FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

ཆང་འཐུང་གིས་ཆང་གླེང་བ།

ཆང་ནི་དགའ་བའི་དགའ་རོགས། ཆང་ནི་སྐྱོ་བའི་སྐྱོ་རོགས།

མདང་དགོང་གྲོགས་པོ་དབང་ལྡན་གྱི་ཁྱིམ་དུ་ཆང་འཐུང་བར་ཕྱིན་པས་བདག་མོ་བདེ་མཚོས་མ་དགའ་བའི་མིག་ཏོག་ལིང་ལིང་བྱེད་ཅིང༌། དབུགས་ལྒང་ཞིག་དང་འདྲ་བའི་འཕོངས་རྐུབ་ཕར་གཡོ་ཚུར་གཡོ་བྱེད་བཞིན་གཡོས་ཁང་དུ་ཟ་མ་བཟོ་བར་ཕྱིན་སོང༌།

དབང་ལྡན་དང་ངེད་གཉིས་ཀྱིས་མགོ་བོ་ནར་ནར་དང་ཕོ་བ་ལུག་ལུག་བྱས་ཏེ་ནས་ཆང་དམ་བུ་གཉིས་ཙམ་འཐུང་བའི་རྗེས་སུ་རིག་པ་ཅུང་ཞིག་ནུར་བོར་གྱུར་ཏེ་དགོས་མི་དགོས་ཀྱི་གླེང་མོལ་མང་དུ་བྱས་པའི་མཚམས་ཤིག་ལ། བདག་གིས་འཚོ་བ་ཟེར་ན་ག་འདྲ་ཞིག་ཡིན་དགོས་ཞེས་དྲིས་པར། ཁོས་བསམ་གཞིག་ཙམ་ཡང་མི་གཏོང་བར་འཚོ་བ་ནི་འབྲས་ཁུ་སྐྱུར་བོ་ཞིག་བཏུང་བ་དང་འདྲ་ཟེར། བདག་གིས་སླར་ཡང་ཆང་ཟེར་ན་ག་འདྲ་ཞིག་ཡིན་དགོས་སམ་ཞེས་པར། ཁོས་སླར་ཡང་འབྲས་ཁུ་སྐྱུར་མོ་ཞིག་བཏུང་བ་དང་འདྲ་དགོས་ཟེར།

སྐབས་འདིར་བདག་གིས་འབྲས་ཁུ་སྐྱུར་བོ་ཞིག་བཏུང་བ་དང་འདྲ་བའི་ཚོར་བ་དེ་ག་འདྲ་ཞིག་ཡིན་ནམ་སྙམ་གྱིན་གློག་ཀླད་ཀྱི་མདུན་དུ་བསྡད་ཡོད་ལ། མདང་དགོང་གི་ཆང་དེའི་རྐྱེན་པས་དེ་རིང་མགོ་བོ་ན་བའི་ཞོར་དུ་སྙིང་ཡང་མི་བདེ་བ་ཞིག་འདུག་མོད། དེ་ནི་རང་གི་མིག་ན་ལག་པས་བཟོས་པ་ཞིག་ཡིན་པས་སུ་ལའང་ཁག་དཀྲི་བྱེད་དོན་མེད། ཕྱིར་མདང་ཞིག་བརྒྱབ་ན་བདག་གིས་ནི་ཕལ་ཆེར་ལོ་ན་བཅོ་བརྒྱད་ཙམ་གྱི་སྐབས་ཤིག་ནས་ཆང་འཐུང་མགོ་བརྩམས་པ་ཞིག་ཡིན་པ་འདྲ་སྟེ། དེ་ལྟར་བརྩིས་ན་ད་ལྟའི་བར་དུ་མ་མཐར་ཡང་ལོ་ངོ་ཉི་ཤུ་ལྷག་གི་ཆང་འཐུང་གི་ལོ་རྒྱུས་ཡོད་འདུག དེ་ནི་དངོས་གནས་ར་སྔ་ཞོགས་བཟི་ན་གྲོང་བའི་བཟའ་དཔོན་དང་ར་དགོང་དྲོ་སྲང་ཁའི་སྤྲང་བོ་ཡང་བཟི་ཞེས་པའི་དཔེ་ལྟར་སྔ་བོ་ནས་ར་བཟིའི་ཉམས་མྱོང་ཡོད་པའི་ཆང་འཐུང་རྒད་པོ་ཞིག་ནི་ཏན་ཏན་ཡིན་འདུག

