར་གནོད་པའི་བྱ་བ་གཏན་ནས་སྒྲུབ་མི་རུང”ཞེས་དད་པའི་ཕྱག་ཟུང་སྙིང་ཀར་སྦྱོར་བཞིན་སྨྲས།

ཟླ་བའི་གདོང་ལས་ཡིད་མ་རངས་པའི་རྣམ་འགྱུར་ཞིག་མངོན་ཡོད་ནའང་ཁ་ནས་ཚིག་གཅིག་ཀྱང་མ་བཤད་པར་དུ་བ་རྔམ་འཐེན་བྱས། ཁོའི་ཁ་སྣ་གཉིས་ལས་འཕྱུར་བའི་སྔོ་ལྷོག་ལྷོག་གི་དུ་བ་དང་དཀར་ཡོལ་ལས་མཆེད་པའི་སྐྱ་ལོང་ལོང་གི་རླངས་པ་གཉིས་ཀྱིས་ཁོ་ཚང་གི་གློག་སྒྲོན་འཕྲོག་རྩོད་བྱེད་པ་ལྟར་བཏུམས་སྟེ་ཡུད་ཙམ་ལ་གཞི་གཅིག་ཏུ་འདྲེས་མ་ཐུབ།

ཨ་མྱེས་ཉི་མས་ཇ་དཀར་གྱི་རླངས་པར་ཕུ་འདེབས་བཞིན“དེ་ལས་སང་ཉིན་ཁྱོད་རྫོང་ཐོག་ལ་འགྲོ་ན། མིག་སྨན་ཞིག་ཉོས་ཤོག སྔོན་ཆད་མདའ་ཚད་གཅིག་གི་སར་སྐྱ་ཀ་ཁྲ་མོ་ཞིག་ཡོད་ཀྱང་མཐོང་ཐུབ་མོད། ད་ལྟ་འདོམ་གང་གི་སར་བྱ་ཁྭ་ཏ་ནག་པོ་ཞིག་འཕུར་ལྡིང་བྱས་ཀྱང་རབ་བེ་རིབ་བེ་རེད། ལྷག་པར། ཁ་བ་འབབ་རྒྱུ་མང་ན། ངའི་མིག་ནས་ཆུ་མི་འཚོག་པས། མིག་སྨན་དགའ་ཞིག་ཉོ་རྒྱུ་མ་བརྗེད”ཅེས་སྨྲས་རྗེས་ཁ་ཏོན་འདོན་བཞིན་བསྡད།

རྫོང་ཐོག་ལ་འགྲོ་ན་ཞེས་པའི་ཚིག་དེ་ཚ་བོ་སྐར་མས་གོ་མ་ཐག གློ་བུར་དུ་ཡར་ལངས་ཏེ་ཨ་མྱེས་ཉི་མའི་པང་དུ་མཆོངས་པ་དང་ཁ་ནས“ཨ་མྱེ། ཨ་ཕ་རྫོང་ཐོག་ལ་འགྲོ་ན། ང་རང་འཁྲིད་དུ་འཇུག་རོགས”ཞེས་ཞུ་བ་བྱས། ཨ་མྱེས་ཉི་མའི་གདོང་གི་སྐྱོ་སྣང་དེ་སྐད་ཅིག་ཏུ་ཡལ་བ་མ་ཟད། རྒས་གཉེར་ཡོད་ཚད་འཛུམ་མདངས་སུ་བསྡུས་ཏེ“ཆོག་གི སང་ཉིན། ཨ་ཕས་ཁྱོད་རང་འཁྲིད་ཁོ་ཐག་ཡིན”ཟེར་བཞིན་ལག་གཡས་པས་ཚ་བོ་སྐར་མའི་མགོ་ལ་བྱིལ་བྱིལ་བྱས།

ཚ་བོ་སྐར་མ་དགའ་དྲགས་ཏེ“ད་འགྲིག་སོང༌། ད་འགྲིག་སོང”ཟེར་བཞིན་སྤྲེའུ་ཞིག་དང་འདྲ་བར་ཨ་མྱེས་ཉི་མའི་སྐེ་ལ་ཞོན་པ་དང༌། ལག་གཉིས་ཀྱིས་ཨ་མྱེས་ཉི་མའི་རྣ་འཇོག་གཉིས་ལ་འཇུས་ཏེ“སང་ཉིན་ང་རང་འཕྲུལ་རྟར་ཞོན་ཐུབ་སོང”ཟེར་ཞོར་དུ་འཕྲུལ་རྟར་ཁ་ལོ་བསྒྱུར་བའི་ཚུགས་ཀ་བསྟན། གློག་འཁྱུག་པའི་ཚ་བོ་སྐར་མའི་བྱ་སྤྱོད་དེར་བལྟས་ན། ཁོ་རང་པྲ་ཚག་ཅིག་ཡིན་པ་ཤེས་ཐུབ་ལ། ཁྱིམ་མི་ཚོས་གཅེས་ལང་དུ་བཏང་ཡོད་པའང་རྟོགས་ཐུབ།

