FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

མིག་ཆུ། མིག་ཆུ། མིག་ཆུ།

བདེ་སྐྱིད་ཀྱི་སྐྱོ་སྡུག་གི་མིག་ཆུ།

ང་རང་མ་ཡུམ་སློབ་གྲྭ་དང་བྲལ་ཏེ་ཕ་ཡུལ་དུ་ལོག་ཐེངས་རེ་རེར། ཤག་ཤག་ཏུ་བཞུར་བའི་ཆུ་མིག་དེ་འདྲེན་བྱེད་ཀྱི་ཡུལ་དུ་མངོན་ཐེངས་རེ་རེར།ངའི་དྲན་པ་དང་མིག་ཆུ་ལ་རང་དབང་གི་གོ་སྐབས་ཤིག་གཏན་ནས་ཡོད་མ་མྱོང༌།

འདི་ནི་ཤག་ཤག་གི་སྒྲ་དང་བཅས་རྨ་ཆུ་ལུ་མའི་ནང་དུ་འབབ་བཞིན་པའི་ཆུ་མིག་དཀྱུས་མ་ཞིག་ཡིན། ཆུ་མིག་ཉེ་འགྲམ་གྱི་སྤང་ཨ་ལོང་མེ་ལོང་འདྲ་བ་དེའི་སྟེང་དུ་རོང་མ་འབྲོག་གི་སྡེ་བ་ཆེན་པོ་ཞིག་གསལ་ལྷང་ངེར་གཞིས་ཆགས་ཤིང༌། དེའི་འགྲམ་གྱི་གཤོང་ས་རུ་ནར་མོའི་དབྱིབས་སུ་གྲུབ་པའི་བསྟར་སྒྲིག་གི་ཞིང་ས་བགྲང་ལས་འདས་པ་ཞིག་འདུགནམ་རྒྱུན་ཆུ་ལེན་བུ་མོ་མང་པོ་ཞིག་ཆུ་མིག་འདིའི་འགྲམ་ངོགས་སུ་མ་བགྲོས་ལྷན་དུ་འདུ་བ་ནི་བརྗོད་ཅི་ལ་དགོས།

དེ་ནི་སྡེ་བ་འདིའི་མི་རབས་མང་པོ་ཞིག་བརྒྱུད་མྱོང་བའི་འཐུང་ཆུ་ལེན་ས་གཙོ་བོ་ཞིག་ཡིན།དེ་ཡང་ནམ་མཁའི་སྐར་ཚོགས་ཀྱི་འོད་གསལ་ལ་མི་གསལ་བར་གྱུར་ཅིང༌། ཤར་ཕྱོགས་ཀྱི་རི་རྒྱུད་ནོར་གྱི་སྒལ་བ་ལྟ་བུ་དེ་སྨག་རུམ་སྲབ་མོས་བཏུམས་ནས་རབ་རིབ་ཏུ་སྣང༌། རི་བོའི་ཁ་རྒྱུད་ཀྱི་གནམ་ས་འདྲེས་མཚམས་ནས་འོད་སྔོ་ཞིང་སྐྱ་བ་ཞིག་ག་ལེར་འཕྲོ་ཞིང༌།དེ་ཡང་རིམ་བཞིན་དུ་སྐྱ་བོ་ནས་དཀར་པོ་དང༌།དཀར་པོ་ནས་དམར་མདངས་བཀྲ་བར་གྱུར་ནས་ནམ་མཁའ་ཡོངས་སུ་ཁེབས་པ་ན། ནམ་ཡང་ཡོངས་སུ་གསལ་བ་རེད། བདེ་སྐྱིད་ཀྱིས་ཚར་རྙིང་ནག་ཅིང་མཐུག་པོ་ཞིག་གྱོན་ཞིང༌། ལྕགས་ཟོ་གཉིས་ཀ་ཕྲག་ཤིང་གིས་འཁུར་ཏེ་ཆུ་མིག་དེའི་འགྲམ་དུ་སླེབས། ཁོ་མོའི་སྐྱོ་གདུང་གིས་མནར་བའི་ལུས་པོ་དེ་ཧ་ཅང་ངལ་དུབ་དང་བཅས་སྐྱོགས་ཐོམ་རེ་རེ་བཞིན་དལ་གྱིས་ལྕགས་ཟོའི་ནང་བཅུ་བཞིན་ཡོད།

