FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

༢༠༡༠ལོའི་གསར་འགྱུར།

གཞན་སྲོག་ཆེད་དུ་རང་སྲོག་དོར་བའི་དབའ་བོ།

བཀྲ་ཤིས་ཤི་སོང༌། བཀྲ་ཤིས་སྤྱི་ལོ༢༠༡༠ལོའི་ཟླ༦པའི་ཚེས༡༥ཉིན་ཤི་སོང༌། བཀྲ་ཤིས་ཀྱི་འདས་དོན་ནི་ཞིང་ཆེན་ཡོངས་ཀྱི་ལོ་དེའི་ཆེས་གལ་ཆེ་བའི་གསར་འགྱུར་དུ་གྱུར།

འཇིག་རྟེན་དུ་ཚེ་སྲོག་ལས་རྩ་ཆེ་བ་དང་རིན་པོ་ཆེ་ཞིག་མེད་པས། མི་ཞིག་གི་ཚེ་སྲོག་གི་རིན་ཐང་ལ་དམའ་ཕབ་པ་ནི་ཤིན་ཏུ་མི་འོས་པ་ཞིག་ཡིན་ལ། ལྷག་ཏུ་གཞན་དོན་དུ་གཤེགས་པའི་ཚེ་སྲོག་ཅིག་གི་རིན་ཐང་ལ་ལྟ་ཚུལ་བླ་བརྡོལ་དུ་སྤེལ་བ་ནི་དེ་བས་ཀྱང་ག་ལ་རུང༌། དེ་བས། བཀྲ་ཤིས་ཀྱི་གཏམ་རྒྱུད་དེ་ཡང་བསྐྱར་སུ་ལའང་གླེང་འདུན་ཡེ་ནས་མེད་དེ། ཡང་གཅིག་བཤད་ན། བཀྲ་ཤིས་ཀྱི་གཏམ་རྒྱུད་ནི་སྔར་ནས་ཚགས་པར་དང་བརྙན་འཕྲིན་སོགས་སྨྱན་བྱེད་སྣ་ཚོགས་བརྒྱུད་ནས་གྲོང་ཁྱེར་འདི་མ་ཟད་ཞིང་ཆེན་ཡོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཅིང༌། ཁོར་སློབ་སྦྱོང་བྱེད་པའི་བྱ་འགུལ་ཡང་མེ་བཞིན་འབར་ཞིང་མེ་བཞིན་ཞི་ནས་ཀྱང་ལོ་ངོ་གཉིས་འགོར་ལ་ཉེ། ད་ནི་ཡང་བསྐྱར་གཏམ་རྒྱུད་དེ་ཡིག་ཐོག་ཏུ་ཕབ་པའི་དགོས་པ་ཅི་ལ་ཡོད། ཡིན་ནའང་སེམས་ཀྱི་ག་ཤེད་ཅིག་ཏུ་གཏམ་རྒྱུད་དེ་ཀུན་ལ་གསལ་བོར་འཆད་འདོད་ཀྱི་འདུན་པ་ཞིག་འགོག་མེད་དུ་སྐྱེས་འོངས།

བཀྲ་ཤིས་ནི་བདག་དང་སྡེ་བ་གཅིག་ཏུ་སྐྱེས་ཤིང་རྩེད་ར་གཅིག་ཏུ་ནར་སོན་ཞིང། ཆུང་དུས་ནས་བྱིས་པ་མ་རབས་པྲ་ཚག་ཅིག་ཡིན་པས་སློབ་གྲྭའི་དགེ་རྒན་དང་ཁྱིམ་གྱི་ཕ་མ། སྡེ་བའི་རྒན་གཞོན་ཀུན་གྱིས་བཀྲ་ཤིས་གླེང་ཡོང་དུས་མགོ་བོ་ཐེད་དུ་མི་གཡུག་མཁན་གཅིག་ཀྱང་མེད། ང་ཚོ་སློབ་ཆུང་འགྲིམས་དུས་དགེ་རྒན་ཚེ་རིང་ལགས་ཀྱིས“བཀྲ་ཤིས་ལ་སློབ་སྦྱོང་བྱེད་མི་ཉན”ཞེས་ཁ་ནས་མ་ཎི་འདོན་འདོན་བྱེད་ལ། རྒྱུན་དུ་ཁོའི་ལག་མཐིལ་ལ་ལྕང་ལྕུག་གིས་འབྲབ་པའི་སྣང་བརྙན་དེ་ད་དུང་ཡང་བདག་གི་མིག་ལམ་དུ་གསལ་བོར་ཤར་ཡོང༌།

དེ་ནི་ནམ་ཡང་བརྗེད་མི་སྲིད་དེ། ཞོགས་པ་ཞིག་ལ་ཁོས་སྒོ་ལ་སྲུབས་ཀ་ཅུང་ཟད་ཕྱེས་རྗེས་སྒོ་ཀླད་དུ་ཆུ་འཁྱག་གཞོང་པ་གང་བཞག་སྟེ་ཅི་མི་སྙམ་པར་རང་གི་འདུག་སྟེགས་སུ་བསྡད་འདུག ང་ཚོས་ཁོར“དེ་འདྲ་བྱེད་མི་ཉན། དགེ་རྒན་གྱིས་གཅར་རྡུང་བྱེད་ངེས”ཞེས་བཤད་ཀྱང༌། ཁོས“སུས་སྒོ་ཐོག་གི་གཞོང་པ་བླངས་ན་མི་དེའི་རྐང་མ་བརྡུངས་ན་ང་མི་མིན”ཞེས་སྐྲག་བསླངས་པས། ང་ཚོ་ཡང་རང་གི་འདུག་སྟེགས་སྟེང་ཀུམ་ནས་མི་སྡོད་ཀ་མེད་དུ་གྱུར།