ཡིན་ནའང་བདག་ལ་མཚོན་ན་ཆང་ནི་མེད་དུ་མི་རུང་བ་ཞིག་དང་གླེང་འོས་པ་ཞིག་རེད་དེ། བོད་པའི་རྒྱལ་ཁམས་སུ་ཆང་ནི་ཟས་རིགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་བཞིན། དེ་ལ་སྐོམ་སེལ་གྱི་ནུས་པ་ཡོད་པ་ལས་གཞན། ཕྱིའི་ལས་དང་ནང་གི་ལས་ཀུན་པོར་ལུས་ཀྱི་ངལ་དུབ་སེལ་ཞིང་སེམས་ཀྱི་སྣང་བ་སྐྱོང་བའི་བཏུང་བྱ་མཆོག་ཏུ་གྱུར་བ་ཞིག་རེད། གསོ་བ་རིག་པའི་གཞུང་ཞིག་ན། ཆང་ནི་མངར་སྐྱུར་ཁ་ལ་ཞུ་རྗེས་སྐྱུར།། རྣོ་དྲོ་རྩུབ་ཕྲ་ཅུང་ཟད་ཐུར་དུ་འཁྲུ།། དྲོད་འབར་སྟོབས་བསྐྱེད་གཉིད་འཕེལ་བད་རླུང་སེལ་ཞེས་པའི་ཕན་ནུས་ཤིག་བྲིས་ཡོད་པ་དེ་ཡིས་ཀྱང་ཆང་འཐུང་ཐེངས་རེར་རང་སེམས་གསོ་བྱེད་ཀྱི་སྨན་མཆོག་གྱུར་ཅིག་ཡིན་པའི་སྣང་བ་སིང་ངེ་བ་ཞིག་བྱུང་ཞིང༌། ཆང་འཐུང་རྗེས་ཀྱི་སྐྱུར་འགོང་ཚ་བའི་རྣམ་པ་དེའང་ངོ་བོ་འགྱུར་ནས་རྟོག་པ་ཀློང་དུ་གྲོལ་བའི་སྤྱོད་པ་ཁྱད་མཚར་ཅན་ཞིག་ཏུ་སྒོམ་གྱིན་ཡོད།

ཆང་ནི་དེ་ལྟར་འཐུང་ཞིང་དེ་ལྟར་སྨྱོ་བཞིན་ཡོད་དེ། བོད་རྒྱལ་སྲོང་བཙན་སྒམ་པོ་ཁྲི་ལ་འཁོད་པའི་སྐབས་སུ་ཁྱུང་བོ་སྤུངས་སད་ཀྱིས་མ་རུངས་ཁོག་བཅུག་གིས་“བདག་གི་སྡུམ་པ་ཁྲི་བོམ་སུ། དགྱེས་སྐྱེམས་སྟོན་མོ་གསོལ་དུ་གནང༌།” ཞེས་ཞུས་པ་དང༌། བཙན་པོ་དང་བློན་པོ་རྒྱགས་པ་དག་གིས་མནའ་བྲོ་བོར་སྐབས་སུའང་བཙན་པོས“ལ་མོ་ཆག་པ་སྤྲུམ་དུ། རྩང་ཕྱེད་པུབ་སྟེ། པྱག་ཐབ་གསོལ་ཏོ” ཞེས་དང༌། རྒྱལ་ཡུམ་སྒྲོལ་མའི་བསྟོད་པར་ཀྱང༌། མཉམ་བཞག་བདུད་རྩི་གང་བའི་ལྷུང་བཟེད་བསྣམས།། ཞེས་དང༌། དེ་མཚུངས་སུ་བླ་མ་ཡི་དམ་དང་བཅས་པའི་མཆོད་པ་བདུད་རྩི་ཨ་མྲི་ཏ་ཞེས་བཞེས་ཤིང་མཆོད་པ་དབྱེར་མེད་དུ་སྙོམས་ཡོད་ལ། རིག་འཛིན་གྲུབ་པ་དག་གིས་ཆང་རག་བདུད་རྩི་ཡན་ལག་བརྒྱད་ལྡན་གསོལ་བས་ཉི་མ་སྟོད་ལ་མནན་པ། གྱང་ལ་ཐོགས་མེད་རྒྱུ་བ། ནམ་མཁར་བྱ་ལྟར་ལྡིང་བ་དག་བྱུང་སྟེ། མཚུངས་མེད་དྭགས་པོ་ལྷ་རྗེ་ལ་རྣལ་འབྱོར་མི་ལས་ཆང་རག་ཀ་པཱ་ལ་གང་གིས་དབང་བསྐུར་ནས་འཐུང་གསུངས་པ་སོགས་བོད་པའི་རྒྱལ་ཁམས་ཧྲིལ་བོ་འདི་རུ་དགྱེས་སྐྱེམས་བདུད་རྩི་མ་གསོལ་བ་སུ་དང་གང་ཡོད་དམ།

