FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

དཔའ་བོའི་མིག་མཆི།

འདི་ནི་སྡུག་གི་མིག་ཆུ་མ་ཡིན་པར་སྐྱིད་ཀྱི་སྔ་ལྟས་སུ་བཞུར་བའི་མཆི་མ་ཞིག

དི་ལིང་ལིང༌། ཁ་པར་ཐེངས་གསུམ་ལ་བསྟུད་མར་གྲགས་བྱུང་བས། ལྷ་ཆེན་གྱིས་དོན་གལ་ཆེན་ཞིག་ཡོད་པ་རེད་སྙམ་ནས་མྱུར་དུ་བྱང་ཆ་ལྡན་པའི་ངང་ཁ་པར་ཡར་བླངས། “བསྐྱུས་སྒོར་རྩིས་སྤྲོད་ཐད་ལ་གནད་དོན་ཞིག་འདུག ཁྱོད་མྱུར་དུ་ང་ཡོད་སར་ཤོག”

འོ། དེ་ནི་ལྷ་ཆེན་གྱི་མགོ་བ། ཚང་མས་ཀྲང་སྐུ་ཞབས་ཞེས་འབོད་པའི་མི་སྣ་བརྗིད་པོ་དེ་ཡིན་འདུག ཁོ་ནི་གྲོང་ཁྱེར་འདིའི་སྙན་གྲགས་ཤིན་ཏུ་ཆེ་ཞིང་ཚོང་ལས་ཤིན་ཏུ་དར་བའི་མི་སྣ་ཆེ་བའི་གྲས་སུ་བགྲང་ཆོག ལྷ་ཆེན་གྱིས་ཁོ་རང་ཧ་ཅང་བཀུར་ཞིང་བློ་དཀར་ལ། ཁོས་ཀྱང་ལྷ་ཆེན་ནི་ཁོའི་བྱིས་པའི་ཚབ་བྱེད་ཡིན་ཞེས་ལག་གཡོག་པ་རྣམས་ལ་བཤད་མྱོང༌།

“ཨ་ཕ། དོན་ཅི་ཞིག་རེད། ངས་ཅི་ཞིག་བྱེད་དགོས།” “ཨ་ཕ”ཞེས་པའི་མིང་བརྡ་འདི་ཐོག་དང་པོར་བརྗོད་སྐབས། ལྷ་ཆེན་ལ་བློ་ཉིས་འགལ་ཐེངས་མང་སྐྱེས་ནའང༌། ད་ལྟ་དངོས་གནས་གོམས་ལོབས་སུ་གྱུར་འདུག “འོ། ཁྱོད་ངའི་གམ་ནས་སྡོད་དང་ཆོག དོན་དག་གིས་ང་ཚོ་བཙལ་ནས་ཡོང་ངེས།”

ཆུ་ཚོད་ཕྱེད་ཀ་ལྷག་འདས་རྗེས། དགོང་མོའི་ཆུ་ཚོད་བརྒྱད་ལ་ཐོན་འདུག ཁྲོག་སྒྲ་ཞིག་དང་མཉམ་དུ་ཁོང་གཉིས་སྡོད་པའི་ཁང་ཆུང་དེའི་སྒོ་དེ་ཤུགས་ཀྱིས་ཕྱེ་བྱུང༌། ཡིན་པ་ནི་ཀྲང་སྐུ་ཞབས་ལ་བསྐྱིས་སྒོར་འདེད་དུ་འོང་བའི་འགན་སྲུང་བ་གསུམ་རེད། གློ་བུར་གྱི་དོན་འདིས་ལྷ་ཆེན་ལ་ཅུང་འཚབས་པ་དང་ཁྲོ་བའི་ངང་ཚུལ་སྟེར་ནའང༌། ཀྲང་སྐུ་ཞབས་ལ་ཅུང་གཟབ་ནན་གྱི་མདངས་ཤིག་མངོན་ཞིང་ཅི་ཡང་མ་བྱུང་བ་བཞིན་མ་འཚབས་མ་སྐྲག་པར་འདུག་པར་བལྟས་ན། དོན་འདི་ཁོས་སྔ་ས་ནས་བློས་དཔོགས་ཡོད་པ་རྟོགས་ཐུབ་ཅིང༌། ཁོར་མཚོན་ན་འདི་ནི་ཧ་ཅང་རྒྱུན་ལྡན་ཞིག་ཡིན་པའང་གཞི་ནས་ཚོར་ཐུབ།

“ཀྲང་རྒན་པོ། བསྐྱིས་སྒོར་མྱུར་དུ་བྱིན། དེ་མིན་ན་ང་ཚོས་ཁྱོད་ཀྱི་སྲོག་ཁྱེར་དགོས་ཀྱི་རེད” “ཧ་ཧ། ང་རྒན་པོའི་སྲོག་འདི་སྲ་མོ་ཞིག་ཡིན། སྒོར་ཐལ་ཁྲི་ཉི་ཤུས་ཁྱེར་ཐུབ་ཀྱི་རེད་ཟེར་ན་ངོ་མ་དགོད་སྤྱད་རེད” ཀྲང་སྐུ་ཞབས་ཀྱི་འགན་སྲུང་བ་དེ་ཚོའི་ཁྲོད་ཀྱི་མི་གཅིག་གི་གཡས་གཡོན་དུ་འགྲེངས་པའི་ལག་རོགས་པ་དེ་གཉིས་ཀྱིས་མྱུར་དུ་སྐགས་ཀྱི་མེ་མདའ་ལེན་གྲབས་བྱེད་སྐདས། ལྷ་ཆེན་གྱིས་དེའུ་མུར་མཆོང་ལྡིང་གི་རྩལ་བཀོལ་ནས་འཕུར་གྲི་གཉིས་སྐད་ཅིག་དེ་ཉིད་དུ་ལག་རོགས་པ་དེ་གཉིས་ཀྱི་ལག་ལ་ཕོག་པར་བྱས་ཤིང༌། དཀྱིལ་གྱི་འགན་སྲུང་མགོ་བ་དེའི་མིད་ཐག་ནས་བསྡམས་ཏེ་གྱང་རྩར་སྦྱར་བ་ན་དེ་གསུམ་གྱི་ངར་ཤུགས་གློ་བུར་དུ་ཉམས་ཤིང་བཟོ་ལྟ་ཤོར་བར་གྱུར།