སྐབས་དེར་དགེ་རྒན་ཚེ་རིང་ལགས་ཀྱིས་ལག་ལ་དཔེ་ཆ་དང་ཁྲིད་ལྕག་ཐོགས་ནས་བསླེབས་བྱུང༌། ཁོས་སྒོ་ཕྱེས་པའི་སྐད་ཅིག་མ་དེར་ཆུ་འཁྱག་གཞོང་པ་གང་བོ་ཤག་སེ་ཁོའི་སྐེ་ཁུག་ཏུ་ཐོར། དགེ་རྒན་ཚེ་རིང་ལགས་ནི་ཐུགས་རབ་ཏུ་ཁྲོས་ཏེ་གཞོང་པར་རྡོག་ཐོས་ཤུགས་ཀྱིས་བརྒྱབ་པ་ན། གཞོང་པ་ནི་ཁྲོག་སྒྲ་དང་བཅས་སློབ་ཁང་གི་ཕྱི་རོལ་ཏུ་བརྒྱངས་སོང༌། ང་ཚོ་ནི་སྐྲག་ཐག་ཆོད་དེ་ལུས་ཀྱི་བ་སྤུ་ཡང་གྱེན་དུ་གཟེངས་བྱུང༌། དགེ་རྒན་ཚེ་རིང་ལགས་ཀྱིས“གཏེ་ངན། འདྲེ་ཕྲུག ཁྱི་སྐྱག ཨ་བ་ཨ་མ”ཞེས་ཁ་ནས་གང་བྱུང་དུ་སྡིག་བཞིན་སྒོ་ཐོག་ཏུ་གཞོང་པ་འཇོག་མཁན་སུ་ཡིན་ཡང་མི་འདྲི་བར་ཐད་ཀར་བཀྲ་ཤིས་གཟས་ནས་བརྒྱུགས་སོང༌། དགེ་རྒན་ཚེ་རིང་གིས་ཁོའི་སྐྲ་ནས་འཇུས་ཏེ་གཅར་རྡུང་ཡིད་ཚིམ་པ་ཞིག་བྱས་རྗེས་ཁ་ཁྲག་སྣ་ཁྲག་བཞུར་བཞིན་པའི་བཀྲ་ཤིས་ལ་རྡོག་ཐོས་གཞུས་བཞིན། “ཁྱི་སྐྱག་ཁྱོད་ད་སྒོར་སོང༌། སང་ཕྱིན་ཆད་སློབ་གྲྭའི་ནང་ཤོག་དང་ངས་ཁྱོད་ཀྱི་རྐང་མ་བཅག་ན་ལྟོས”ཟེར། དེ་ནས་བཟུང་ང་ཚོའི་སློབ་གྲྭར་བཀྲ་ཤིས་ཟེར་བའི་འདྲེ་ཕྲུག་གམ་ཁྱི་སྐྱག་དེ་འོང་རྒྱུ་མ་བྱུང་ལ། ཁོ་རང་མ་ཡོང་བ་དེར་སློབ་གྲོགས་ཚོ་ཤིན་ཏུ་དགའ་བར་གྱུར།

བཀྲ་ཤིས་ཀྱི་གཏམ་རྒྱུད་གླེང་དུས། སྔགས་རྒན་རིག་འཛིན་གྱིས་ད་དུང་ཡང་མགོ་བོ་གཡུག་བཞིན། “དངོས་གནས་བྱིས་པ་མ་རབས་ཟེར་བ་ནི་བཀྲ་ཤིས་ཡིན་ཡ། བྱིས་པ་དེས་མི་ལ་ཉི་མར་ཡག་པོ་ཞིག་ཀྱང་ལྡེ་རུ་མི་འཇུག མ་ཎི་ཞིག་འདོན་དུས་ཀྱང་གཏེ་ངན་དེས་ཁ་གཅོལ་བར་བྱེད། ཨ་ལ་ལ། བྱིས་པ་དེ་འདྲ་ཞིག་ངས་གཏན་ནས་རིག་མ་མྱོང། དེ་ནི་གླང་དར་མའི་ཚ་བོ་ཞིག་ཡིན་པ་ཐག་གིས་ཆོད། ཕེ་ཕེ་ཕེ”ཟེར། སྔགས་རྒན་རིག་འཛིན་ལའང་ཅི་ཁག་སྟེ། སྡེ་འདབས་ཀྱི་ཉིན་ཁར་ཉི་མར་ལྡེ་བཞིན་མ་ཎི་འདོན་སྐབས་བཀྲ་ཤིས་ཀྱིས་བསམ་གཟས་ནས་ས་རྡུལ་སློང་བའམ། ཡང་ན་ས་ཏོས་བརྒྱབ་ནས་རྙད་རྐོ་བར་བྱེད་ལ། ཡར་ལངས་ནས་བདའ་ཚེ་བྲོས་འགྲོ་བ་དང༌། ཐང་ལ་ཙོག་མ་ཐག་ཡང་བསྐྱར་ཁ་སློང་བར་བྱེད།

བཀྲ་ཤིས་ནི་དེ་འདྲའི་མི་ཐ་ཤལ་ཤིག་ཡིན་པས། ཁོ་རང་ཤི་སོང་བར་སྡེ་བའི་ནང་གི་མི་རྣམས་ཕངས་སེམས་ཅི་ཡང་སྐྱེ་ཡི་མི་འདུག ལྷག་ཏུ་བཀྲ་ཤིས་ནི་དཔའ་བོ་ཞིག་ཡིན་ཅེ་ན་སྡེ་མི་རྣམས་དགོད་ཁ་འཆོར་བཞིན“བཀྲ་ཤིས་ཡེ”ཞེས་ལྡོག་འདྲི་བྱེད། ཡིན་ནའང་དེས་བཀྲ་ཤིས་ཀྱི་དཔའ་བོའི་སྣང་བརྙན་ནི་སྒྲིབ་ག་ལ་ཐུབ། བཀྲ་ཤིས་ནི་དཔའ་བོ་ཡིན། བཀྲ་ཤིས་ནི་དཔའ་བོ་ཡིན་ཏེ། ལྷག་པར་བཀྲ་ཤིས་ཀྱི་བླ་མེད་མཛད་རྗེས་ཚགས་པར་དང་བརྙན་འཕྲིན་སོགས་ལས་བསྒྲགས་ཤིང༌། གོང་དཔོན་པོ་ནས་ཞོལ་མི་སེར་ཡོངས་ཀྱིས་དཔའ་བོ་བཀྲ་ཤིས་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་རབས་དང་རིམ་པ་སྤེལ།

སྐབས་ཐོག་དེར་ང་རང་སློབ་ཆེན་ནས་མཐར་ཕྱིན་ཏེ«སྐར་ཆེན་ཚགས་པར»དུ་ལས་བགོ་བྱས་མ་ཐག་ཡིན། སྐབས་དེར་ཞིང་ཆེན་ཡོངས་སུ་གཞི་ཁྱོན་ཆེན་པོས་མི་རིགས་མཐུན་སྒྲིལ་སྐོར་གྱི་སྲིད་ཇུས་རང་བཞིན་གྱི་བྱ་འགུལ་ཞིག་ཚ་ཚ་འུར་འུར་དུ་སྤེལ་སྒང་ཡིན་པས། བཀྲ་ཤིས་ཤི་བའི་གནས་ཚུལ་མགོ་ཁྲིད་ཀྱི་རྣ་ལམ་དུ་མཆེད་མ་ཐག“ད་ཐེངས་གསར་འགྱུར་གལ་ཆེན་ཞིག་རྙེད་བྱུང༌། ཁྱོད་རང་མྱུར་དུ་བཀྲ་ཤིས་ཟེར་བའི་གསར་བུ་དེའི་ཕ་ཡུལ་ལ་བཅར་འདྲི་བྱེད་དུ་སོང”ཟེར། ངས་མགོ་ཁྲིད་ལ“བཀྲ་ཤིས་ནི་བདག་དང་ཕ་ཡུལ་གཅིག་པ་ཡིན། ད་དུང་ངའི་སློབ་གྲོགས་ཡིན”ཅེས་བཤད་པ་ན། མགོ་ཁྲིད་ནི་རྨ་བྱས་དབྱར་རྔ་ཐོས་པ་བཞིན་ལྷག་ཏུ་དགའ་སྟེ“དེས་ན་ལྷག་ཏུ་འགྲིག་འདུག ཁྱོད་སོང་ལ་གསར་འགྱུར་ཡག་པོ་ཞིག་ཕྲིས་ཤོག འདི་ནི་གོ་སྐབས་ལེགས་པོ་ཞིག་རེད། གོ་སྐབས་ལེགས་པོ་འདི་ཁྱོད་ཀྱིས་དམ་འཛིན་བྱེད་ཤེས་དགོས”ཟེར།