ཆང་ནི་དེ་ལྟར་བྲིས་ཤིང་དེ་ལྟར་འབོད་ཀྱིན་ཡོད་དེ། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་བོད་ཕྲུག་བློ་རྣོ་བ་སུ་དང་གང་ཡོད་པ་རྩད་གཅོད་དུ་ཕེབས་ནས་བཻ་རོ་ཙ་ན་དང་འཕྲད་སྐབས། ཁྱོད་སུ་ཡིན་ཞེས་པར། གན་ཇག་དང་ཐ་ཡིན་ཟེར། ཨ་ཕ་གར་སོང་ཞེས་པས་གཏམ་འཚོལ་དུ་སོང་ཟེར། ཨ་མ་གར་ཡོད་དྲིས་པས་མིག་འཚོལ་དུ་སོང་ཟེར། རྒྱལ་བོ་ཡ་མཚར་ནས་སྒུགས་བསྡད་པར། ནམ་ཞིག་ན་ཕྲུ་གུ་དེའི་ཨ་ཕས་ཆང་རྐྱལ་བ་གང་འཁུར་འོངས་པ་དང༌། ཨ་མས་མར་གྲོག་པུ་ཞིག་འཁུར་བྱུང་བ་ལ་བློན་པོ་ཚོིས་ཆང་ནི་གཏམ་འཕེལ་བར་བྱེད་པའི་རྐྱེན་དང་མར་ནི་སྒྲོན་མེ་སྒྲོན་བྱེད་ཀྱི་རྒྱུ་ཡིན་པ་རྟོགས་ཞེས་བྲིས་ཤིང༌། དེ་བཞིན་དར་རྒྱལ་མང་པོ་རྗེས་འཆིམས་མང་བཤེར་ཟེར་བ་བློ་རྣོ་བ་ཡོན་ཏན་ཅན་ཞིག་ཡིན་པར་ཐོས་ཏེ་དེའི་བློ་བརྐུ་བའི་ཕྱིར་རི་ལ་ཆང་སྦས། ཤ་སྐམ་ལ་ཚྭ་ཆུ་བྱུགས་ཏེ་བོད་ཀྱི་རུ་མཚམས་དབྱེ་སྟངས་དང༌། ཡུལ་བགོད་སྟངས། རྒོད་གཡུང་གི་སྡེ་འབྱེད་པའི་བློ་རྙེད་ཅེས་གྲགས་པ་སོགས་བགྲང་གིས་མི་ལངས་ལ། ཆང་གི་མིང་ལའང་རྒྱུན་འབྱམས་སུ་སོང་སྟེ། གཉེན་སྟོན་ལ་ཆང་ས་རྒྱག་པ། གཉེན་སློང་ལ་གཉེན་ཆང་འབུལ་བ། ཐབ་གསར་བཙུགས་པ་ལ་ཐབ་ཆང་བཞེས་པ། མགྲོན་བསུ་ལ་བསུ་ཆང་ངམ་མགྲོན་ཆང་སྟེར་བ། ཕེབས་སྐྱེལ་ལ་སྐྱེལ་ཆང་འབུལ་བ། གྲོང་བའི་མི་ཤི་བ་ལ་སྡུག་ཆང་བཏུང་བ། ནད་པ་དྲག་སྐྱེས་བྱུང་བ་ལ་དྲག་ཆང་འཐུང་བ་སོགས་བོད་པའི་ཡུལ་སྲོལ་གོམས་ལུགས་གང་ཞིག་ལ་བདུད་རྩི་མི་བཞེས་པ་སུ་དང་གང་ཡོད་དམ།

ཧ་ཧ། ད་དུང་དེ་བས་ག་ལ་ཚད་དེ། བོད་པའི་འཇིག་རྟེན་མཛད་སྒོ་མང་དག་ཅིག་ཆང་དང་འབྲེལ་ནས་ཡོད་ཅིང༌། དུས་སྟོན་དང་དུས་ཆེན་མང་དག་ཅིག་ཆང་གིས་སྐྱེལ་དགོས་བས་ན་བདག་རང་ཉིད་ནི་བོད་ཕྲུག་ཅིག་ཡིན་པའི་ཆ་ནས་ཆང་གི་བག་ཆགས་རྨང་འཐུག་ལ། ཆང་གི་རིག་གནས་ཀློང་དུ་ཕྱིན་པ་ཞིག་ཅིས་ཀྱང་དགོས་འདུག་སྟེ། དེ་ལྟར་མ་ཕྱིན་ན་ཆང་གི་དྲི་མ་ཁམ་གང་ཡང་མེད་པའི་རྡོ་ཁང་འཁྱག་པོ་ཞིག་ཏུ་ཇི་ལྟར་སྡོད། ཁྱེར་ཤོག་ཅིག ལོ་ལ་བསྙལ་བའི་ལོ་ཆང་ཁམ་པ་ཁྱེར་ཤོག ཟླ་ལ་བསྙལ་བའི་ཟླ་ཆང་ཟིལ་ལྡན་ཁྱེར་ཤོག ཞག་ལ་བསྙལ་བའི་ཞག་ཆང་མེ་འབར་ཁྱེར་ཤོག