ཨ་མྱེས་ཉི་མས་ཀྱང་ལུས་པོ་དགྱེ་སྒུར་ཡང་ཡང་བྱེད་ཞོར་དུ་ཁ་ནས“ལྡིར་ལྡིར། ལྡིར”ཟེར་བཞིན་འཕྲུལ་རྟ་ཡིན་ཁུལ་གྱིས་ཚ་ཐབ་སྟེང་ནས་གོག་བགྲོད་བྱས། དེ་ནི་ཁོ་གཉིས་ལ་དབང་བའི་རོལ་རྩེད་ཅིག་ཡིན་པ་མ་ཟད། ཁྱིམ་གཞིས་ཆུང་ཆུང་དེར་སྤྲོ་སྣང་སྦྱིན་པའི་ལྟད་མོ་ཆུང་ཆུང་ཞིག་ཀྱང་ཡིན་པས། ཨ་མྱེས་ཉི་མ་དང་ཟླ་བ་གཉིས་ཀྱི་ཁ་རྩོད་དེ་ཡང་གར་སོང་ཆ་མེད་དུ་གྱུར་སྟེ་དགའ་སྤྲོའི་དགོད་སྒྲ་ལྷང་ལྷང་མཆེད།

མཚམས་ཤིག་ལ། གློག་ལྟར་འཁྱུག་ཅིང་འབྲུག་ལྟར་གྲགས་པའི་ཚ་བོ་སྐར་མ་ཡིས་ཨ་མྱེས་ཉི་མའི་གདོང་གི་མིག་ཤེལ་རྙིངས་པ་དེ་ཅོག་ཙེ་སྟེང་ལ་གཡུགས་སྟེ་དུམ་བུ་གཉིས་སུ་བཅག སྐད་ཅིག་ཉིད་ལ། ཁྱིམ་མིའི་དགོད་སྒྲ་དེ་བརྙན་འཕྲིན་གྱི་གློག་སྒོ་བརྒྱབ་པ་ལྟར་ཆད། ཡིན་ཡང༌། ཚ་བོ་སྐར་མར་སྐྲག་སྣང་སྤུ་ཙམ་ཡང་མེད་པར་ཨ་མྱེས་ཉི་མའི་སྐེ་ན་མཆོངས་ལྡིང་བྱེད། ཁོས་ངོ་མདོག་དམར་པོར་གྱུར་པའི་ཟླ་བར་བལྟས་ཏེ“ཨ་མྱེ། ཨ་ཕས་ཐེངས་སྔོན་མ་དེར་ཡང་ང་རང་མ་འཁྲིད་པ་རེད། ད་ཐེངས་ང་ཡིན་གཅིག་མིན་གཉིས་འཁྲིད་དགོས”ཞེས་ཨ་མྱེས་ཉི་མའི་རྣ་བ་གཉིས་ཀ་ཡང་དང་བསྐྱར་དུ་འཐེན།

ཨ་མྱེས་ཉི་མའི་གདོང་ལའང་ཁྲོ་བའི་རྣམ་འགྱུར་ཙམ་ཡང་མེད་པར་སྔར་བཞིན་འཛུམ་ཞིག་བསྡུས་ཏེ“ཆོག་གི ཆོག་གི ཟླ་བ། སང་ཉིན་ཁོ་རང་རྫོང་ཐོག་ལ་ཁྲིད་དེ་རྩེད་རྒྱུ་ཡོད་ཚད་རྩེ་རུ་ཆུགས། བཟའ་རྒྱུ་ཡོད་ཚད་ཟ་རུ་ཆུགས། ད་ཐེངས་ཁྱོད་ཀྱི་མ་ཁྲིད་ན། ངས་ཁྱོད་རང་ལ་མི་བསྐྱུར་ཁོ་ཐག་ཡིན”ཅེས་བཤད། ཟླ་བས་བུ་ཆུང་སྐར་མར་སྡིགས་མཛུབ་ཡང་ཡང་བསྟན་མོད། ཁོས་ཕྱིར་ལྕེ་བསྣར་ཅིག་བྱས་ཏེ་ཨ་མྱེས་ཀྱི་རུམ་ལ་འཛུལ། བྱིས་པ་གཅེས་ལང་ཞེས་པ་ནི་འདི་འདྲར་ཟེར་བ་ལོས་ཡིན།

ཨ་མྱེས་ཉི་མས་མིག་ཤེལ་ཆག་རོ་དེ་ཕྱིར་སྦྱར་ཨེ་ཐུབ་ལ་བལྟས་རྗེས་མགོ་བོ་འཕྲེད་དུ་གཡུག་གཡུག་འགའ་བྱས་ཏེ“ཟླ་བ། ད་ལྟ་ལྕགས་རིགས་ཀྱང་འབྱར་ཐུབ་པའི་སྤྱིན་ཆུ་ཞིག་ཡོད་ཟེར་བ་བདེན་ནམ”ཞེས་དྲིས།

“བདེན་པ་འདྲ། གོ་ཐོས་ཡིན་ན། སྐད་ཅིག་ཉིད་ལ་འབྱར་ཐུབ་པའི་སྤྱིན་ཆུ་ཞིག་ཡོད་ཟེར། དེའི་མིང་ལ་རྒྱ་སྐད་ཀྱིས་སེན་མོ(三秒)ཟེར་བ་འདྲ།”

“དེས་ན་འགྲིག་འདུག སང་ཉིན་དེ་ཡང་ཉོ་རྒྱུ་མ་བརྗེད། ངས་མིག་ཤེལ་འདི་མ་སྦྱར་ན། ང་རང་གཅིན་ཐོག་ལ་ཡང་འགྲོ་ཐུབ་ཀྱི་མ་རེད།”