“ངའི་གམ་དུ་ཡོང་སླ། འོན་ཀྱང་ཕྱིར་འགྲོ་རྒྱུ་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན།” ཀྲང་སྐུ་ཞབས་ཀྱིས་མེ་མདའ་བསྟད་ནས་དེ་ལྟར་བཤད། “ཧ་ཧ། སྐྲག་མི་དགོས། ང་མི་གསོད་པར་མི་དགའ། འོན་ཀྱང༌། བསྐྱིས་སྒོར་ཕྱིར་སྤྲོད་པར་ད་དུང་དུས་ཡུན་ལོ་གསུམ་ལྷག་དགོས་ཀྱི་རེད། ཁྱོད་ཚོས་མགོ་བ་ལ་དེ་ལྟར་སྙན་སེང་ཞུ་རོགས།” འགན་སྲུང་བ་དེ་ཚོས་སོ་སོའི་མིད་ཐག་དང་ལག་པ་སྐྱོར་ནས་སྒོར་མི་འབུད་ཐབས་མེད་བྱུང༌། དྲང་མོར་བཤད་ན། དེ་ཚོ་ལའང་ཁག་མི་འདུག་སྟེ། གྲོང་ཁྱེར་འདིའི་གཡུ་འབྲུག་ཆང་ཁང་ཟེར་བ་དེའི་སྦྱིན་བདག་གིས་ལོ་གསུམ་ལ་བསྐྱུར་བའི་བསྐྱུས་སྒོར་དེ་ལེན་དུ་བཏང་བ་རེད།

ཀྲང་སྐུ་ཞབས་ཀྱིས་རང་ཉིད་སྲུང་སྐྱོབ་བྱས་པ་ཤིན་ཏུ་འདང་བའམ་ཡང་ན་མཱ་སྦྱིན་བདག་ཁོ་ལ་ངོ་རྒོལ་བྱེད་པར་སྐྲག་པ་གང་ཡིན་མི་ཤེས་མོད། དོན་དེ་བྱུང་ནས་ཉིན་གསུམ་ལྷག་འདས་ནའང་གྲག་འགུལ་ཅི་ཡང་མི་འདུག གྲོང་ཁྱེར་འདིའི་ལྷོ་གླིང་གི་གཡུ་མཚོ་ཞིག་གི་འགྲམ་ན། དབྱིབས་འཇར་མན་གྱི་ཁང་བའི་སྒྲིག་བཀོད་དང་ཅུང་འདྲ་བའི་ཟུར་གསུམ་མའི་ཁང་བརྩེགས་བརྗིད་པོ་ཞིག་འདུག་པ་དེ་ནི་ཀྲང་སྐུ་ཞབས་ཀྱི་གཞིས་ཀ་རེད། ཁང་བརྩེགས་དེ་རིམ་པ་ལྔ་ཅན་ཞིག་ཡིན་ལ། མདུན་དུ་མེ་ཏོག་ལྡུམ་ར་དང་རྒྱབ་ཏུ་གཡུ་མཚོས་བརྒྱན་ཡོད། ཁང་བརྩེགས་དེའི་རིམ་པ་གསུམ་པའི་གཡས་ཟུར་གྱི་ཁང་བ་དེར་ལྷ་ཆེན་བསྡད་ཡོད་ཅིང་རིམ་པ་ལྔ་བའི་མདུན་ངོས་ཀྱི་ཁང་ཆེན་དེར་ཀྲང་སྐུ་ཞབས་བཞུགས་ཡོད།

སྐྱ་རེངས་བུ་མོའི་འཛུམ་ཞལ་མེ་ཏོག་སྣ་བརྒྱའི་དྲི་བསུང་དང་བསྡོངས་ནས་སླེབས་པའི་དབྱར་གཞུང་གི་ནངས་མོ་ཞིག་ལ། བཀྲ་མི་ཤེས་པའི་ཁ་པར་ཞིག་གིས་ལྷ་ཆེན་གཏི་མུག་གི་གཉིད་ལས་དཀྲོགས་ཤིང་ཞོགས་པ་དེའི་ལྷིང་འཇགས་ཀྱི་གནས་བབས་ཀྱང་ཡེ་ནས་བདས་ཟིན་པ་འདྲ། ཁ་པར་གྱི་ནང་དོན་དེ་ལྷ་ཆེན་གྱི་ཆུང་གྲོགས་ཆོས་སྒྲོན་དང་ཐད་ཀར་འབྲེལ་བ་ཡོད་སྟབས། དེ་ནི་ལྷ་ཆེན་ལ་མཚོན་ན་མི་ཚེ་གང་བོར་བརྗེད་ག་ལ་སྲིད། ལྷ་ཆེན་གྱིས་ཁ་པར་དལ་མོར་མར་བཞག་རྗེས། མགོ་བོ་དུད་དེ་ཡུན་རིང་བསྡད་པ་དང༌། དེ་ནས་ཡར་ལངས་ཏེ་ཁང་མིག་དེའི་དྲ་ཡོལ་གཡས་ཕྱོགས་སུ་འདེད་ཙམ་བྱས་རྗེས་མདུན་གྱི་གཡུ་མཚོ་དེར་བལྟས་ཤིང༌། མེ་ལོང་ལྟ་བུའི་མཚོ་མོ་དེའི་ངོས་ནས་ཁོས་རང་ཉིད་ཀྱི་མི་ཚེ་ལ་ཕྱིར་མིག་ཅིག་བལྟ་དགོས་བྱུང༌།