བོད་རག་མངར་མོ་བཏུང་ནས་བྲོ་ཞིག་འཁྲབ།
རུས་ཆང་སྐྱུར་མོ་འཐུང་བཞིན་གླུ་ཞིག་ལེན།
བགྲང་བྱ་སྟོང་གི་ལོ་རྒྱུས་ཆང་ལ་བསྙལ།
ཀ་བཞི་ར་བའི་གཏམ་རྒྱུད་ཆང་གིས་བརྗོད།

ཅེས་སོ། དངོས་གནས་བཤད་ན། གྲོགས་པོས་བཤད་པ་ལྟར་གྱི་འབྲས་ཁུ་སྐྱུར་བོ་ཞིག་བཏུང་བ་དང་འདྲ་བའི་ཚོར་སྣང་དེ་ནི་ཆང་རག་ཁམ་འགའ་ལས་བཏུང་མི་ཤེས་པའི་མི་ཞིག་ལ་མཚོན་ན་གསང་བ་ལྐོག་ཏུ་གྱུར་བའི་གདམས་པ་ཞིག་དང་འདྲ་ལས་ཆེ་སྟེ།

དེ་ནི་རང་གི་ཇ་ཕོར་ནང་དུ་འབུ་སྦྲང་ཞིག་ལྷུང་ཚེ་དེ་དང་འབྲེལ་བའི་སྐྱུགས་མེར་བའི་བསམ་པ་ཞིག་གིས་འབུ་སྦྲང་དེ་ཉིད་རྒྱང་དུ་དོར་ཞིང་ཇ་ཁུའི་འཐུང་འཕྲོ་དག་ཀྱང་གཙང་སེལ་བཟོས་ནའང་དེ་ཡི་བླ་སྲོག་འདྲ་བའི་ཡལ་དུ་མེད་པའི་དྲན་པ་ཞིག་གིས། ཤེལ་ཕོར་དེ་རུ་འཐུང་འདོད་ཀྱི་བློ་མི་སྐྱེས་པ་ལྟ་བུའི་ཚོར་རྟོག་ཅིག་ཡིན་ངེས་ཏེ། དེ་ནི་འབྲས་ཁུ་སྐྱུར་བོ་ཞིག་བཏུང་བ་དང་འདྲ་བའི་འཚོ་བ་འདི་དང་འབྲས་ཁུ་སྐྱུར་བོ་ཞིག་བཏུང་བ་དང་འདྲ་བའི་ཆང་གི་བླ་སྲོག་ཅིག་ཨེ་ཡིན་ནམ་སྙམ། གང་ལྟར་ཀྱང་ཆང་ནི་སྤྲུལ་གཟུགས་ངེས་མེད་དུ་བསྒྱུར་ནུས་པའི་ཁྱེའུ་ཞིག་དང་འདྲ་བར། སྐབས་རེར་ཚ་མོ་མེ་དང་འདྲ་ལ། སྐབས་རེར་འཁྱག་པ་རྡོ་དང་འདྲ་ཞིང༌། བརྩེ་ཞིང་མཉེན་པ་རྨི་ལམ་གྱི་གཟུགས་དང་འདྲ་ལ། རྩུབ་ཅིང་དྲེགས་པ་འཆལ་གདོན་གྱི་གཤིས་དང་འདྲ་བས། དེས་བརྗེད་ངེས་ཀྱི་གཤོག་ལྕེ་གཡོ་བཞིན་རང་དབང་གི་མཁའ་རུ་འཕུར་ནུས་ལ། དེས་སྨྱོ་འབོག་གི་རལ་གྲི་འཁུར་བཞིན་སྡིག་ཉེས་ཀྱི་གཅོང་དུའང་བབས་འགྲོ། ང་རྒྱལ་དང་ཤེས་རིག་གི་རྣོ་དབལ་དེ་ཡིས་སྦྱིན་ཞིང༌། རྨོངས་མུན་དང་སྒྱིད་ལུག་གི་ནད་ཚུགས་ཀྱང་དེ་ཡིས་བྱིན་འགྲོ། ཞེས་ཀྱང་བརྗོད་དོ།།

ཡོངས་ཁུངས་དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།