ཕྱི་ཉིན་གྱི་སྐྱ་རེངས་ཤར་བ་ན། གྲང་ལྷགས་སྔར་ལས་ཇེ་ཆེར་གྱུར་ཏེ་འཁུན་སྒྲ་བར་མེད་དུ་འབྱིན། དྲ་མ་ལས་ཕྱིར་འཕྲོས་པའི་གློག་འོད་ཀྱི་འོག་ཏུ། ཟླ་བས་བྲེལ་འཚུབ་འཚུབ་ཀྱིས་བསང་ཁྲི་ཞིག་གི་སྟེང་དུ་བསང་མེ་སྒོང་བཞིན་འདུག་ཅིང༌། ལྷས་རའི་ནང་གི་རྟ་ནོར་ལུག་གསུམ་ཡང་གྲང་ལྷགས་ལ་སུན་སྣང་སྐྱེས་པ་ལྟར་མགོ་བོ་ཕྱོགས་གཅིག་ཏུ་གཏད་དེ་ཉལ་ཡོད།

ཁོ་ཚོའི་ཁ་སྣ་གཉིས་ནས་རླངས་པ་སྔོ་ལང་ལང་དུ་འཕྱུར་བར་བལྟས་ན། གྲང་ལྷགས་ཀྱིས་བཅུམས་པའི་འཇིག་རྟེན་ནས་དབུགས་ཀྱང་འབྱིན་རྔུབ་བྱེད་དཀའ་སྙམ་པའི་བྲེད་སྣང་ཞིག་ངང་གིས་སྐྱེས་འོང༌། ཡིན་ཡང༌། བསང་ཁྲིའི་སྟེང་གི་མེ་ལྕེ་ལྷབ་ལྷུབ་ཏུ་འབར་སྟེ་ཁོ་ཚང་གི་ལྷས་ར་ཡོངས་གསལ་ལྷང་ངེར་བཏང་ལ། རྟ་ནོར་ལུག་གསུམ་ཡང་རེ་རེ་བཞིན་ཡར་ལངས་པས། ཚ་ཞིང་བསྲེགས་པའི་མེ་ལྕེ་དེས་སྐྱོ་ལྷང་ལྷང་གི་ལྷས་ར་དེར་གསོན་ཤུགས་བསྩལ་བ་དང་ཡོངས་སུ་མཚུངས།

ཚ་ཐབ་སྟེང་དུ་ཨ་མྱེས་ཉི་མས་ཤ་དྲོད་ཡོད་ཚད་ཚ་བོ་སྐར་མར་སྦྱིན་འདོད་པ་ལྟར་རུམ་ཡོད་ལ། ཚ་བོ་སྐར་མས་ཁ་གདངས་ཏེ་སྔུར་བ་འཐེན་བཞིན་གཉིད་འདུག དེར་བལྟས་ན། ཁོ་རང་རྫོང་མཁར་དུ་འགྲོ་བ་དེ་གཏིང་བརྗེད་དུ་སོང་ཡོད་པ་འདྲ། ཟླ་བའི་ཆུང་མ་ལྷ་མོ་ཡིས་ཁོ་ཚང་གི་པྲ་ཚག་ཆེ་ཆུང་གཉིས་ཀ་གཉིད་ལས་བསླང་བར་སྐྲག་པ་དང་འདྲ་བར་ཁ་ཏོན་ཁོག་འདོན་བྱེད་ཀྱིན་ནངས་ཇ་བསྐོལ་བ་དང༌། སེམས་ཆུང་གིས་སྣོད་ཀ་ཅ་ཡར་འཇོག་མར་ལེན་བྱེད། ཁོང་བཟའ་ཟླ་གཉིས་ཀྱིས་ནངས་ཇ་སྟབས་བདེ་ཞིག་འཐུང་རྗེས། ཟླ་བས་འཕྲུལ་རྟའི་སྟེང་ཁུག་མ་ཆེ་འབྲིང་ཆུང་གསུམ་བསྡམས་ཏེ་རྫོང་མཁར་ལ་འཐེན་པའི་ལམ་དུ་ཞུགས།

མཐའ་ཡས་པའི་རྩྭ་ཐང་ནི་བདེ་ཞིང་སྙོམས་པས། མུན་ནག་ཀློང་གི་འཕྲུལ་རྟ་ནི་མཚམས་རེར་མེ་ཤུགས་འཕུར་མདའ་ཞིག་དང་འདྲ་བར་དྲང་ཐད་དུ་རྒྱུགས་ཤིང༌། མཚམས་རེར་སྲིན་འབུ་མེ་ཁྱེར་ཞིག་དང་མཚུངས་པར་གཡས་འཁོར་གཡོན་འཁོར་བྱེད། མཚམས་རེར་གློག་དམར་འཁྱུག་པ་ལྟར་ཁ་བ་མཐུག་པོའི་ནང་དམར་འཚུབ་སེ་ཐང་ལ་འགྱེལ་བ་སོགས་ཀྱི་གོ་རིམ་མང་པོ་ཞིག་བརྒྱུད་དེ་རྫོང་ཐོག་ཏུ་ཐོན།