ལྷ་ཆེན་ནི་རོང་ཁུལ་ཞིག་ཏུ་སྐྱེས་པའི་བོད་མི་རྣལ་མ་ཞིག་སྟེ། ཆུང་ལོ་གཞོན་དུས་ནས་སྡེ་བའི་རྒན་དར་གཞོན་གསུམ་གྱིས་ཤིན་ཏུ་གདེང་འཇོག་མཐོ་བའི་བུ་ཕྲུག་ཡ་རབས་ཤིག་རེད། ལྷ་ཆེན་ལ་ཆུང་དུས་ནས་ཁྱད་ནུས་བླ་ལྷག་ཅིག་མཆིས་པ་ནི། ཁོའི་ལྡེམ་ཞིང་མྱུར་བའི་ལུས་ཕུང་གི་རྩལ་དེ་དང་ཤེད་ཤུགས་ཆེ་བའི་ལུས་ཕུང་གི་སྟོབས་དེ་རེད།

སློབ་གྲྭར་ཞུགས་པ་ནས་བཟུང༌། ཁོ་སློབ་སྦྱོང་ལ་ཤིན་ཏུ་བཟང་ཞིང༌། དགེ་རྒན་གྱི་རྒྱན་དང་སློབ་མས་སློབ་སྦྱོང་བྱེད་ཡུལ་དུ་གྱུར་ཡོད། ལྷག་པར་དུ་རྩལ་སྦྱང་གི་རྒྱུགས་འབྲས་དུས་ནམ་ཡང་ཟིན་ཐོ་ལས་བརྒལ་བཞིན་ཡོད། ཡིན་ནའང༌། ལས་བསམ་སར་མི་འགྲོ་བསགས་སར་འགྲོ་ཞེས་པ་ལྟར། མཐོ་རྒྱུགས་སྤྲད་པའི་ལོ་དེར་ཁོས་སྐར་བཅུ་ལྷག་གིས་སློབ་ཆེན་དུ་རྒྱུགས་མ་འཕྲོད། གནོན་ཤུགས་དེས་དུས་ཡུན་རིང་བོར་ཁོ་ཁ་གྲག་རྒྱུ་མེད་པར་བཏང༌། སྡེ་བའི་མི་ལ་ལས་ཁོྀ་སྨྱོས་འདུག་ཟེར། ཡང་ལ་ལས་ཁོའི་ཀླད་པར་སྐྱོན་བྱུང་འདུག་ཟེར།

གང་ལྟར། བར་སྐབས་དེར་ཁོ་ནི་རྒྱུན་ལྡན་གྱི་མི་ཞིག་མིན་པ་ཐག་གིས་ཆོད། མཐོ་རྒྱུགས་ཀྱི་ཕམ་ཁ་དེས་ཁོའི་དེ་སྔོན་གྱི་གདམས་ཀ་དེར་ནོར་འཆུགས་མེད་པ་ར་སྤྲོད་བྱུང༌། མཐོ་རྒྱུགས་མ་ལངས་པའི་ཡར་སྔོན་དུ་ཁོས་རང་ཉིད་ཀྱི་དགའ་ཕྱོགས་དང་རྒྱུགས་འབྲས་ཆེས་བཟང་བའི་རྩལ་སྦྱང་ལ་རྒྱུགས་སྤྲོད་པར་སྟ་གོན་བགྱིས། ཁོས་འདི་ལྟར་བསམ་དོན་ནི། གཅིག་ནས་མཐོ་རྒྱུགས་ལ་གྲ་སྒྲིག་བྱས་པ་ཅུང་མི་འདང་བ་དང་དེ་ལ་ཡིད་ཆེས་དང་སྤྲོ་བའང་མེད་པ། གཉིས་ནས་ལུས་རྩལ་སློབ་གསོ་ནི་ཁོའི་མི་ཚེ་འདིའི་ཆེས་ཡང་དག་གི་འབད་བརྩོན་གྱི་ཁ་ཕྱོགས་ཉག་གཅིག་རེད་བསམ་པ་དེ་ཡིན་འདུག ཡིན་ནའང་ཁོའི་ཆེས་ཐོག་མའི་ཕུགས་བསམ་གྱི་མྱུ་གུ་དེར་ཕ་མའི་རེ་བཞག་གི་མདའ་མོ་ཞིག་གིས་བཙན་གྱིས་བསྣུན།

“ཁྱོད་ཀྱིས་མཐོ་རྒྱུགས་ལ་གྲ་སྒྲིག་བཟང་བོ་ཞིག་མི་བྱེད་པར། དུས་ཚོད་ཆུད་ཟོས་སུ་བཏང་སྟེ། རྩལ་སྦྱང་ནས་དམག་བྱེད་དམ་ཡང་ན་རྐུན་མ་བྱེད།” སྐད་ཆ་འདི་ཁོར་མཚོན་ན་དོན་སྙིང་ཅི་ཡང་མེད་པའི་འཆལ་གཏམ་འབའ་ཞིག་ཏུ་འཁུམས་ནའང༌། ཕ་མས་བཤད་པའི་གཏམ་ཡོད་དོ་ཅོག་ལ་བདེན་ཁ་ཡོད་སྙམ་པའི་རང་ཅག་གི་སེམས་ཀྱི་བག་ཆགས་ཤིག་གམ་ཡང་ན་ལྷ་ཆེན་ནི་ཕ་མའི་མདུན་སར་གཅིག་བཤད་ན་གཉིས་མི་འདྲི་བའི་བུ་ཕྲུག་ཡ་རབས་ཤིག་ཡིན་སྟབས། ཕ་མས་བསྟན་པའི་ལམ་དེར་སྔར་བཞིན་མི་ཞུགས་ཐབས་མེད་བྱུང༌།