གཤམ་གྱི་རྒྱས་འཕྲིན་འདི་ནི་ངས“གོ་སྐབས་ལེགས་པོ”དེ་དམ་འཛིན་བྱས་ནས་བྲིས་ཤིང༌། རྗེས་སུ་བྱ་དགའ་ཡང་རབས་དང་རིམ་པ་ཐོབ་མྱོང་པའི་རྒྱས་འཕྲིན་དེ་ཡིན།

དཔའ་བོའི་བྱས་རྗེས་ནམ་ཡང་ང་ཚོའི་སེམས་ཁོང་དུ་གནས། རང་སྲོག་དོར་ནས་གཞན་སྲོག་སྐྱོབ་མཁན་དཔའ་བོ་བཀྲ་ཤིས་ཀྱི་གནས་ཚུལ་བཀོད་པ། གསར་འགོད་པ། ཉི་མ་འོད་འབར།

བཀྲ་ཤིས་ནི་ཕོ་ལོ༢༡ལ་བུད་མ་ཐག་པའི་བོད་ཀྱི་གཞོན་ནུ་ཞིག་དང༌། ཞིང་པ་ཞོར་ལས་པ་ཕལ་བའི་ཁྲོད་ཀྱི་ཕལ་བ་ཞིག་ཡིན། ཁོང་གིས་ཆུ་རྐའི་ནང་ལྷུང་བའི་རྒྱ་རིགས་བྱིས་པ་ཞིག་སྐྱོབ་ཆེད་རང་གི་རིན་ཆེན་ཚེ་སྲོག་ཕངས་མེད་དུ་སྦྱིན་པ་རེད། ད་ལོའི་ཟླ༥པའི་ནང་བཀྲ་ཤིས་ལ་རྒྱུ་ལྷག་བྱུང་ནས་གཤག་བཅོས་བྱས་པས་ལུས་ཕུང་སླར་སོས་པ་དེ་འདྲ་མི་བཟང་མོད། འོན་ཀྱང་བཀྲ་ཤིས་ཀྱིས་ཁྱིམ་ཚང་གི་དབུལ་ཕོངས་རྣམ་པ་བསྒྱུར་ཆེད་དང་འདྲུད་འཐེན་འཁོར་ལོ་ཞིག་ཉོ་ཕྱིར། ཕ་མས་འགྲོ་མི་དགོས་ཚུལ་ཇི་ལྟར་བཤད་ཀྱང་མ་ཁོགས་པར་སྡེ་བའི་ནང་གི་གསར་བུ་གཞན་དག་དང་མཉམ་དུ་ཟླ༦པའི་ཚེས༡༥ཉིན་ཡུལ་མི་དང་ཁ་བྲལ་ཏེ་ཟི་ལིང་དུ་ཞོར་ལས་སུ་ཆས།

དེ་ནི་ཁོ་རང་ཕ་ཡུལ་དང་གཉེན་ཉེ་དང་སྤུན་ཟླ་སོགས་དང་གཏན་དུ་གྱེས་པ་ཁོས་ག་ལ་ཤེས། ཁོ་ཚོ་ཟི་ལིང་དུ་བསླེབས་རྗེས་ཐོག་མར་ཞོར་ལས་འཚོལ་སའི་གནས་བཙལ་ཅིང་སྡོད་ས་སོགས་བཀོད་སྒྲིག་བྱས། ཁོ་ཚོའི་ཁྲོད་ཀྱི་མི་ཁ་ཤས་ནི་ཐེངས་དང་པོར་ཟི་ལིང་དུ་ཡོང་བ་ཡིན་པས་ཕྱི་རོལ་ཏུ་ཉུལ་འདོད་སྐྱེས། ཕྱི་དྲོའི་ཆུ་ཚོད༥ཙམ་གྱི་སྟེང་དུ་ཁོ་ཚོ་ཞོར་ལས་རྙེད་པའི་དགའ་སྣང་དང་ཕན་ཚུན་ལ་ཀུ་རེ་རྩེད་མོ་རྩེ་ཞོར་ཁང་དབྱང་གློག་འདོན་བཟོ་གྲྭའི་ཆུ་རྐའི་འགྲམ་ངོགས་བརྒྱུད་སྐབས། བྱིས་པ་ཞིག་ཆུ་རྐའི་ནང་འཕག་འཚག་རྒྱག་པ་མཐོང་བས་བཀྲ་ཤིས་ཀྱིས“མྱུར་དུ་བྱིས་པ་སྐྱོབ་རོགས”ཞེས་བཤད་མ་ཐག་ལྡིང་ཐེངས་གཅིག་གིས་བྱིས་པའི་དྲང་ཐད་ནས་མར་ལྡིང་བ་དང༌། དེ་དང་མཉམ་དུ་ཁོའི་རོགས་པ་སྟོབས་ལྡན་དང་འཇིགས་མེད་གཉིས་ཀྱང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཆུ་ནང་དུ་མཆོངས།

རྐ་ཆུ་ནི་ཤིན་ཏུ་ཆེ་བས་ཁོ་རང་ཡུན་གྱིས་ཡུན་གྱིས་ཆུ་ནང་དུ་ནུབ། ཡིན་ནའང་ཆུ་ནང་དུ་ནུབ་པའི་སྐད་ཅིག་མར་བཀྲ་ཤིས་ཀྱིས་ལག་ཟུང་གིས་བྱིས་པ་དེ་ཡར་བཀྱགས་ཏེ་སྟོབས་ལྡན་གྱི་ལག་ཏུ་གཏད། བྱིས་པ་དེ་ཉེན་ཁ་ལས་ཡོངས་སུ་ཐར་ནའང་བཀྲ་ཤིས་ནི་རྐ་ཆུའི་གཏིང་རིམ་དུ་ནུབ་སོང༌།