ཤག་ཤག་ཤག ཤག་ཤག་ཤག ཁོ་མོའི་སྡུག་གིས་ཁེངས་བའི་སེམས་པ་ཤག་ཤག་ཏུ་བཞུར་བའི་ཆུ་མིག་གི་སྙན་འགྱུར་དང་བསྡོངས་ནས་བསམ་གཞིགས་ཀྱི་ཀློང་དུ་ཆས། “སློབ་གྲོགས་བདེ་སྐྱིད། ཁྱོད་རང་དགེ་རྒན་དབང་འདུས་ཀྱི་སྔུན་དུ་སུམ་རྟགས་ཀྱི་རྩ་བ་བློར་འཛིན་དུ་ཨེ་སོང༌།” “ཨ་ལ། སྒྲོལ་མ་ཡིན་ནམ། བུད་སོང༌། ད་སོ་མ་སོང་ནས་བློར་བཟུང་བ་ཡིན།” “ཁྱོད་རང་ངོ་མ་ངར་བ་རེད། ད་ལྟ་འུ་ཅག་གི་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་ཁྱོད་སློབ་སྦྱོང་ལ་བཟང་ཚུལ་ཁོ་ན་ལབ་ཀྱིན་འདུག ལྷག་ཏུ་ཁྱོས་བྲིས་པའི《ཕ་ཡུལ། ངའི་སེམས་ཀྱི་དག་ཞིང》ཞེས་པའི་ལྷུག་རྩོམ་དེར་བསྟོད་པའི་མཐེ་བོང་བསྒྲེང་བཞིན་འདུག” “དེ་འདྲ་ཡིན་མི་སྲིད། ཁྱོས་དགོད་སྤྱད་མ་བཤད། ད་ལྟ་ང་འོ་སྐོལ་འཛིན་གྲྭའི་ནང་གི་སློབ་སྦྱོང་སོགས་ཕྱོགས་གང་ཐད་དུ་ཆེས་དམན་པའི་སློབ་མ་ཞིག་ཡིན་པ་དང༌། ངས་འབྲི་ཁུལ་བྱས་པའི་ཉོག་རྩོམ་དེ་གད་སྙིགས་ཁྲོད་ཀྱི་ཤོག་ཧྲུལ་དེ་དག་ལ་ཡང་མི་དོ་བ་རེད།” “ཨིན་་་་་་་་་་་་་་ཨིན། དེ་ལྟ་བུ་ཅི་ལ་མིན། བདེ་སྐྱིད་ལོ་ལོ། ཁྱོས་ཁེངས་སྐྱུང་མ་བྱེད། ང་ང་ང་ཁྱོད་ལ་ཡིད་ཆེས་ཡོད། མ་འོངས་པར་ཁྱོད་བུད་མེད་རྩོམ་པ་པོ་ཞིག་ཡིན་རྒྱུ་རེད།”