གསེར་མཚོ་ནི་ལྷ་ཆེན་ཆེས་དགའ་བའི་བུད་མེད་དེ་ཡིན་ལ། ཁོ་གཉིས་ནི་མཐོ་འབྲིང་སྐབས་ཀྱི་སློབ་གྲོགས་ཡིན། མཐོ་རྒྱུགས་ཀྱི་གཡུལ་ས་ནས་གསེར་མཚོ་རྒྱལ་ཞིང་ལྷ་ཆེན་ཕམ་ནའང༌། དས་ཁོ་གཉིས་ཀྱི་འདང་བརྩེ་ལ་ཕོག་ཐུག་ཡེ་ནས་བཏང་མེད་པ་འདྲ་སྟེ། ལྷ་ཆེན་གྱིས་གསེར་མཚོར་དཔལ་འབྱོར་གྱི་ཐད་ནས་ལོ་བཞི་བོར་རོགས་བྱེད་རྒྱུའི་དམ་བཅས་པ་དང། ཁྱིམ་ཚང་གི་ཆ་རྒྱེན་དབང་གིས་གསེར་མཚོས་ཀྱང་ཁོའི་སེམས་ཁོང་གི་དམ་བཅའ་དེ་ཁས་བླངས་པ་རེད། སྟག་ཤར་བས་དམ་བཅའ་བཞག་པ། བྲག་དམར་པོར་རི་མོ་བརྐོས་འདྲ། ཞེས་པ་ལྟར། ལྷད་མེད་དྭངས་གཙང་གི་དམ་བཅའ་དེ་ཁོས་ནམ་ཡང་སེམས་ཁོང་དུ་ཉར་ཡོད་ལ། རང་ཉིད་ཀྱི་འཇོན་ཐང་ལ་བརྟེན་ནས་གསེར་མཚོར་རོགས་བྱེད་ཆེད། ཁོས་ཕ་མ་རྒྱབ་ཏུ་བསྐྱུར་ནས་དེ་རིང་གི་ལས་གནས་འདི་འདེམས་པ་རེད།

ལོ་ངོ་གསུམ་འདས་པའི་དེ་རིང་གི་བར་ཁོས་རང་ཉིད་ཀྱི་རེ་བཞག་དོན་དུ་འཁྱོལ་བར་བྱས་ནས་སློབ་སྐབས་རེ་རེར་མོར་དཔལ་འབྱོར་གྱི་མཐུན་རྐྱེན་མི་དམན་པ་སྦྱར་བ་མ་ཟད། ལོ་རེ་རེར་མོར་སྐོར་བ་རྒྱབ། ཡིན་ནའང་ཁ་དཔེར། བཟང་ལན་བཟང་གིས་མ་འཇལ་ངན་གྱིས་འཇལ། ཇ་ལན་ཆང་གིས་མ་འཇལ་གཅིན་གྱིས་འཇལ། ཟེར་བ་ལྟར། ཕྱིའི་ཁོར་ཡུག་གི་དབང་དང་ནང་རང་ཚུགས་མེད་པའི་སེམས་ཀྱི་འདོད་འཇོ་གང་ཞིག་གིས་སློབ་ཆེན་དུ་ཞུགས་པའི་གསེར་མཚོ་ནི་དེ་སྔོན་གྱི་གསེར་མཚོ་དང་གཏན་ནས་མི་འདྲ།

སློབ་ཆེན་ལོ་རིམ་གཉིས་པའི་སྐབས་ནས་བཟུང་མོས་རང་གི་འཛེན་གྲྭའི་ནང་གི་བློར་འབབ་གསར་བུ་ཞིག་ལ་ལུས་འབྲེལ་བྱས་ཡོད་ཅིང༌། ཁོའི་ཆེད་དུ་མོས་ཅི་ཡང་སྒྲུབ་ནུས་པ་ལྟར་བྱེད། སྒོར་མོ་བསྐུར་མི་དགོས་ཚུལ་དང་ཁོ་གཉིས་ཀྱི་འབྲེལ་ཐག་གཅོད་འོས་པའི་ཞོགས་པའི་ཁ་པར་དེ་ནི་ལྷ་ཆེན་གྱི་མི་ཚེ་འདིའི་རྨ་ཁ་མེད་པའི་གཅར་རྡུང་ཐེངས་ཤིག་ཡིན་ལ། དེ་ལས་ཀྱང་ཆེས་བཟོད་ཐབས་བྲལ་བའི་ན་ཟུག་དྲག་པོ་ཞིག་ཅི་ལ་མིན། དེ་བས། ཁོས་ཞོགས་པ་དེ་དང་ཞོགས་པ་དེས་བསླངས་པའི་ཁོང་ཁྲོ་དང་སྐྱོ་ངལ་ནམ་ཡང་བརྗེད་མི་སྲིད།

ཁོས་རང་གི་སྟོབས་ཤུགས་ལ་བརྟེན་ནས་མོར་བསམ་ཞིག་ཤེས་ན་ཆོག་མོད། འོན་ཀྱང༌། དཔའ་བོ་མཛེས་མའི་ལག་ནས་འཆི། ཟེར་བ་ལྟར། ཁོས་རང་གི་སེམས་སྟེང་གི་བུ་མོར་ལག་འཇོག་མ་ནུས་པས། སྡུག་གི་སྐྱོ་བ་ཁོང་དུ་མི་སྦེད་ཀ་མེད་བྱུང༌། ཐག་ཐག ལྷ་ཆེན་གྱིས་མི་ཞིག་སླེབས་པ་ཤེས་པས། མིག་ཟུང་མཚོ་ངོས་ལས་བསྡུས་ཤིང་ཕྱིར་དྲན་གྱི་ལོ་ཟླ་རེ་ཞིག་བསྐྱུར་ནས་དལ་མོར་སྒོ་ཕྱེ་བར་ཕྱིན། སྒོ་ཕྱེ་མ་ཐག ནང་དུ་དྲི་ཞིམ་ཞིག་ཁྱབ་པར་བྱས་ཤིང༌། སྙན་ཞིང་འཇེབས་པའི་ངག་སྒོ་ཞིག་གིས་ཁང་ཆུང་འདིའི་ལྷིང་འཇགས་ཡོངས་སུ་དཀྲོགས། འོ་དེ་ནི་ཀྲང་སྐུ་ཞབས་ཀྱི་སྲས་མོ་ཀྲང་ལཱང་ཟེར་བ་དེ་རེད། ཁོ་མོ་ནི་ཡག་དང་ཤེས་རབ་གཉིས་ཀ་འཛོམས་པའི་བུད་མེད་མཛངས་མ་ཞིག་རེད།