ཟླ་བར་མཚོན་ན། རང་ཁྱིམ་དྲོན་མོ་ནས་གང་འདོད་དུ་བསྡད་མྱོང་ལ། མཐའ་ཡས་པའི་རྩྭ་ཐང་སྟེང་རང་དབང་གིས་བརྒྱུགས་ཆོག་པས། ཁོའི་སྣང་ངོར་ཁོད་དོག་ཅིང་ཟིང་ཟིང་ཆེ་བའི་རྫོང་མཁར་དེ་ནི་ཁང་བརྩེགས་མང་པོ་དང་རླངས་འཁོར་སྣ་ཚོགས་ཀྱིས་བཀང་བའི་ཞིང་ཁམས་ཤིག་དང༌། མི་རིགས་མང་པོ་དང་ཚོང་རྫས་སྣ་མང་འདུས་པའི་འཇིག་རྟེན་ཞིག་ཡིན་པས། འཕྲུལ་རྟ་གང་དུ་བཞག་སྟེ་ཚོང་ཁང་གང་ལ་འགྲོ་དགོས་པའང་མི་ཤེས་པའི་ཚད་དུ་སླེབས།

ཁོས་འཕྲུལ་རྟ་གཏད་དེ་སོང་སོང་མཐར་ལམ་འགྲམ་གྱི་འཕྲུལ་རྟ་མང་པོའི་གྲས་ནས་རང་ཉིད་ཀྱི་འཕྲུལ་རྟ་འཇོག་སའི་གནས་ཤིག་རྙེད། ལམ་འགྲམ་དུ་ཚོང་ཁང་མང་པོ་ཡོད་མོད། སྒོ་བྱང་ནི་རྒྱ་ཡིག་ཁོ་ན་ཡིན་པས་ནང་དུ་འཛུལ་མ་ཕོད། ཡུན་རིང་བཙལ་མཐར་སྒོ་བྱང་སྟེང་དུ་སྣ་འཛེམས་ཚོང་ཁང་ཞེས་བྲིས་ཡོད་པ་མཐོང་སྟེ། སྣ་ལ་འཛེམས་དགོས་པའི་ཚོང་ཁང་ཞིག་ཀྱང་ཡོད་དམ་སྙམ་བཞིན་ནང་དུ་འཛུལ། ཚོང་ཁང་དེའི་ནང་དུ་ཟས་རིགས་དང་ལྕགས་རིགས། ཅ་ལག་དང་གྱོན་ཆས། འཕྲུལ་ཆས་དང་སྨན་རྫས་སོགས་ཚོང་ཟོང་མང་པོ་བསྒྲིགས་ཡོད་པས། སྣ་འཛོམས་ཚོང་ཁང་ཡིན་པ་རྟོགས་ཏེ་སྒོ་བྱང་སྟེང་གི་བོད་ཡིག་ལ་སྙིང་རྗེ་ཚད་མེད་སྐྱེས།

ཚོང་པ་ནི་གདོང་ལ་སྐག་རྩི་དཀར་པོ་བྱུགས་པའི་རྒྱ་མོ་གཞོན་ནུ་མ་ཞིག་རེད། ཁོ་མོ་གྲང་སྟེ་འདར་སིག་སིག་བྱེད་ན་ཡང༌། རང་ཉིད་ཅི་ཞིག་ཡིན་མདོག་སྟོན་བཞིན་ཟླ་བ་ལ་འོག་མིག་གིས་ཡང་ཡང་བལྟས། ཁོ་མོར་ཁག་མེད་དེ། ཟླ་བའི་སྨིན་མ་དང་མིག་སྤུ། ཁ་སྤུ། སྐྲ་འདབས་བཅས་སུ་ཆགས་པའི་བ་མོ་ད་དུང་ཞུ་མེད་པས། མཐོང་བ་ཙམ་གྱིས་སྐྱི་གཡའ་བ་ཞིག་ཏུ་སྣང༌། ཡིན་ཡང༌། ཟླ་བའི་མིག་ལམ་དུ་ཁོ་མོ་ཡང་རོ་ལངས་བརྒྱབ་པ་དང་འདྲ་བར་འཇིགས་སུ་རུང༌། ལྷག་པར། ཁོས་རྒྱ་སྐད་བཤད་མི་ཤེས་པས། སེན་མོ་ཞེས་པའི་སྤྱིན་ཆུ་དང་མིག་སྨན་གཉིས་ཇི་ལྟར་བཤད་པར་སེམས་ཁྲལ་བྱས།

ཚོང་སྟེགས་དང་ཚོང་སྒམ་ནང་གི་དངོས་ཟོང་དག་ལས་རང་ལ་མཁོ་བའི་དངོས་པོ་ཆུང་ཆུང་དེ་གཉིས་བཙལ་མོད། སྤྱིན་ཆུ་ནི་འདི་རེད། མིག་སྨན་ནི་དེ་རེད་སྙམ་པའི་བློ་ཞིག་སྐྱེས་མ་ཐུབ་པས། ཁོ་རང་འུ་ཐུག་ཐབས་ཟད་དེ་ལག་ངོས་གཉིས་སྦྱར་བའི་ཚིགས་ཀ་སྟོན་བཞིན“ཨ་རོགས་ཕྱི་མོ། སེན་མོ་ཡོད་ལེ”ཞེས་མི་འདྲི་ཐུ་མེད་བྱུང༌།