སྒྲོལ་མས་ད་རུང་དེར་མཐུད་ནས། རྗེས་ཕྱོགས་ང་ལ་རྩོམ་འབྲིའི་ཐད་ནས་ཁྱོས་རོགས་རམ་དང་རྒྱབ་སྐྱོར་མང་པོ་བྱེད་དགོས་ནི་རེད། ལྷག་པར་འུ་གཉིས་ནི་སློབ་གྲྭར་འགྲིམས་བཞིན་པའི་ཞིང་གྲོང་གི་བུ་མོ་གཉིས་ཡིན་པས། ནམ་ཞིག་གི་ཚེ་ན་རང་ལ་དབང་བའི་སྨྱུ་གུའི་འཁྱུག་རྩལ་བཀོལ་ནས་ཕ་ཡུལ་ལྟེ་བར་་གྱུར་བའི་བླུན་རྨོངས་ཀྱི་བོད་རིགས་བུ་མོ་མང་པོ་ཞིག་ལ་སྣེ་ཁྲིད་དང་སྐུལ་སློང་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་ཅེས་བཤད། “རེད། དོན་ངོ་མར་བཤད་ན། ཁྱོས་བཤད་པ་དེ་བདེན་པ་རེད། མཁྲིས་ནད་ལ་ཕན་པའི་སྨན་མཆོག་ཏིག་ཏ་རེད།” བདེ་སྐྱིད་ཀྱིས་ད་རུང་དེར་མཐུད་ནས། ས་ཀ་སྡུག{༡} ད་ནས་བཟུང་འུ་གཉིས་ཀྱིས་རང་ནུས་ཅི་ལྕོགས་ཀྱིས་འབད་པ་བྱེད་ཅེས་ཟེར།

འདི་ནི་བུ་མོ་བདེ་སྐྱིད་དང་སྒྲོལ་མ་གཉིས་མཐོ་འབྲིང་སློབ་མ་ཡིན་དུས་ཀྱི་ཁ་བརྡ་ཐོར་བུ་ཞིག་དང༌། ཆོད་སེམས་ཀྱི་ལང་ཚོའི་ཟུངས་ཁྲག་ཀྱང་རེད། བདེ་སྐྱིད་ནི་བློ་རིག་ལྡན་ཞིང་སློབ་སྦྱོང་ལ་བརྩོན་སེམས་ཆེ་བ་ཞིག་ཡིན་པ་དང༌། སྒྲོལ་མ་དང་མོ་གཉིས་ནི་མ་གཅིག་བྱང་ཁོག་འགྲིམས་པའི་ཤ་ཉེ་སྤུན་མཆེད་མིན་མོད། ཁྱོས་མི་ཟ་ན་ངས་མི་འཐུང་གི་སློབ་གྲོགས་བཟང་པོ་ཡིན། སྒྲོལ་མ་ཤེས་བྱའི་འོ་མཚོ་འཕྱུར་བའི་སློབ་གྲྭ་ཆེན་མོར་ཆས་སོང༌། ཁོ་མོ་ནི་སློབ་སྦྱོང་ལ་དེ་འདྲའི་ངར་བ་ཞིག་མིན་ན་ཡང༌། མོ་སློབ་གྲྭ་ཆེན་མོའི་ནང་དུ་སླེབས་རྗེས་ཉིན་མཚན་དབྱེར་མེད་དུ་གཉིད་ཆག་ཟས་བརྗེད་བྱས་ཏེ་སློབ་སྦྱོང་ལ་དཀའ་སྤྱད་འབད་བརྩོན་བྱས་པས། སློབ་གླིང་དེའི་ནང་ཐེངས་འགའི་རྒྱུགས་འབྲས་འཛིན་གྲྭ་ཡོངས་ཀྱི་རྩེར་སོན་མྱོང་བར་མ་ཟད། ཀུན་སྤྱོད་དང་འགྲིག་ལམ་སོགས་ཕྱོགས་གང་ཐད་ནས་ཧ་ཅང་ལེགས་པས་གསུམ་བཟང་སློབ་མའི་གཟི་བརྗིད་ཀྱི་ཆོ་ལོ་ཡང་ཐོབ་མྱོང༌།