དཔེ་ཁྲིད་མི་སྐྱོང་གི་བྱ་བར་འཇུས་ནས་ལོ་ངོ་གཉིས་ཙམ་འདས་པའི་རིང༌། མོས་སྙིང་དུ་སྡུག་པའི་བྱིས་པ་ཚོའི་རྒྱུད་ལ་ཇི་ལྟར་རིག་གནས་ཤེས་བྱ་ཁྲིད་རྒྱུར་མནོ་བསམ་བཏང་བ་ལས། མི་སྒེར་གྱི་མདུན་ལམ་དང་བརྩེ་དུང་སོགས་ལ་དེ་འདྲའི་ཁ་ཡ་མ་བྱས། ཀྲང་སྐུ་ཞབས་ཀྱིས་འདིའི་ཐད་ལ་མོར་གསལ་ཁ་བཏོན་ནའང༌། མོས་རྒྱུན་དུ་སེམས་ཁོང་གི་ཟླ་བོ་རྙེད་མེད་ཟེར་ནས་བསྐྱུར་འཇོག་པ་རེད། དྲང་མོར་བཤད་ན། ལྷ་ཆེན་ཁོ་ཚང་ལ་ཡོང་བ་ནས་བཟུང༌། མོས་ཁོར་བརྩེ་བ་བླ་ལྷག་ཅིག་འཆངས་ཡོད་པ་དེར་ཡོད་ཀྱི་མི་ཚང་མས་ཕལ་ཆེར་ཤེས་སྲིད། ཡིན་ནའང་སྐབས་དེར་གསེར་མཚོ་ལས་ཡིད་ན་ཅི་ཡང་མེད་པའི་ལྷ་ཆེན་གྱིས་དེར་སྣང་དོགས་ཅི་ཡང་མ་བྱས།

“ལྷ་ཆེན། དེ་རིང་ཁྱོད་ཀྱི་ངོ་མདངས་མི་བཟང་བ་ཅི་རེད། དོན་དག་ཅིག་ཡོད་པ་ཨེ་རེད།” ཀྲང་ལཱང་གིས་ཤ་ཚ་བའི་ངང་དེ་ལྟར་དྲིས། ནམ་རྒྱུན་བཤད་ལ་མི་དགའ་བའི་ལྷ་ཆེན་ལ་དང་ཐོག་བཤད་འདོད་ཀྱི་ཀུན་སློང་ཞིག་རྩ་བ་ནས་མེད་ནའང༌། བསམ་ཀྱིན་བསམ་ཀྱིན་དུ་སེམས་ཀྱི་གསང་བ་དེ་མོ་ལ་མི་བཤད་ཐབས་མེད་བྱུང༌། ཀྲང་ལཱང་གིས་གནས་ཚུལ་དེ་ཤེས་རྗེས། ཁོ་ལ་ལྷག་ཏུ་སྙིང་ཉེ་ཞིང་དུངས་པའི་ཚོར་བ་ཞིག་སྦྱིན་ཞིང༌། སེམས་གསོའི་སྐད་ཆ་མང་པོ་ཆུ་བཞུར་བཞུར་བྱས་ནས་ལབ་པས། སེམས་སྐྱོ་བའི་མི་ལ་སེམས་གཏམ་མཁོ་ཞེས་པ་ལྟར་ལྷ་ཆེན་གྱི་སེམས་ལའང་དྲོད་ཀྱི་རླངས་པ་ཞིག་འཐུལ་བར་བྱས།

དེ་ལྟར། དུས་དེ་ནས་བཟུང་ཁོ་གཉིས་ཕན་ཚུན་ལ་འགྲོ་འོང་བྱེད་ཚད་མང་དུ་ཕྱིན་པ་དང༌། སེམས་ཀྱི་སྐད་ཆའང་མང་དུ་གྱུར་བས། ཁོ་གཉིས་ཀྱི་འབྲེལ་བ་ཉིན་རེ་བཞིན་དམ་ཟབ་ཏུ་གྱུར་བ་རེད། ང་ཚོ་བོད་ཀྱི་ཁ་དཔེ་བཞིན། སྐྱེས་པ་སྔ་ཕྱིའི་ལས་སམ་ཡང་ན་འགྲོགས་ཡུན་རིང་དྲག་པའི་རྐྱེན་གང་ཞིག་ཡིན་པ་ཆ་མི་འཚལ་མོད། ལྷ་ཆེན་དང་ཀྲང་ལཱང་གཉིས་བརྩེ་དུང་གི་ཐད་ནས་མ་གྲོས་གཅིག་མཐུན་དུ་གྱུར་ཞིང་ཕན་ཚུན་ལ་འབྲལ་མི་ཕོད་པ་ལྟར་བྱས་པས། མཐར་གཉེན་ཡང་བསྒྲིགས་པ་རེད། གཉེན་སྟོན་ཤིན་ཏུ་གཟབ་རྒྱས་ཡིན་ཞིང་ཕྱོགས་ཡར་མར་གྱི་སྐུ་མགྲོན་ཡང་མང་པོ་སླེབས་པས། དེ་ནི་ལྷ་ཆེན་ལ་མཚོན་ན་ཁོའི་མི་ཚེ་འདིའི་ཆེས་ངོ་སོ་ཆེ་ཞིང་བདེ་སྐྱིད་ལྡན་པའི་ཉིན་མོ་ཞིག་རེད།