གསར་འགོད་པས་ཁོའི་འགྲོ་རོགས་སྟོབས་ལྡན་ལ་བཅར་འདྲི་བྱེད་དུས། ཁོས་ཧ་ཅང་སྐྱོ་སྣང་དང་བཅས“ང་དང་འཇིགས་མེད་གཉིས་ཀྱིས་བྱིས་པ་དེ་ཆུ་ཁར་བཞག་ནས་ཕྱིར་འཁོར་དུས་བཀྲ་ཤིས་ཀྱི་ལག་པ་གཡུག་གཡུག་ཙམ་བྱེད་པ་ལས་ཅི་ཡང་མཐོང་རྒྱུ་མི་འདུག མྱུར་དུ་ཁོ་རང་སྐྱོབ་བསམ་དུས་ཆུ་གཏིང་བ་དང་རྙོག་པ་ཡིན་པས་སྐྱོབ་མ་ཐུབ”ཅེས་བཤད་ཅིང༌། གདོང་ལ་ནོངས་འགྱོད་དང་ཕང་སེམས་ཤིག་སྐྱེས་འདུག རྣམ་པ་དེ་དངོས་སུ་མཐོང་མཁན་རྒྱ་རིགས་བུད་མེད་ཝང་ཤང་ལན་ཡིད་འགུལ་ཐེབས་ཀྱིན“ཅི་འདྲའི་ཕོ་གསར་ཡ་རབས་ཤིག དེ་འདྲའི་གཏིང་ཟབ་པའི་ཆུ་རྐའི་ནང་དུ་ཐེ་ཚོམ་ཅི་ཡང་མེད་པར་མཆོངས་སོང༌། ཁོའི་ན་ཚོད་དེ་འདྲ་ཆུང༌། ཡིད་ཕངས་པ་ལ། ཡིད་ཕངས་པ་ལ”ཞེས་ངག་ནས་ཟློ་བཞིན་མཆི་མ་ཤར་ཤར་དུ་བཞུར་འོངས།

ཟླ༩བའི་ཚེས༡ཉིན་གྱི་ཕྱི་དྲོ་གསར་འགོད་པས་དཔའ་བོ་བཀྲ་ཤིས་ཀྱི་འདས་རྐྱེན་ལ་དམིགས་ནས་ཆེད་དུ་ཁོའི་ཕ་ཡུལ་དུ་བཅར་འདྲིར་ཕྱིན། བཀྲ་ཤིས་ཀྱི་ཕ་ཡུལ་ནི་ཆུ་ནག་རྫོང་ལུང་དཀར་ཡུལ་ཚོ་ནས་སྤྱི་ལེ༥ཙམ་ཕྱིན་ཚེ་ཆུ་བོ་ཞིག་བརྒལ་ནས་འགྲོ་དགོས། ཆུ་བོ་ཆེ་རྒྱུ་མེད་ནའང་རླངས་འཁོར་མི་བུད་ལ་ཟམ་པའང་མེད་པས་ངེས་པར་དུ་ཆུ་ལ་མི་བརྒལ་ཐབས་མེད་ཡིན། བཀྲ་ཤིས་དེ་སྔ་འཚོ་མྱོང་བའི་སྡེ་བ་དེ་ནི་བོད་རིགས་རྐྱང་རྐྱང་གི་སྡེ་བ་ཞིག་ཡིན་ལ་དུད་ཁྱིམ༢༣ལས་མེད། གསར་འགོད་པ་ཁོའི་ཁྱིམ་ལ་བསླེབས་དུས་ཕ་མ་གཉིས་ཟི་ལིང་དུ་བུད་སོང་ནའང་སྡེ་མི་རྣམས་དེར་འདུས་ནས་ཟང་ཟིང་ལང་ལོང་བྱེད་ཀྱིན་འདུག

ངས་ཁོའི་ཨ་ཁུ་ནོར་བུ་ལ་དེའི་སྐོར་གླེང་དུས། ཁོས“བཀྲ་ཤིས་ནི་བྱིས་པ་རིག་ཡག་ཅིག་ཡིན། སློབ་སྦྱོང་ལ་ཧ་ཅང་བཟང་མོད། འོན་ཀྱང་ཁྱིམ་ཚང་ལ་དཀའ་ཁག་ཆེ་བས་སློབ་ཆུང་ནས་མཐར་ཕྱིན་རྗེས་སློབ་མཚམས་བསྐྱུར་ནས་ཡུལ་དུ་ལས་ཀ་མི་ལས་ཐབས་མེད་བྱུང”ཟེར།

སྡེ་མི་རྣམས་ཀྱིས་གཅིག་ཁ་གཅིག་གིས་ཕྲོགས་ཏེ་གསར་འགོད་པར་བཀྲ་ཤིས་ཀྱི་ཡ་རབས་སྤྱོད་བཟང་གི་མི་གཤིས་གླེང་མགོ་བརྩམས། ན་ནིང་དབྱར་ཁར་སྡེ་བའི་གྲམ་པའི་ནང་ཆུ་ལོག་བྱུང་བས་ཁྱིམ་ཚང་ཞིག་གི་ལུག༥ཆུས་ཁུར། བཀྲ་ཤིས་ཀྱིས་དེ་མཐོང་ནས་ཐེ་ཚོམ་མེད་པར་ཆུ་ནང་དུ་ལྡིང་ཞིང་ལུག༢སྐྱོབ་ཐབས་བྱས། ཡང་ཐེངས་མང་པོར་སྡེ་བའི་ནང་གི་ཞིང་ལ་ཆུ་གཏོང་བའི་ལྕགས་སྦུག་ཆུ་ལོག་གིས་ཁུར་བ་ཆུ་ཁར་བླངས། ཁོ་ཆུ་ལ་རྐྱལ་མི་ཤེས་ནའང་ཡར་འགྲོ་མར་འགྲོ་བྱེད་དུས་ཆུ་ལ་བརྒལ་དགོས་པ་དང་དེའི་ཁར་སྤོབས་པ་ཅུང་ཆེ་བས་ཆུ་ལ་དེ་འདྲ་མི་སྐྲག སྡེ་བའི་ནང་གི་རྒན་པ་ཚོས་བཤད་རྒྱུར། བཀྲ་ཤིས་ནི་ཁ་ལེན་ཚིག་རྩི་བྱེད་པའི་བྱིས་པ་ཡ་རབས་ཤིག་ཡིན། སུ་ཚང་ལ་རོགས་བྱ་རྒྱུ་ཡོད་ན་ཁོ་དེ་ཚང་ལ་རང་འགུལ་གྱིས་ཐོན་ཡོང༌། ང་ཚོ་ཚང་མར་ལས་ཀ་ཅི་ཞིག་ལས་དགོས་ཀྱང་ཁོ་ལ་ཡིད་ཆེས་ཧ་ཅང་ཡོད།

སྡེ་བའི་ཧྲེ་ཀྲང་འཕགས་མོས་བཤད་རྒྱུར། བཀྲ་ཤིས་ནི་བྱིས་པ་ཡ་རབས་ཤིག་ཡིན། སྡེ་མི་རྣམས་ཀྱིས་ཁོ་གློ་བུར་དུ་མེད་སོང་བ་གོ་རྗེས་སེམས་སྡུག་བྱེད་ཀྱིན་འདུག ཡིན་ནའང་ཕྱོགས་ཆེ་ས་ནས་འདང་བརྒྱབ་ན་གཞན་གྱི་བྱིས་པ་ཞིག་སྐྱོབ་ཆེད་རང་སྲོག་ཕུལ་བ་ནི་ང་ཚོ་སྡེ་བའི་གཟི་བརྗིད་ཅིག་ཀྱང་རེད།