གཞོན་ནུ་མའི་རྣ་བར三毛要来(སྒོར་ཟུར་གསུམ་དགོས་སམ(三毛)ཞེས་པར་གོ་སྟེ། སྡང་མིག་གཅིག་བགྲད་རྗེས་ཁ་ཡ་མ་བྱས་པར་མེ་ལོང་ནང་དུ་བལྟས་ཏེ་སྨིན་མ་འབྲི་བཞིན་བསྡད། ཟླ་བས་འཚབ་འཚུབ་ཀྱིས“སེན་མོ། སེན་མོ”ཞེས་ལག་ངོས་གཉིས་ཡང་ཡང་སྦྱར། གཞོན་ནུ་མའི་སེམས་སུ་མི་འདི་སྨྱོན་པ་ཞིག་ཡིན་པ་འདྲ། ཁོར་བཙན་གཏམ་ཞིག་བཤད་དེ་ལྷོད་ལ་འབབ་ཏུ་འཇུག་དགོས་སྙམ་བཞིན“流氓(ཁྲམ་པ)”ཞེས་སྐད་གདངས་མཐོན་པོས་སྡིགས་མོ་བྱས། ཁོ་རང་ངོ་ཚ་སྟེ་གདོང་མདོག་དམར་ནག་ཏུ་གྱུར་ན་ཡང༌། བཅོས་མའི་འཛུམ་ཞིག་སྟོན་བཞིན“ལིག་མོ་མ་རེད། སེན་མོ་རེད”ཅེས་ཤུགས་དྲག་པོས་ལག་ངོས་གཉིས་ཀ་ཡང་ཡང་སྦྱར་བ་ན། གཅལ་གཅལ་གཅལ་ཞེས་པའི་སྒྲ་ཞིག་ཀྱང་གྲགས་ཡོང། གཞོན་ནུ་མས་མི་འདིས་ང་རང་སྨད་འཚོང་མའི་ཚད་དུ་བཞག་སྟེ་ཆགས་གཏམ་བཤད་ཀྱིན་འདུག་སྙམ་ནས་ཁ་པར་བཏང༌།

ཟླ་བས་ཅི་ཡིན་འདི་ཡིན་མ་ཤེས་པར་རེ་བའི་མིག་ཟུང་གཞོན་ནུ་མར་ཡང་ཡང་གཏད་ཅིང༌། རྣ་ཡི་དབང་པོས་གཞོན་ནུ་མས་ཅི་ཞིག་བཤད་པར་རེ་སྒུག་བྱས་ནའང༌། གཞོན་ནུ་མས་ཁ་ཡ་བྱ་རྒྱུ་ཕར་ཞོག ཁོ་དང་རྒྱང་དུ་བཀྱེད་དེ་ངུ་ངག་འདྲེས་མས་སུ་ཞིག་ལ་སྡུག་གཏམ་བཤད། ཁོ་རང་ཐབས་ཟད་དེ“འདྲེ་མོ་ཞིག་དང་འདྲ་བ་ཁྱོད་ཀྱིས་ཁ་ཡ་མ་བྱས་ཀྱང་ཚོང་ཁང་མང་ནི་རེད”ཟེར་བཞིན་སྒོར་འབུད་གྲབས་བྱས།

སྒོ་ཁར་མ་ཐོན་གོང་ལ། ༡༡༠གི་ཉེན་རྟོག་པ་གསུམ་ཐོན་ཏེ་བསམ་དབང་གཟུར་དབང་མེད་པར་ཁོར་ལག་སྒྲོག་བརྒྱབ་རྗེས་རླངས་འཁོར་ནང་དུ་བརྫངས། ཉེན་རྟོག་པ་ཞིག་གིས་གློག་དབྱུག་ནག་པོ་དགུང་ལ་ཕྱར་ཏེ“ཁྱོད་ཀྱིས་ཅི་ཞིག་ལས་འདོད་པ་ཡིན། ཁྱོད་རང་དུད་འགྲོ་ཡིན་ནམ”ཟེར་བཞིན་འུར་བརྒྱབ། སྐད་ཆ་དེ་ཡང་རྒྱ་སྐད་ཀྱིས་བཤད་པས། ཟླ་བས་གཅིག་ཀྱང་མ་གོ་བར་མིག་རིག་རིག་གིས་ཁོ་ཚོར་བལྟ་བ་ལས་ལན་ཅི་ཡང་འདེབས་མ་ཐུབ།

སྟབས་ལེགས་པ་ཞིག་ལ། ཉེན་རྟོག་པའི་གྲས་སུ་བོད་རིགས་གཅིག་ཡོད། ཁོ་གཉིས་ཀྱིས་ཁ་བརྡ་བྱས་པ་བརྒྱུད། ཟླ་བ་འཛིན་དོན་ནི་གཞོན་ནུ་མ་དེས་ཁོའི་ལག་བརྡ་དང་རྒྱ་སྐད་མ་གོ་བར་ཁོ་མོར་བཙན་གཡེམ་བྱེད་པར་དོགས་ཏེ་༡༡༠ཉེན་རྟོག་ཁང་ལ་གཏུགས་པ་རེད། བོད་རིགས་ཉེན་རྟོག་པ་དེས་གོ་བརྡ་མ་འཕྲོད་པ་ཤེས་ཏེ་ཁོ་རང་ཕྱིར་གློད་ཅིང་སྤྱིན་ཆུ་དང་མིག་སྨན་གཉིས་ཉོ་རོགས་བྱས།