གཉེན་བསྒྲིགས་ནས་ལོ་ངོ་ལྔ་ཙམ་འགོར་བའི་རིང༌། ལྷ་ཆེན་བཟའ་མི་གང་བོའི་འཚོ་བ་ངོ་མ་བདེ་ཞིང་སྐྱིད་དེ། ནང་བསམ་པའི་ཆ་དང་ཕྱི་འབྱོར་བའི་ཐད་གང་ནས་ཀྱང་གཞན་གྱིས་ཡིད་སྨོན་འཆོར་སྲིད་པ་ཞིག་རེད། ལོ་དེ་ཚོར། ལྷ་ཆེན་གྱིས་ཀྱང་རང་ཉིད་ལ་མཚོན་ན་དོན་གལ་ཆེན་མང་པོ་ཞིག་འགྲུབ་ཡོད་དེ། ཁོས་ནང་དགུང་གི་ཆུ་ཚོད་བེད་སྤྱད་ནས་རང་གི་སྔར་ཡོད་ཀྱི་དྲག་རྩལ་རྨང་གཞིའི་སྟེང་དབུགས་སྒམ་གྱི་རྩལ་དང་འཕུར་ལྡིང་གི་རྩལ། གྲི་འགོག་ཐབས་རྩལ་སོགས་དཔྱིས་ཕྱིན་པ་ཞིག་སྦྱངས་པས། ཁོ་ངོ་མ་ཕོ་རྩལ་སྣ་དགུ་འཛོམས་པའི་སྐྱེས་བུ་སྟོབས་ལྡན་ཞིག་ཏུ་གྱུར། ཁོས་ད་དུང་རང་ཉིད་ཆེས་དགའ་བའི་དྲག་རྩལ་བརྩམས་སྒྲུང་སྟེ། 《གནམ་འོག་གི་དུང་ཟླ་རལ་གྲི》དང་《རྒྱལ་ཁམས་ཟིལ་གྱིས་གནོན་པའི་གད་རྒྱངས》 ད་དུང་བོད་ཀྱི་《ཀླུ་འབུམ་མི་རྒོད》སོགས་ལ་དཔེ་ངོས་ནས་ཡང་དང་བསྐྱར་དུ་བལྟས་པ་རེད།

ཡིན་ནའང༌། སྐྱིད་པའི་དུས་ཡུན་འཇའ་དང་འདྲ་ཟེར་བ་ལྟར། ལོ་ངོ་ལྔའི་རྗེས་སུ་གེགས་མེད་ཀྱི་ཁྱིམ་ཚང་འདི་ལའང་སྡུག་གི་མེ་ལྕེ་རབ་ཏུ་མཆེད་པ་རེད། བགེགས་ཡོང་གི་རྩ་བ་རང་ཡིན་ཞེས་པ་ཅིས་མ་བདེན། འདི་ཡང་དོན་ཐོག་ཏུ་རང་གིས་རང་ལ་གསོས་པའི་འབྲས་བུ་ཞིག་སྟེ། ཀྲང་སྐུ་ཞབས་ནི་རྒྱུན་དུ་ཚོང་སྣ་ཆེ་གྲས་ལ་འཇུ་མཁན་གྱི་མི་ཞིག་ཡིན་སྟབས། ཚོང་སྣ་ཆེ་གྲས་ལས་ཁེ་སྤོགས་ཆེན་པོ་ལེན་པར་ལོབས་ཡོད་པ་རེད། ད་ཐེངས་ཡང་ཁོ་མེ་མདའ་ཉོ་འཚོང་གི་ལས་དང་ཞུགས་ཤིང་ཧེབ་དང་སྤོབས་པ་མཉམ་དུ་རྒྱས།

ཡོན་ཏན་སྦྱོང་བར་ཆོག་ཤེས་མེད་ན་བཟང་མོད། རང་གི་འདོད་སྲེད་ལ་ཆོག་ཤེས་ཡོད་ན་དེ་ནི་སྤྱང་གྲུང་གི་གདམ་ག་ཞིག་ཅི་ལ་མིན། མིས་བདེན་ལུགས་ལ་ཡིད་མི་ཆེས་པའམ་ཡང་ན་སྣང་མེད་དུ་འཇོག་པ་ནི། དོན་དམ་དུ་བདེན་ལུགས་ཀྱིས་རང་ཉིད་ལ་ཉེས་ཆད་སྤྱོད་པར་སྒུག་པ་རེད། ཀྲང་སྐུ་ཞབས་ནི་གཞན་ལ་བསྐྱིས་སྒོར་ཆད་པར་ལོབས་ཡོད་སྟབས། ཐེངས་འདིར་ཡང་ཁོས་ཕ་རོལ་མེ་མདའ་བཙོང་མཁན་དེར་སྒོར་ཁྲི་ལྔ་བཅུ་ལྷག་ཆད་པ་རེད། ཡིན་ནའང་རེབ་འདིའི་ཚོང་གྲོགས་ནི་ཁོ་ལས་སྟོབས་ཤུགས་ལྡབ་འགྱུར་གྱིས་ཆེ་བའི་དེང་སྐབས་སྤྱི་ཚོགས་འདིའི་“མཐོ་རིམ་མི་སྣ”ཞིག་ཡིན་སྟབས། མཐར་ཁོའི་མིག་ལམ་ན་ནམ་ཡང་སྙིང་དུ་སྡུག་པའི་མེ་མདའ་དེ་རང་གི་སྲོག་ལེན་བྱེད་ཀྱི་ལག་ཆ་ཐབས་རྡུགས་ཤིག་ཏུ་གྱུར་བ་རེད།

ཀྲང་སྐུ་ཞབས་འདི་ལྟར། སྨག་ནག་གི་མཚན་མོ་ཞིག་ལ་སྒྲ་མེད་ཀྱི་མདེའུ་ཞིག་གིས་ཕྱི་མར་བརྫངས་པ་རེད། མཇུག་འབྲས་འདི་ལྟ་བུ་ཞིག་བྱུང་བར། ཀྲང་ལཱང་དང་ལྷ་ཆེན་གཉིས་ཀྱིས་ཀྱང་སྔོན་ནས་ཚོད་བགོམ་བྱས་ཡོད་པས། དུས་རྒྱུན་ཁོར་ལྟ་སྲུང་ཞིབ་མོ་བྱས་ཡོད། ཡིན་ནའང་འཆི་བ་མགོ་ཐོག་ཏུ་བབས་ན་གནམ་རྒན་མས་ཀྱང་སྐྱོབ་ཐུབ་མེད་ཟེར་བ་བཞིན། ཕྱི་ཉིན་ཞོགས་པར། ཀྲང་སྐུ་ཞབས་སྔ་མོ་ནས་བཞུད་ཟིན་པ་ཁོ་གཉིས་ཀྱིས་ད་གཟོད་རྟོགས། ཨ་ཕ་འདས་རྗེས། ཀྲང་ལཱང་ལ་བཟོད་དཀའ་བའི་སྡུག་བསྔལ་ཞིག་སྐྱེས། མོ་ནི་ངོ་མ་ལས་ངན་ཞིག་སྟེ། མོ་ལོ་བཅུ་དྲུག་ལ་བུད་དུས་ཨ་མས་ཀྱང་འཆི་བདག་གི་ཁར་ཉན་ནས་མོ་རང་བསྐྱུར་ཏེ་ཆས་སོང༌།