སྤྱི་ལོ༡༩༩༩ལོའི་ཟླ༧པའི་ཚེས༥ཉིན་ནི་བདེ་སྐྱིད་རྒྱལ་ནང་གི་སློབ་གྲྭ་ཆེན་མོ་མིང་གྲགས་ཅན་ཞིག་ཏུ་ཞུགས་པའི་བཀྲ་ཤིས་པའི་ཉིན་མོ་ཡིན་མོད། བསམ་ཡུལ་ལས་འདས་པ་ཞིག་ནི། མོའི་ཕ་མ་གཉིས་ཀྱིས་བཟའ་གྲོས་རི་རབ་འདྲ་ཞིག་བྱས་ཏེ། ཨ་ཕའི་གདོང་དུ་འཛུམ་བཅོས་མ་ཞིག་མངོན་ནས། བུ་མོ་སྒྲོལ་མ། ད་ཁྱོད་ཀྱང་མི་ཆེ་ན་མི་ཆུང་གི མོ་ལོ་ལྔ་གསུམ་བཅོ་ལྔར་སོན་དུས་བློ་ཕར་མི་འདྲི་ལ་བྲོ་མར་མི་སློང་ཞེས་སྲིད་པ་རྒན་པོའི་ཁ་དཔེ་ཡོད་པ་རེད། ད་ཁྱོད་སློབ་གྲྭ་ཆ་མ་ཆེན་མོ་དེར་མི་འགྲོ་རྒྱུ་བྱོས། ཁྱོད་ཞི་མོ་ཞིག་ལ་དེ་རྒྱ་ཁོག་སྐམ་པོ་ན་ཡ་རྒྱུ་ལས་ཡོང་རྒྱུ་ཅི་ཡང་མེད་ཚོད་འདུག ཨ་མར་རོགས་བྱས་ཏེ་ཁྱིམ་ལས་ལ་ཧུར་ཐག་བྱེད་དགོས་ཞེས་བཤད་བྱུང༌།

“ཨ་ཕ་ལོ་ལོ། ཁྱེད་ཀྱིས་དེ་འདྲ་མ་བཤད། ང་སློབ་གྲྭ་ཆེན་མོར་འགྲོ་་འདོད། མ་འོངས་པར་ཡང་་་་་་་་་་་་་་་་་་ཨ་ཕ་ལོ་ལོ་་་་་་་་་་་་་་་་་” “ཧིན། གདོན་ཕྲུག་མ། ཁ་རོག་གེར་སྡོད། སྔ་དྲོ་རྟ་བོ་ཆས་ཀྱིས་གསོས་ན། ཕྱི་དྲོ་དྲིན་ལན་འཕྲ་ཡིས་འཇལ་ག” བདེ་སྐྱིད་ཀྱི་མིག་ཟུང་ལས་མཆི་མའི་ཕྲེང་ཐག་ཆད་བཞིན་དེ་འདྲ་གཏན་ནས་མིན། ཨ་ཕ། ང་སློབ་གྲྭ་ཆེན་མོར་སོང་ཡང་ཁྱེད་ཕ་མ་གཉིས་ཀྱི་དྲིན་ལན་ནམ་ཡང་མི་བརྗེད། འོ་སྐོལ་གྱི་བོད་རིགས་ཁྱིམ་བདག་མང་པོ་ཞིག་གི་ཨུ་ཚུགས་དང༌། ན་ཆུང་བུ་མོ་དག་གི་ལས་དབང་ཉག་ཕྲ་བ་འདིའི་དོན་དུ་ང་ངེས་པར་སློབ་གྲྭར་འགྲོ་དགོས། ཨ་ཕ་ལོ་ལོ། ང་ཅིག་འགྲོ་ཡི་ཞོག་ཅེས་ཨ་ཕར་ཞུ་བ་བྱས། “མི་ཆོག མི་ཆོག སྨན་བུ་མོ་ཅོ་ཐོགས་ཤིག་གིས་ཡི་གེ་ཤེས་ནས་ཅི་བྱེད། གལ་ཏེ་ཁྱོད་སློབ་གྲྭ་ཆེན་མོར་འགྲོ་རྒྱུ་ན། སང་ཉིན་ཉི་ཤར་གྱི་གཞུག་ནས་བཟུང་ངེད་ཕ་མ་གཉིས་ཀྱི་མཐོང་སར་ཡོང་མི་ཆོག”མོ་འདི་ལྟར་མཐོ་འབྲིང་ནས་མཐར་ཕྱིན་ཏེ་སློབ་གྲྭ་ཆེན་མོར་ཆས་རན་དུས། ཕ་མ་གཉིས་ཀས་བཙན་གྱིས་བཀག་སོང༌།