ཁོ་རང་སྒོ་ཁར་བུད་པ་ན། མི་མང་པོ་རུབ་སྟེ་འཆལ་གཏམ་སྣ་ཚོགས་བཤད་ཀྱིན་ཁོ་ལ་སྡང་མིག་གིས་བལྟ་བ་མ་ཟད། ཁོའི་གདོང་ལ་མཆིལ་ཞགས་འདེབས་མཁན་ཡང་ཡོད། ཟླ་བར་མཚོན་ན། མ་བསམས་ས་ནས་དོན་མེད་དུ་བཙན་གཡེམ་བྱེད་མཁན་གྱི་ནག་ཉེས་ཆེན་པོ་ཞིག་ཁུར་བས། ངོ་ཚ་དང་བཅས་ལོ་གསར་གྱི་ཉོ་ཆ་རྒྱག་པ་དང་གོད་རོ་བཙོང་བའི་དོན་ཆེན་གཉིས་ཀྱང་གཏིང་བརྗེད་དུ་སོང་སྟེ། མྱུར་དུ་འཕྲུལ་རྟར་ཞོན་ནས་ཕ་ཡུལ་གྱི་ལམ་དུ་ཞུགས།

ལམ་བར་དུ། བོད་མི་ཚོས་རྒྱ་སྐད་བཤད་མ་ཤེས་པར་ངོ་ཚ་ཉོས་པའི་དོན་དག་མང་པོ་ཁོའི་ཡིད་ལ་དྲན་ཏེ་ཁོ་ཚོར་ཁག་མི་འདུག་སྙམ་པའི་གདུང་སེམས་ཤིག་སྐྱེས། ཡིན་ཡང༌། ཁོ་ལྟར་རྒྱ་སྐད་བཤད་མ་ཤེས་པར་འཆལ་སྤྱོད་སྤེལ་བའི་དོན་དག་ཏུ་གྱུར་པ་ནི་ཐོག་དང་པོ་ཡིན་པས། ངོ་ཚ་དང་ཞེ་སྡང༌། སྐྲག་སྣང་ཅིག་ཅར་དུ་སྐྱེས་ཏེ་འཕྲུལ་རྟ་ཐེངས་འགར་ལམ་མ་ཡིན་པའི་གནས་སུ་བརྒྱུགས།

ལམ་ཐག་རིང་པོ་གཏམ་གྱིས་ཆོད་ཟེར་མོད། ཁོ་ལ་མཚོན་ན། ལམ་ཐག་རིང་པོ་སྡུག་གིས་གཅོད་དགོས་པར་གྱུར། རྒྱ་སྐད་བཤད་མ་ཤེས་པར་ངོ་ཚ་ཉོ་བ་དེ་སུ་ཞིག་གི་སྐྱོན་ཡིན་ནམ། ཚོང་བ་ཡོད་ཚད་ཀྱི་བོད་སྐད་ཤེས་དགོས་སམ། ཡང་ན། བོད་མི་ཡོད་ཚད་ཀྱི་རྒྱ་སྐད་ཤེས་དགོས་སམ། དེ་རིང་གི་རྒྱ་སྐད་བཤད་མ་ཤེས་པའི་དོན་དག་འདིར་ངོ་ཚ་དགོས་སམ། ཡུལ་མི་ཚོས་ཁོ་ལ་འཕྱ་སྨོད་བྱས་ན་ཇི་ལྟར་བྱ་སོགས་ལ་བསམ་བློ་གཏོང་བཞིན་ཁྱིམ་དུ་ཐོན། གྲང་ལྷགས་སྔར་ལས་ཆེ་ནའང་ཁོའི་གདོང་གི་བ་མོ་ཡོད་ཚད་ཞུ་སྟེ་གར་སོང་ཆ་མེད་དུ་གྱུར་པ་མ་ཟད། གདོང་ན་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་གྱིན་འདུག

ཁང་པའི་ཁྱམས་སུ་ཨ་མྱེས་ཉི་མ་དང་མཉམ་དུ་རྩེ་བའི་བུ་ཆུང་སྐར་མ་བརྒྱུགས་ཡོང་སྟེ“ཨ་ཕ། ཀ་ར། རྩེད་ཆས”ཞེས་ལག་པ་ཆུང་ཆུང་གཉིས་ཁོའི་མདུན་ལ་བསྲིངས། སྐད་ཆ་དེས་ཁོའི་ཉོ་དགོས་པའི་དངོས་པོ་མང་པོ་ཉོས་མེད་པ་དང་བཙོང་དགོས་པའི་གོད་རོ་ཡང་མ་བཙོངས་པ་གསལ་འདེབས་བྱས་པས། ཞེ་སྡང་དང་བཅས་ཁོ་ཚོའི་ཡིད་ཆེས་པའི་རྫུན་ཞིག་བསྒྲིགས།“ད་ནངས། འཕྲུལ་རྟ་ལ་ཆག་སྐྱོན་ཤོར་བས། ཨ་ཕ་ང་རྫོང་མཁར་དུ་འགྲོ་མ་ཐུབ། རྗེས་ནས་སོང་ན། ངས་ཁྱོད་རང་འཁྲིད་ཁོ་ཐག་ཡིན”ཟེར་ཞོར་དུ་སྤྱིན་ཆུ་དང་མིག་སྨན་གཉིས་སྐར་མའི་ལག་ཏུ་བཞག