བཀྲ་ཤིས་ཀྱི་ནུ་བོ་བསམ་འགྲུབ་ཀྱིས་གདོང་ལ་སྐྱོ་ཉམས་ཤིག་ཤར་ཏེ“ངེད་ཚང་ལ་སྤུན་བཞི་ཡོད། ཁོ་ནི་ངའི་ཕུ་བོ་གཉིས་པ་ཡིན། ཕུ་བོ་དུས་རྒྱུན་དུ་ང་ལ་ཧ་ཅང་བཟང༌། ཁོའི་ལག་ཏུ་སྒོར་མོ་རེ་གཉིས་ཙམ་ལས་མེད་ནའང་ང་ལ་ཀ་ར་དང་སྟབས་བདེ་ཐུག་པ་སོགས་ཉོས་ཡོང༌། ཁ་སང་ཁོ་དང་སྡེ་བའི་ནང་གི་གསར་བུ་ཚོ་མཉམ་དུ་ཟི་ལིང་ལ་ཞོར་ལ་སུ་སོང་བ་རེད། སྒོར་མོ་ཁ་ཤས་བཙལ་རྗེས་ཕྱིར་ཡོང་ནས་འདྲུད་འཐེན་འཁོར་ལོ་ཞིག་ཉོ་རྩིས་ཡོད། ཡིན་ནའང་ཕུ་བོ་ཁོ་རང་་་་་་་”ཞེས་མིད་པ་འཆུས་ཤིང་མིག་ཆུ་བཞུར་ཏེ་བཤད་མཚམས་ཆད་སོང༌། བཀྲ་ཤིས་ཀྱི་ཁྱིམ་ནས་སྡེ་འདབས་ཀྱི་ཆུ་བོ་དེ་བརྒལ་ཅིང་ཀྱག་ཀྱོག་གི་རི་ལམ་ཞིག་དེད་ནས་སོང་ཚེ། སྡེ་བའི་སློབ་ཆུང་ནི་རི་སྐེད་ཀྱི་ངོས་ཅུང་སྙོམས་ས་ཞིག་ཏུ་ཆགས་ཡོད། ཁོ་རང་སློབ་ཆུང་འགྲིམ་སྐབས་ཉིན་རྒྱུན་ལམ་འདི་བརྒྱུད་ནས་སློབ་གྲྭར་སོང་ཞིང་ཁྱིམ་དུ་ལོག་པ་རེད།

ཚེ་རིང་ནི་བཀྲ་ཤིས་སློབ་ཆུང་འགྲིམ་སྐབས་ཀྱི་འཛིན་གྲྭའི་ཀྲུའུ་རིན་ཡིན་ལ། ད་ལྟ་སློབ་ཆུང་དེའི་སློབ་གཙོའི་འགན་འཁུར་འདུག བཀྲ་ཤིས་སློབ་ཆུང་འགྲིམ་སྐབས་ཀྱི་གནས་ཚུལ་གླེང་དུས་ཁོས་བསམ་བློ་བག་ཙམ་བཏང་རྗེས་གསར་འགོད་པར་འདི་ལྟར་གླེང་བྱུང༌། ༡༩༩༢ལོའི་ཟླ༩བར། ལ༧ལ་བུད་པའི་བཀྲ་ཤིས་སློབ་ཆུང་དུ་ཞུགས་པ་རེད། ལམ་ཐག་རིང་བ་དང་ལམ་དེ་འདྲ་མི་བཟང་བས་ཁོ་རང་ཞོགས་པའི་ཆུ་ཚོད༧སྟེང་སློབ་གྲྭར་འགྲོ་དགོས་པ་དང༌། མཚམས་རེར་ཆར་བབས་ནའང་ཁོས་ཐབས་བརྒྱ་ཇུས་སྟོང་གིས་ཆུར་བརྒལ་ནས་སློབ་གྲྭར་ཡོང་བ་ལས་སློབ་ཞོལ་ཐེངས་གཅིག་ཀྱང་བྱས་མ་མྱོང༌།

དོན་བྱ་གཅིག་ནི་དགེ་རྒན་ཚེ་རིང་གིས་ནམ་ཡང་བརྗེད་ཀྱིན་མི་འདུག “དེ་ནི་བཀྲ་ཤིས་སློབ་ཆུང་གི་ལོ་རིམ་གཉིས་པའི་སྐབས་ཡིན། ཉིན་ཞིག་ཁོས་ལམ་བར་དུ་སྒོར་ཟུར༣རྙེད་པས། སློབ་གྲྭར་ཐོན་མ་ཐག་ང་ལ་སྤྲད”ཟེར། སྒོར་ཟུར༣ཡིན་ནའང་དཀའ་ཁག་ཆེ་བའི་ཁྱིམ་ཚང་ཞིག་ལ་མཚོན་ན་དེའང་ཧ་ཅང་གལ་ཆེན་ཞིག་ཡིན། བཀྲ་ཤིས་ཀྱི་ཡ་རབས་སྤྱོད་བཟང་གི་གཤིས་རྒྱུད་ནི་ཆུང་དུས་ནས་གོམས་པ་ཡིན་པས་དོན་ཆུང་དེས་ཀྱང་དགེ་རྒན་ཚེ་རིང་ལ་བག་ཆགས་ཟབ་མོ་བཞག་པ་རེད།

བཀྲ་ཤིས་ཀྱི་སློབ་སྦྱོང་གི་གྲུབ་འབྲས་ཧ་ཅང་བཟང༌། སློབ་རིམ་གཉིས་པའི་སྐབས་སུ་ན་ཆུང་གདོང་ལེན་རུ་ཁག་ནང་ཞུགས་པ་དང༌། སློབ་རིམ་གསུམ་པའི་སྐབས་ནས་བཟུང“གསུམ་བཟང་སློབ་མར”བདམས། སློབ་གྲོགས་ནོར་བུ་འཚོ་དང་ཁོ་གཉིས་རུ་ཁག་གཅིག་གི་ཡིན། དགུན་ཁར་ནོར་བུ་འཚོའི་རྐང་ལག་རྒྱུན་དུ་ཙག་གིས་ཕྱིད་དེ་འགྲོ་མི་ཐུབ། བཀྲ་ཤིས་ཀྱིས་ཐེངས་མང་པོར་ནོར་བུ་འཚོ་ཁུར་ནས་སློབ་གྲྭར་ཡོང་བ་རེད།