ད་ལྟ་ཨ་ཕས་ཀྱང་འདི་ལྟར་ཁ་ཆེམས་ཤིག་ཀྱང་འཇོག་ཁོམ་མེད་པར་བཞུད་སོང་བ་ནི་ཇི་འདྲའི་ཡིད་སྐྱོ་ཞིང་སྙིང་ཉེ་བ་ཞིག་རེད་ཨང༌། ཡིན་ནའང༌།མོར་ད་ལྟ་བརྩེ་དུང་གི་འདུན་མ་བཅོལ་སའི་བཟའ་ཟླ་ལྷ་ཆེན་དང༌། བྱམས་བརྩེའི་གཞི་རྒྱ་དམ་པའི་ཁོ་གཉིས་ཀྱི་གཅེས་ཕྲུག་ཟླ་བ་འོད་མཛེས་ཀྱང་ཡོད་པས། མོས་འཚོ་བ་ནི་སྔར་བཞིན་རོལ་དགོས་བྱུང༌། དཔའ་ངར་ཞུམ་མེད་དང་དགྲ་ཤ་མྱུར་ལེན། བསམ་ཕོད་སྒྲུབ་ཕོད་བཅས་ནི་ལྷ་ཆེན་གྱི་མི་ཚེ་འདིའི་རང་གཤིས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་སྟབས། ཁོས་ལྐོག་གསོད་ཀྱི་གྱོད་དོན་འདི་སྣང་མེད་དུ་འཇོག་ག་ལ་སྲིད། ཉིན་གསུམ་འགོར་རྗེས་ཀྱི་ཞོགས་པ་དེར། ཁ་བ་སྲབ་བུ་ཞིག་གིས་གྲོང་ཁྱེར་གྱི་ཁང་བརྩེགས་དང་སྲང་ལམ་ཧྲིལ་བོ་བཏུམས་འདུག གནའ་མིས་བཤད་ན༌། ཁ་བ་དཀར་པོས་བཀྲ་ཤིས་སྐྱེལ་ཡོང་ཟེར། ཡིན་ནའང་དེི་རིང་གི་ཁ་བ་འདིས་སུ་ཞིག་ལ་བཀྲ་ཤིས་སྐྱེལ་ཡོང་ངེས་སུས་ཀྱང་བཤད་དཀའ་བར་འདུག

ལྷ་ཆེན་ནམ་རྒྱུན་ལས་ཅུང་སྔ་བར་ལངས་ཤིང་རང་ཉིད་ཀྱི་དཔེ་ཁང་ཆུང་དེར་མེ་མདའ་ཆུང་ཆུང་གཉིས་དང་གྲི་ཆུང་གསུམ་བཅས་བྱིད་ཀྱིན་འདུག ཀྲང་ལཱང་གིས་ཚུལ་དེ་མཐོང་རྗེས་མྱུར་དུ་བཀག་ནས་“ཤི་བོར་གསོན་ཐབས་མེད་པས། ད་ཁྱོས་ཀྱང་ལག་པ་ཕྱིད་རན་འདུག འུ་གཉིས་ཀྱི་གཅེས་ཕྲུག་གི་ཆེད…” “སྙིང་ཉེ་མ། ངས་ཆེས་མཐའ་འཇུག་གི་ཤ་འཁོན་འདི་བརྩད་རྗེས། ཡོད་ཚད་མཚམས་འཇོག་ངེས།” ཇ་ཡུན་ཙམ་གྱི་རྗེས་སུ་ལྷ་ཆེན་གྱིས་པཱོ་མ་རྟགས་ཅན་གྱི་རླངས་འཁོར་དེ་བསྐོར་ནས་རང་ཁྱིམ་དང་ཁ་གྱེས་སོང༌།

གྲོང་ཁྱེར་འདིའི་ལྷོ་ནུབ་ཀྱི་མཚམས་ན། ཁང་བ་དགུ་ཐོག་ཅན་གཡས་ཟུར་ནས་བལྟས་ན་བོད་ཀྱི་སྲས་མཁར་དགུ་ཐོག་དང་མཚུངས་པ་ཞིག་ཡོད་པ་དེ་ནི་ཀྲང་སྐུ་ཞབས་ཀྱི་བོའུ་འཚོང་དོམ་ཡ་ཝང་སྦྱིན་བདག་གི་གྲོང་ཁྱེར་འདིའི་ཚོང་ལས་ལྟེ་གནས་ཤིག་རེད། ཚོང་ར་འདིས་དྲ་ཁང་དང་གློག་བརྙན་ཁང༌། རོལ་རྩེད་ཁང་དང་ཚད་མཐོ་བའི་དེངས་རབས་ལྭ་བ་ཚོམས་ཁང་སོགས་མང་པོ་ཞིག་བདག་ཏུ་གཉེར་ཡོད། མི་གསོད་ཀྱི་དོན་རྐྱེན་དེ་བསླངས་རྗེས། ཝང་སྦྱིན་བདག་ཕྱིར་ཀོང་ཀྲུའུ་ཧྲིན་ཀྲིན་དུ་བུད་སོང་བས། ཤུལ་དུ་ཁོའི་ནུ་བོ་ཝང་ཞོའོ་ཡིས་འགན་ཡོངས་རྫོགས་འཁུར་ཡོད།