ཨ་མྱེས་ཉི་མས“ཁྱོད་ཚོས་འཕྲུལ་རྟ་བསྐོར་ན། སྨྱོས་པ་ལྟར་རྒྱུག་གིན་འདུག་པས། ཆག་སྐྱོན་ལོས་བྱུང༌། ལོ་རྔ་ཟླ་རྔ་འདིར་སེམས་ཆུང་བྱ་དགོས”ཟེར་བཞིན་ཟླ་བ་དང་འཕྲུལ་རྟ་གཉིས་ལ་ཞིབ་ལྟ་ཐེངས་གཅིག་བྱས། རྨས་སྐྱོན་དང་ཆག་སྐྱོན་ཅི་ཡང་མེད་པ་མཐོང་རྗེས། ཁོང་ཁྲོའི་མིག་ཆུ་བཞུར་བཞིན་པའི་ཚ་བོ་སྐར་མར“དཀོན་མཆོག་གསུམ་པོ། ད་ནངས་ཁྱོད་རང་མ་སོང་བ་འགྲིག་འདུག གལ་ཏེ་སོང་ཡོད་ཀྱི་ན། ཁོ་ཐག་ལ་ཁྱོད་ཀྱི་རྐང་པ་གཅིག་བཅགས་ཡོད་པ་གདོན་མི་ཟ། ཅུང་ཙམ་མིན་ན། ཁྱོད་རང་འབྲི་མོ་གྱོལ་ལྡིང་མ་ལྟར་གྱུར་སོང”ཟེར་བཞིན་མགོ་ལ་བྱིལ་བྱིལ་བྱས། སྐར་མས“འབྲི་མོ་གྱོལ་ལྡིང་མ་ལྟར་གྱུར་སོང་ན། ང་རང་རྒྱུན་དུ་འཕྲུལ་རྟར་ཞོན་ཐུབ་སོང་བ་མིན་ནམ”ཟེར་བཞིན་ལག་གི་སྤྱིན་ཆུ་དང་མིག་སྨན་གཉིས་ཀ་ཨ་མྱེས་ཉི་མའི་པང་དུ་གཡུགས།

ཟླ་བའི་ཆུང་མ་ལྷ་མོས་ཀྱང་གོ་སོང་བ་ལོས་ཡིན། བརྒྱུགས་ཡོང་སྟེ“ཁྱོད་ལ་རྨས་སྐྱོན་འདྲ་མ་བྱུང་ངམ། སེམས་ཆུང་མ་བྱས་ན། རླངས་འཁོར་དང་འཕྲུལ་རྟ་ཡིས་མི་བསད་པའི་དོན་ངན་མང་པོ་ཐོས་རྒྱུ་འདུག དཀོན་མཆོག་གསུམ་པོ། ཁྱོད་ལ་མི་འཕྲོད་པ་ཞིག་བྱུང་ན་ངེད་གསུམ་གྱིས་ཇི་ལྟར་བྱ”ཟེར་བཞིན་ཁོའི་ལུས་སྟེང་གི་ཁ་བ་དང་ས་རྡུལ་སྤྲུགས་སྤྲུགས་བྱས།

རྫུན་དང་ཨ་བྲའི་རྔ་མ་ཐུང་ཞེས་པ་བཞིན་སྤྱིན་ཆུ་དང་མིག་སྨན་གཉིས་ནི་ཁོ་རང་རྫོང་ཐོག་ཏུ་ཐོན་པའི་དཔང་རྟགས་ཡིན་མོད། འདི་གཉིས་གང་ནས་ཁྱེར་ཡོང་བ་ཡིན་ནམ་ཞེས་འདྲི་མཁན་ཞིག་མ་བྱུང༌། ཕལ་ཆེར། འཕྲུལ་རྟའི་ཆག་སྒོ་ཡིས་ས་ཁུལ་འདིར་འཇིགས་སྣང་སྐུལ་བ་ཉུང་ཉུང་མིན་པས་རེད། ཟླ་བའི་ངོ་གདོང་དམར་པོར་འགྱུར་བཞིན“ལམ་སྐེད་ནས་འཕྲུལ་རྟའི་མེ་མ་འབར་བས་ད་བར་དུ་ལུས་སོང༌། ང་རང་ལྟོགས་ཏེ་མི་བཟོད་པས་ཟ་མ་འདྲ་ཨེ་ཡོད”ཅེས་བཤད་དེ་མྱུར་དུ་ཁྱིམ་ལ་འཛུལ།

ཟླ་བས་ཞེ་ལྷོད་ལ་བབས་ཏེ་ཟས་ཁམ་གང་དང་ཇ་ཧུབ་གང་མ་འཐུང་བའི་མཚམས་སུ། ཨ་མྱེས་ཉི་མས་ཨག་རིང་ཞིག་བཏབ། བུ་ཆུང་སྐར་མ་ཡང་སྐྲག་མ་སྔངས་ཀྱིས་ཁང་པའི་ནང་དུ་བརྒྱུགས་ཡོང་སྟེ“ཨ་མྱེ་ཡི་མིག མིག་གཉིས་འབྱར་ཐལ”ཞེས་བཤད།

ཁོང་བཟའ་ཟླ་གཉིས་འཚབ་འཚུབ་ཀྱིས་སྔ་གཞུག་བྱས་ཏེ་སྒོར་བརྒྱུགས་པ་ན། ཨ་མྱེས་ཉི་མའི་ལག་ཟུང་གིས་འབྱར་ཟིན་པའི་མིག་ཤའི་གོང་འོག་གཉིས་ནས་འཐེན་བཞིན་འདུག་ལ། ཁ་ནས“ཨ་ལྟས་ངན། མིག་འབྱེད་མི་ཐུབ། མིག་སྨན་འདི་རྫུན་མ་ཞིག་རེད། སྤྱིན་ཆུ་དེ་ཡང་རྫུན་མ་ཞིག”ཅེས་ཚིག་རྔ་བསྐྱུར་སྟེ་དལ་ཅག་གེར་བསྡད། ཕལ་ཆེར་ཁོས་ཀྱང་མིག་གཉིས་འབྱར་བའི་རྒྱུ་མཚན་ཅི་ཞིག་ཡིན་པ་ཤེས་སོང་བ་འདྲ།