༡༩༩༥ལོའི་དབྱར་ཁའི་ཉིན་ཞིག་ཆུ་ལོག་ཆེན་པོ་བྱུང་བས་སློབ་མ་ཞིག་གི་ལྷམ་ཆུ་ལོག་གིས་ཁུར། སློབ་མ་དེས་ཆུ་ལོག་ནང་ཁུར་ནས་འགྲོ་བཞིན་པའི་རང་གི་ལྷམ་ལ་བལྟས་ནས་ངུ་འབོད་བྱས་པར། བཀྲ་ཤིས་ཀྱིས་ཐབས་བརྒྱ་ཇུས་སྟོང་སྤྱད་དེ་ལྷམ་ཆུ་ཁར་ལེན་ཐབས་བྱས། ཞིང་པའི་བྱིས་པ་ཞིག་ལ་མཚོན་ནས་བཤད་ན་ལྷམ་ཞིག་གི་རིན་ཐང་ནི་ང་ཚོས་བློ་ཡུལ་དུ་ཤོང་དཀའ་བ་ཡིན། དགེ་རྒན་ཚེ་རིང་གི་བག་ཆགས་ཁྲོད་བཀྲ་ཤིས་ནི་ངལ་རྩོལ་ལ་དགའ་བ་དང༌། སློབ་སྦྱོང་ལ་དགའ་བ། དགེ་རྒན་ལ་བརྩི་བཀུར་དང་སློབ་གྲོགས་བར་མཐུན་སྒྲིལ་བྱེད་པའི་བྱིས་པ་ཡ་རབས་ཤིག་ཡིན།

བཀྲ་ཤིས་བུད་སོང༌། ཡིན་ནའང་ཁོས་རང་སྲོག་དོར་ནས་གཞན་སྲོག་བསྐྱབས་པའི་དཔའ་བོའི་བྱས་རྗེས་ནམ་ཡང་ང་ཚོའི་སེམས་ཁོང་དུ་གནས་ཤིང༌། ཁོའི་ཡ་རབས་སྤྱོད་བཟང་གིས་དེང་རབས་ན་གཞོན་གྱི་བདེན་མཐོང་དཔའ་སྐྱེད་དང་བླ་ན་མེད་པའི་སྙིང་སྟོབས་མཚོན་པ་མ་ཟད། མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཡང་མཚོན་པ་རེད། འདི་ནི་དེང་རབས་ན་གཞོན་གྱིས་སློབ་སྦྱོང་བྱ་བའི་མིག་དཔེ་དང༌། མི་རིགས་སོ་སོའི་བར་ཁ་འབྲལ་ཐབས་མེད་པའི་དཔེ་མཚོན་གསོན་པོ་ཞིག་ཀྱང་རེད།

གོང་གི་རྒྱས་འཕྲིན་འདི«སྐར་ཆེན་ཚགས་པར»སྟེང་སྤེལ་བའི་རྗེས་སུ། བདག་གི་སེམས་པ་ནི་འགལ་འདུའི་གཡང་དུ་ལྷུང་སོང༌། གལ་ཏེ་ཕྱི་མའི་ཡུལ་ནས་བཀྲ་ཤིས་ཀྱིས་བདག་གི་རྒྱས་འཕྲིན་འདི་མཐོང་ཐུབ་ཚེ། ཁོས་བདག་ལ་བསྟོད་པའི་མཐེ་བོང་སྒྲེང་ངམ། ཡང་ན་དམོད་པའི་མཆིལ་ཞགས་འཕེན་སྲིད། དེ་ནི་འཇིག་རྟེན་མི་ཡུལ་དུ་འཚོ་བའི་གང་ཟག་སུས་ཀྱང་མཁྱེན་ག་ལ་སྲིད། གང་ལྟར། བདག་གི་བྲིས་པའི་རྒྱས་འཕྲིན་ལ་དགའ་རྟགས་རབས་དང་རིམ་པ་ཐོབ་པ་ནི་དོན་དངོས་ཡིན། ངས་དགའ་རྟགས་སུ་བྱིན་པའི་སྒོར་གྱིས་ལྦུ་རག་ཧབ་ཀྱིས་འཐུང་ཐེངས་རེར་ནམ་ཡང་བཀྲ་ཤིས་ཞེས་པའི་སློབ་གྲོགས་དེ་ཡང་ཡང་དྲན་འོངས།

ངས་ད་དུང་གསལ་བོར་དྲན་བཞིན་འདུག་སྟེ། ཟླ༦པའི་ཚེས༡༦ཉིན་གྱི་ཞོགས་པར། ང་རང་གཞུང་ནས་བཀོད་སྒྲིག་བྱས་པའི་རླངས་འཁོར་དུ་བསྡད་དེ་ཕ་ཡུལ་ཕྱོགས་སུ་བཅར་འདྲིར་ཕྱིན་པ་ཡིན། ངའི་འགྲོ་རོགས་ལ་ད་དུང་སྡེ་ཁག་གཞན་པའི་རྒྱ་རིགས་གསར་འགོད་པ་ཁ་ཤས་ཀྱང་ཡོད། ལམ་དུ་ངས་བཀྲ་ཤིས་ཀྱི་ཨ་ཁུ་ནོར་བུ་ལ་ཁ་པར་བཏང་སྟེ། “ཁྱིམ་དུ་དེང་རབས་ཀྱི་ཁྱིམ་ཆས་གསར་བའམ་དངོས་པོ་རྩ་ཆེན་རེ་ཡོད་ཚེ་སྦས་ན་བཟང༌། ཁྱིམ་ཚང་དབུལ་བོ་ཞིག་གི་རྣམ་པར་བསྒྱུར་ན་སྒོར་མོ་མང་ཙམ་རེག་ཐུབ་ཀྱང་སྲིད”ཅེས་ཁོག་གཏམ་བཤད། ངའི་སེམས་སུ་མི་ནི་ཤི་ཚར་བས་སྒོར་མོ་འགའ་རེ་ལོན་ན་ཡང་ཧ་ཅང་བཟང་སྙམ་པ་ཡིན།

གསར་འགྱུར་གྱི་ནུས་པ་ལ་ང་རང་ཡིད་ཆེས་ཤིན་ཏུ་ཡོད་དེ། བཟང་བོ་ཞིག་ངན་པར་བསྒྱུར་འདོད་ན་སླ་མོ་ཡིན་ལ། ངན་པ་ཞིག་བཟང་བོར་བསྒྱུར་འདོད་ནའང་སླ་མོ་ཡིན།

ང་ཚོ་སྡེ་འདབས་ཀྱི་གྲམ་ཆུ་བརྒལ་ནས་བཀྲ་ཤིས་ཚང་གི་སྒོ་ཁར་བསླེབས་དུས་མི་མང་པོ་དེར་རུབ་འདུག་ལ། བཀྲ་ཤིས་ཀྱི་ཕ་མ་གཉིས་ཀ་སྔོན་དགོང་མོར་ཟི་ལིང་དུ་བེམ་པོར་མཇལ་དུ་སོང་ཟིན་པས། ཁོ་ཚང་དུ་ཁྱིམ་བདག་གི་ཚབ་ཏུ་ཨ་ཁུ་ནོར་བུ་བསྡད་འདུག ནམ་རྒྱུན་ཕ་ཡུལ་དུ་ལོག་ཐེངས་རེར་ཁོ་ཚང་གི་སྒོ་ཁར་མཐོང་ཐུབ་པའི་འདྲུད་འཐེན་འཁོར་ལོ་ཆག་པོ་དེ་ཡང་མི་མཐོང་ལ། ཁྱིམ་དུ་དངོས་གནས་འགྲོ་འཆག་ཉལ་འདུག་ལ་མཁོ་བའི་དངོས་པོ་རྩག་རྩིག་དག་ལས་གཞན་རྣམས་སྔར་ནས་སྦས་ཟིན། གསར་འགོད་པ་ཚོས་བཅར་འདྲི་བྱེད་དུས་ཨ་ཁུ་ནོར་བུས་མེད་མུག་འདོན་ཐུབ་ཐུབ་བྱེད་ཅིང༌། ངས་ཀྱང་ལོ་ཙ་བྱེད་དུས་གཅིག་ཁར་གཉིས་བསྣན་ནས་ཁོ་ཚང་གི་དཀའ་ཁག་གི་གནས་བབ་ཚབས་ཆེན་དུ་བསྒྱུར་ཅི་ཐུབ་བྱས་པ་ཡིན།