ད་ལྟ་སྒྲོལ་མ་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ཏེ་ཤར་ལུང་ལྟེ་གནས་བཅའ་སྡོད་སློབ་གྲྭ་རུ་སྐལ་ལྡན་གྱི་སློབ་བུ་དག་ལ་བོད་རང་གི་སྐད་ཡིག་ཁྲིད་དེ། གདོང་ལ་འཛུམ་གྱིས་ཁེངས་ཤིང་ངག་ལས་དགའ་བའི་གླུ་དབྱངས་གང་མང་དབང་མེད་དུ་བརྡོལ་བཞིན་བདོག་མོད། འོན་ཀྱང་བདེ་སྐྱིད་དེ་ལས་ལྡོག་སྟེ་གཟན་ལ་རྔམ་པའི་རི་སྤྱང་བཞིན་ཁྱིམ་ཕྱི་ནང་ཀུན་ན་ལས་ཀར་བྲེལ་དུས། ཟབ་ཅིང་གསལ་བའི་དཔྲལ་གཉེར་གྱི་ཁུགས་པ་རེ་ནས་དྭངས་གཙང་གི་རྔུལ་ཆུའི་ཕྲེང་ཐག་ཆད་ལ། དུས་ཚིགས་གྲངས་མེད་ཀྱི་ལོ་ཟླའི་འཁོར་སྐྱོད་ཀྱི་ཁྲོད་དུ། ལྕི་འཐུ་དང་འདམ་ལས་སོགས་ཀྱི་རྐྱེན་གྱིས་ལག་པར་སེར་ཁའང་གས་པ་གྲངས་མེད་ཡིན། བསིལ་འཇམ་གྱི་དྲི་བཞོན་ཞིག་གི་རྒྱུ་བས་བུ་མོ་བདེ་སྐྱིད་བསམ་གཞིགས་ཀྱི་ཀློང་ལས་བསླངས་ལ། གདོང་ཡོངས་མཆི་མས་བརླན་འདུག

སྐབས་དེར། ཁོ་མོའི་ངག་ལས།
གནམ་སྔོན་པོ་ཐང་ལ་ལྷུང་རབས་མེད།།
རི་ཆེན་པོ་ཆུ་ཡིས་ཁྱེར་རབས་མེད།།
ལུས་སྤུ་མེད་མཁའ་ལ་འཕུར་རབས་མེད།།
ང་བུ་མོ་སྡུག་ལས་ཐར་རབས་མེད།།

ཅེས་པའི་འགྱོད་པའི་གླུ་ཆུང་འདི་ཡང་ཡང་ལེན་བཞིན་དུ། ཁོ་མོའི་གདོང་གི་མཆི་མ་ཚར་རྙིང་གི་ཕུ་ཐུང་གིས་འབྱིད་ཞོར་ལྟེམ་ལྟེམ་དུ་འཕྱོ་བའི་ལྕགས་ཟོ་རྒྱབ་ཏུ་འཁུར་ནས་སྡེ་འདབས་ཀྱི་ལམ་ཕྲན་དེ་དེད་ནས་ག་ལེར་བུད་སོང༌། ཀྱ་ཀྱུར་བཞུར་གྱིན་པའི་གྲམ་གཞུང་གི་ཆུ་ཕྲན་དེ་ཁོ་མོའི་སྐྱོ་སྡུག་གི་མིག་ཆུ་དང་འདྲ་བར་ད་རུང་ཤག་ཤག་ཤག ཤག་ཤག་ཤག ཤག་ཤག་ཤག

{༡} ས་ཀ་སྡུག བུ་མོ་བདེ་སྐྱིད་བསྐྱལ་བར་ལོབས་པའི་མནའ་ཞིག

ཡོངས་ཁུངས་དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།