སྤྱིན་ཆུའི་འགྱིག་སྣོད་དཀར་པོ་དེ་བུམ་པ་ཆུང་ཆུང་ཞིག་དང་འདྲ་བར་ཨ་མྱེས་ཉི་མའི་ལག་པར་འབྱར་འདུག་པས། ཁོང་བཟའ་ཟླ་གཉིས་ཀྱིས་ཀྱང་ཨ་མྱེས་ཉི་མས་མིག་ནང་དུ་བཏིགས་པ་ནི་སྤྱིན་ཆུ་ཡིན་པ་ཤེས། ཁོང་གཉིས་ཀྱིས་ཨ་མྱེས་ཉི་མའི་མིག་སྐྱིབས་ཀྱི་འོག་ཏུ་མིག་རིལ་གཉིས་འབུར་རི་རི་བྱེད་པ་མཐོང་སྟེ་སེམས་པ་ཅུང་ཙམ་བདེ་ལ་བབས།

ཟླ་བའི་སེམས་སུ་སྨན་ཁང་དུ་སོང་ན། རྒྱ་སྐད་བཤད་མ་ཤེས་ཀྱང་ཨ་ཕའི་ལག་མགོར་འབྱར་བའི་སྤྱིན་ཆུ་དེ་སྨན་པར་བསྟན་ཆོག་སྙམ་སྟེ། མྱུར་དུ་ཨ་མྱེས་ཉི་མ་འཕྲུལ་རྟའི་སྟེང་དུ་བསྐྱོན་ཏེ་རྫོང་མཁར་གྱི་ཕྱོགས་སུ་བརྒྱུགས། ད་ཐེངས་དངོས་གནས་རྒྱ་སྐད་བཤད་མི་ཤེས་པར་སེམས་ཁྲལ་བྱ་མི་དགོས། རྒྱུ་མཚན་ནི་བ་སོའི་འཕྱང་འཕྲུལ་ཞིག་དང་འདྲ་བའི་སྤྱིན་ཆུའི་འགྱིག་སྣོད་དེ་འཕྲུལ་རྟ་ཇི་ལྟར་ལྡིང་ཡང་ཨ་མྱེས་ཉི་མའི་ལག་མགོར་དམ་པོར་འབྱར་སྟེ་འགུལ་ཙམ་ཡང་མི་བྱེད།

འཕྲུལ་རྟའི་གོང་དུ་ཨ་མྱེས་ཉི་མས་ཁ་ཏོན་འདོན་མཚམས་ཀྱང་ཆད་དེ་སེམས་སྡུག་གི་རྒྱ་མཚོར་ལྷུང་འདུག ཁོའི་སེམས་སུ་སྨན་ཐུམ་གྱི་སྟེང་དུ་བོད་ཡིག་མེད་པས་ང་ལ་ཁག་ཅི་ཡོད། སྨན་པས་ཀྱང་དབྱིན་ཡིག་མ་གཏོགས་མེད་པའི་སྨན་བཀོལ་ན། ངའི་འདི་ལྟར་བྱེད་ངེས་ཡིན་སྙམ་སྟེ་སྤྱིན་ཆུ་མིག་ནང་དུ་བཏིགས་པའི་ངོ་ཚ་རིམ་གྱིས་ཇེ་ཆུང་དུ་སོང༌། འོན་ཀྱང༌། སྨན་པས་རང་ཉིད་ཀྱི་མིག་གཉིས་ཇི་ལྟར་འབྱེ་དགོས་སམ། གྲི་ཆུང་ཞིག་གིས་མ་གཤགས་ན། མིག་གཉིས་བྱེ་མི་ཐུབ་པ་ཁོ་ཐག་རེད། གཤག་བཅོས་བྱས་ཏེ་སྟབས་མ་ལེགས་ན། གྲི་རྩེ་རྣོན་པོས་མིག་རིལ་ལ་ཐུག་པ་ཙམ་གྱིས་ཀྱང་ཞར་འགྲོ་སྙམ་སྟེ། སེམས་སྡུག་དང་སེམས་ཁྲལ། ད་དུང་ཞེད་སྣང་བཅས་ཀྱིས་མནར་བཞིན་འདུག

ཨ་མྱེས་ཉི་མ་ཕ་བུ་གཉིས་ཀྱིས་རང་རང་གི་ངོ་ཚ་དང་སྡུག་བསྔལ་ཁ་ཏོན་དུ་བསྒྱུར་སྟེ་རྐང་ལམ་ཕྲ་མོའི་སྟེང་དུ་རྡུལ་འཚུབ་འཚུབ་ཀྱིས་རྒྱུག་བཞིན་ཡོད་མོད། བར་ཆད་ཅི་ཞིག་གིས་ཁོ་གཉིས་ལ་བསྒུག་འདུག་པ་སུ་ཡིས་རྟོགས།

ཡོངས་ཁུངས་དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།