ད་ལྟ་ཕྱིར་ལྟ་བྱེད་དུས། ངས་སློབ་གྲོགས་བཀྲ་ཤིས་དང་གོང་གི་རང་གིས་རྒྱས་འཕྲིན་དུ་བྲིས་པའི་ཡ་རབས་སྤྱོད་བཟང་གི་དཔའ་བོ་བཀྲ་ཤིས་གཉིས་ཀྱི་བར་ལ་མཚུངས་རྟགས་ཅིས་ཀྱང་བརྒྱག་ཐབས་བྲལ། བཀྲ་ཤིས་གཉིས་ཀྱི་བར་ནས་ང་རང་ཧད་དེ་ཡུན་རིང་ལུས། དོན་དམ་དུ་བཀྲ་ཤིས་ནི་དཔའ་བོ་ཞིག་ཡིན་ནམ། བཀྲ་ཤིས་ནི་དཔའ་བོ་ཡིན་མི་སྲིད། ངས་བཀྲ་ཤིས་ལ་དཔའ་བོ་ཞེས་པའི་བདེན་ཁ་རྩ་ནས་སྟེར་མི་འདོད། ཨ─ ང་འདིས་ཅི་ཟེར། བཀྲ་ཤིས་ནི་དཔའ་བོ་ཡིན། བཀྲ་ཤིས་ནི་དཔའ་བོ་ལོས་ཡིན། བཀྲ་ཤིས་ཀྱི་དཔའ་བོའི་མཛད་རྗེས་ལ་ཞིང་ཆེན་རིམ་པའི་མགོ་ཁྲིད་དག་གིས་ཀྱང་སློབ་སྦྱོང་བྱེད་བཞིན་པ་མ་ཡིན་ནམ།

སྐབས་དེར་ངས་བཀྲ་ཤིས་ཀྱི་གཏམ་རྒྱུད་གཞན་ཞིག་དྲན་བྱུང༌། དེ་ནི་ང་རང་སློབ་རིམ་བཞི་པའི་སྐབས་ཡིན། ང་ནི་ང་ཚོའི་འཛིན་གྲྭའི་ནང་ལོ་ན་ཆེས་ཆུང་ཞིང་གཟུགས་བོངས་ཀྱང་ཤིན་ཏུ་ཆུང༌། དེ་བས་འཛིན་གྲྭའི་སློབ་གྲོགས་ཕོ་མོ་ཀུན་གྱིས་ང་ནི་གླ་པ་ལྟར་བཀོལ་ཞིང༌། རྒྱུན་དུ་བརྙས་བཅོས་ཅི་འདོད་དུ་བྱེད། དེ་འདྲ་ཡིན་ཀྱང་ང་རང་ཁོ་ཚོར་སྐྲག་ནས་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་ཕོད། ཉིན་ཞིག་འཇིགས་མེད་ཀྱིས་བདག་གི་དཔེ་ཆའི་སྟེང་དུ་སྣག་ཚ་བླུགས་ནས་དཔེ་ཆ་ནི་ནག་པོ་ནག་རྐྱང་བསྒྱུར་པས། ང་རང་ངུ་བཞིན་དུ་འཇིགས་མེད་ལ“ཁྱོད་ཀྱིས་ངའི་དཔེ་ཆའི་སྟེང་དུ་སྣག་ཚ་བླུགས་པས་ངས་དགེ་རྒན་ལ་གཏུག་བཤེར་བྱ་རྒྱུ་ཡིན”ཞེས་བཤད་པ་ན། ཁོས་ངའི་དཔེ་ཆའི་སྟེང་དུ་སྣག་ཚ་བླུགས་པ་མིན་པར་ངས་ཁོའི་དཔེ་ཆའི་སྟེང་དུ་སྣག་ཚ་བླུགས་པ་དང་འདྲ་བར་འཇིགས་མེད་སྤོ་མཛོ་འདྲ་བ་ཞིག་ལངས་ཏེ། “སྐྱག་ཕྲུག་ཁྱོད་ཀྱིས་ཅི་ཟེར”ཞེས་ང་ལ་ཁུ་ཚུར་སྟོན་བཞིན“ཁྱོད་ལ་ལྔ་སྐྲངས་དྲུག་འབུར་དགོས་སམ”ཟེར།

ངས་མུ་མཐུད་དུ་འཇིགས་མེད་ལ་ཅི་ཡང་ཟེར་མ་ཕོད་པར་ངུ་བཞིན་སྡོད་སྐབས། བཀྲ་ཤིས་ཡོང་ནས་འཇིགས་མེད་ཀྱི་མཐོང་གར་འཇུས་ཏེ“འཇིགས་མེད་ཁ་རྐོ་ཁྱོད་ཀྱིས་ཅི་ཟེར། མི་ལ་བརྙས་བཅོས་བྱེད་ནའང་དེ་འདྲའི་བརྙས་བཅོས་བྱེད་སྲོལ་ཞིག་ཡོད་དམ། ཁྱོད་ཀྱིས་ཉི་མར་ལྔ་སྐྲངས་དྲུག་འབུར་མ་བྱིན་གོང་ངས་ཁྱོད་ལ་ལྔ་སྐྲངས་དྲུག་འབུར་སྟེར”ཞེས་བཤད་པ་ན། ང་འཇིགས་མེད་ལ་སྐྲག་པ་བཞིན་འཇིགས་མེད་ནི་བཀྲ་ཤིས་ལ་སྐྲག་ནས“བཀྲ་ཤིས་ལོ་ལོ། བཀྲ་ཤིས་ལོ་ལོ”ཞེས་ལག་པས་མ་ནེ་འཐེན་ཞོར་ཞུ་བ་བྱེད།

ཁོས་མུ་མཐུད་དུ“ལྔ་སྐྲངས་དྲུག་འབུར་མི་དགོས་ན། རང་གི་དཔེ་ཆ་ཉི་མར་སྟེར་རོགས”ཟེར། བཀྲ་ཤིས་ཀྱི་སྐད་ཆ་དེ་གོ་བས་ང་ནི་དགའ་སྟེ་ཅི་ཞིག་བྱ་དགོས་པའང་མི་ཤེས་པར་གྱུར། ད་ལྟ་ཕྱིར་འདང་བརྒྱབ་ཀྱང་ང་རང་དེ་འདྲ་ཞིག་ད་རག་བར་དུ་དགའ་མ་མྱོང་བ་འདྲ། རྗེས་སུ་ང་རང་རིམ་པ་བཞིན་སློབ་གྲྭར་འགྲིམས་པས། བཀྲ་ཤིས་ལ་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཆེར་མ་བྱུང༌།