ལྷ་ཆེན་གནས་འདིར་སླེབས་དུས་ཉིན་གུང་ལ་རེག་འདུག ཁོས་ཁ་བའི་དྲོད་རླངས་ཀྱིས་སྒྲིབ་པའི་རླངས་འཁོར་གྱི་ཤེལ་ངོས་དེ་ཕྱི་ཙམ་བྱས་རྗེས་མདུན་གྱི་ཁང་བརྩེགས་བརྗིད་པོ་དེར་ཞིབ་ལྟ་ཞིག་བྱས་ཤིང༌། དེ་ནས་བོའུ་དང་གྲི་ཆུང་དེ་ཚོ་སྐག་ཏུ་གསེབ་རྗེས་ཤར་མར་ནང་དུ་འཛུལ་སོང༌། དུས་ཚོད་ཕྱེད་ཀ་ཙམ་གྱི་རིང་ཁོས་ཝང་སྦྱིན་བདག་གི་ནུ་བོ་དང་དེའི་ལག་རོགས་པའམ་ཀྲང་སྐུ་ཞབས་ཀྱི་ལག་དམར་དེ་གཉིས་བསད་པ་མ་ཟད་སྒོའི་ཕྱིར་ཐོན། ཡིན་ནའང་ཁོ་རང་གསོན་པོར་ཕྱིར་འགྲོ་ཐུབ་བམ། རླངས་འཁོར་དུ་བསྡད་རྗེས་ལྷ་ཆེན་གྱིས་ཤེས་རྟོགས་བྱུང་བ་ནི། ཁོའི་མི་རིང་བའི་མཐའ་འཁོར་དུ་མེ་མདའ་ཐོགས་པའི་ར་མདའ་བཅུ་ཕྲག་འགས་བསྐོར་ཡོད་ལ། ད་དུང་ཉེན་རྟོག་རླངས་འཁོར་འགའི་ཉེན་བརྡའི་སྒྲའང་ཇེ་མཐོ་ནས་ཇེ་གསལ་རེད།

མཚམས་འདིར་སླེབས་དུས་ཁོས་རང་ཉིད་མདེའུ་ཡི་མདུན་གྱི་འབེན་དེ་ཡིན་པ་གཞི་ནས་ཚོར། ཡིན་ཡང་ཁོར་མིག་ཆུ་དང་སྐྲག་སྣང་མི་འདུག ཁོས་བླངས་ཤིང་རང་ཉིད་ཀྱི་སྙིང་ཉེ་དང་གཅེས་ཕྲུག་མར་ཆེས་མཇུག་མཐའི་ཁ་པར་དེ་བཏང་སོང༌། “སྙིང་ཉེ། འུ་གཉིས་ཀྱི་གཅེས་ཕྲུག་ལ་བདག་ཡག་པོ་བྱས། དུས་ནམ་ཞིག་ང་རང་ཕྱིར་ཡོང་ངེས།” “ཁྱོད་ལ་ཅི་བྱུང༌། ཝེ…” དུས་ཚོད་ཀྱིས་ཉེན་ཁ་ཅན་གྱི་མིར་ཡང་གཏན་ནས་དམིགས་བསལ་སྟེར་མི་སྲིད། ཉེ་འཁོར་གྱི་དགྲ་དང་ཉེན་རྟོག་པས་བསྐོར་ལ་ཉེ་སྐབས། ལྷ་ཆེན་གྱིས་རླངས་འཁོར་གྱི་ཆེས་མགྱོགས་པའི་ཚད་བཀོལ་ནས་ཕྱིའི་རྒྱ་མཚོར་བཞུར་བའི་མདུན་གྱི་གཙང་བོ་དེར་མཆོངས།

འདི་ནི་ཁོས་རང་ཉིད་ཀྱི་སྲོག་ལ་ཀུ་རེ་རྩེ་བ་ཡིན་ནམ་ཡང་ན་ཆེས་མཐོ་བའི་གདེང་ཚོད་ཅིག་གི་སྦྱོར་བ་ཡིན་པ་སུས་ཀྱང་ཚོད་དཔག་དཀའ་བས། དེར་ཡོད་ཀྱི་མི་ཚང་མ་ཧ་ལས་ཤིང་ཧང་སངས་པར་གྱུར། ལོ་གསུམ་འགོར་རྗེས་ཀྱི་དབྱར་གཞུང་གི་ཞོགས་པ་ཞིག་ལ། གནམ་སྔོན་པོ་སྔོ་ཞིང་དྭངས་ལ། དགུང་ཉི་མ་མཛེས་ཤིང་སྡུག འོ། ཉིན་དེ་ནི་ལྷ་ཆེན་དང་ཀྲང་ལཱང་གཉིས་ཀྱི་གཅེས་ཕྲུག་མ་ཟླ་བ་འོད་མཛེས་ཀྱི་སྐྱེས་སྐར་ཡིན་འདུག སྒོའི་ཅོང་བརྡ་ཞིག་གིས་སྐྱེས་སྐར་གྱི་གསོལ་སྟོན་སྒྲིག་བཞིན་པའི་མ་བུ་གཉིས་ཧད་སེ་བཏང༌། སྒོ་འབྱེད་དུས་ལག་ལ་སྐྱེས་སྐར་ལེགས་སྐྱེས་ཐོགས་པའི་སྐྱེས་པ་ཞིག་གིས་ཁོ་གཉིས་ལྷག་པར་ཧ་ལས་སུ་བཅུག་ཅིང༌། ཁོ་ཚོ་རང་དབང་མེད་པར་འཐམས་དགོས་བྱུང༌། མིག་ཆུ་མང་པོ་དེས་སེམས་གཏམ་མོད་པོ་ཞིག་སྦས་ཡོད་པ་འདྲ། ཡིན་ནའང༌། འདི་ནི་སྡུག་གི་མིག་ཆུ་མ་ཡིན་པར་སྐྱིད་ཀྱི་སྔ་ལྟས་སུ་བཞུར་བའི་མཆི་མ་ཞིག་ཡིན་པ་འདྲའོ།

ཡོངས་ཁུངས་དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།