ཕྱིར་དྲན་གྱི་མཚམས་དེར་བསླེབས་དུས། ངའི་སེམས་པར་བཀྲ་ཤིས་ནི་དངོས་གནས་དཔའ་བོ་ཞིག་ཡིན་སྣང་སྐྱེས་ཤིང༌། ཁ་ནས་ཚམ་ཚོམ་མེད་པར “དཔའ་བོ་བཀྲ་ཤིས་ལ་སློབ་སྦྱོང་བྱེད”ཅེས་ཤོར་སོང། ན་ནིང་ལོ་གསར་སྐབས་སུ་ང་རང་ཕ་ཡུལ་དུ་ལོག་ཅིང༌། རྒྱ་ལོ་ཚེས་གཉིས་ཉིན་གྱི་ཞོགས་པར་དགེ་རྒན་ཚེ་རིང་ལ་ལོ་གསར་འཚམ་འདྲིར་ཕྱིན་པ་ཡིན། དགེ་རྒན་ཚེ་རིང་ནི་དགའ་སྟེ“ཤོག་ཤོག ནང་དུ་ཤོག”ཅེས་ང་རང་ཁོ་ཚང་གི་འགྲུལ་ཁང་དུ་དྲངས། ཁོས་ང་རང་ཚ་ཐབ་སྟེང་འབུད་དུ་བཅུག་རྗེས་བྱ་བའི་སྐོར་གྱི་གནས་ཚུལ་དྲིས་ཤིང༌། “ད་དུང་དགེ་རྒན་བརྗེད་མེད་པ་ནི་ཁྱོད་གཅིག་པུ་རེད། ཡ་ཇ་ཐུངས”ཞེས་བཤད་ཞོར་ལུག་གི་ཚང་ར་ཞིག་བདག་གི་ལག་ཏུ་གཏད། ངས་ཀྱང་ཅི་མི་སྙམ་པར་ཤ་ཟ་བཞིན་དགེ་རྒན་ཚེ་རིང་ལ་ཡར་མར་གྱི་ཁ་བརྡ་བྱས། ངེད་གཉིས་ཀྱིས་ཁ་བརྡ་བྱེད་ཀྱིན་བྱེད་ཀྱིན་གླེང་གཞི་ངང་ངམ་ཤུགས་ཀྱིས་བཀྲ་ཤིས་ཀྱི་སྟེང་དུ་བབས་བྱུང༌།

“བཀྲ་ཤིས་ཀྱིས་ནོར་བུ་འཚོ་ཁུར་ནས་སློབ་གྲྭར་ཡོང་བ་རེད་ཅེས་པ་དེ་བདེན་ནམ།” “རྫུན་ཡིན།” “དེས་ན་བཀྲ་ཤིས་ཀྱིས་སྒོར་ཟུར་གསུམ་རྙེད་ནས་ཁྱོད་ལ་བྱིན་ཟེར་བ་བདེན་ནམ།” “རྫུན་ཡིན།” “བཀྲ་ཤིས་ཀྱིས་སློབ་གྲོགས་ཤིག་གི་ལྷམ་ཆུས་ཁུར་བ་ཆུ་ཁར་བླངས་ཟེར་བ་བདེན་ནམ།” དགེ་རྒན་ཚེ་རིང་དགོད་ཀྱིན“དེ་ཡང་རྫུན་ཡིན།”ཟེར། “ཨ─” དགེ་རྒན་ཚེ་རིང་གིས་ང་རང་ཧ་ལས་པའི་ཉམས་ལ་བལྟས་ནས“ཡོད་ཚད་རྫོང་སློབ་གསོ་ཅུས་ཀྱི་ཝང་ཅུས་ཀྲང་གི་བཀའ་ལྟར་རྫུན་གཏམ་པ་ཡིན”ཟེར།

རྗེས་སུ་ང་རང་སྟོབས་ལྡན་ལ་འཕྲད་དུས་ངས་ཁོ་ལ་བཀྲ་ཤིས་ཀྱི་གནས་ཚུལ་དྲིས་པ་ཡིན། སྟོབས་ལྡན་གྱིས་ང་ལ་གཤམ་གྱི་སྐད་ཆ་འདི་བཤད་བྱུང༌། ཤི་བོས་བླ་བསྒུལ་བ་མིན་མོད། ཉིན་དེར་འཇིགས་མེད་དང་བཀྲ་ཤིས་སོགས་ང་ཚོ་གློག་འདོན་བཟོ་གྲྭ་དེ་བརྒྱུད་ནས་འགྲོ་སྐབས། བྱིས་པ་ཞིག་ཆུ་ནང་དུ་ལྷུང་ནས་འཕག་འཚག་རྒྱག་གིན་འདུག སྐབས་དེར་ངས་འཇིགས་མེད་དང་བཀྲ་ཤིས་གཉིས་ལ་ང་ཚོ་ཆུ་ནང་དུ་ལྡིང་ནས་བྱིས་པ་དེ་སྐྱོབ་པའི་གྲོས་གཞི་བཏོན་པ་ན། འཇིགས་མེད་ཀྱིས་ཅི་ཡང་མི་ཟེར་མོད། བཀྲ་ཤིས་ཀྱིས“སྐྱོབ་འདོད་ན་རང་གིས་སྐྱོབ། ངས་སྐྱོབ་མི་ཐུབ”ཟེར། སྐབས་དེར་བྱིས་པ་དེས་ང་ཚོ་མཐོང་བས“སྲོག་སྐྱོབ་རོགས། སྲོག་སྐྱོབ་རོགས”ཞེས་ངུ་འབོད་བྱེད་ཀྱིན་འདུག

ངས་ཁོ་གཉིས་ལ་མུ་མཐུད་དུ་ཅི་ཡང་མ་བཤད་པར་ཐད་ཀར་ཆུ་ནང་དུ་ལྡིང་བ་ཡིན། ང་ཡང་བཟང་ན་ངན་ན་དཀོན་མཆོག་གསུམ་ལ་དད་པ་བྱེད་མཁན་ཞིག་ཡིན། བལྟས་བལྟས་ལ་བྱིས་པ་དེ་ཤི་རུ་འཇུག་མི་འདོད། ང་ཆུ་ནང་དུ་ལྡིང་བ་མཐོང་བས་འཇིགས་མེད་དང་བཀྲ་ཤིས་གཉིས་ཀ་ཡང་ཚམ་ཚོམ་མེད་པར་ལྡིང་བྱུང༌། ཡིན་ཀྱང་བྱིས་པ་ནི་ངས་བསྐྱབས་པ་ཡིན། ཁྱོད་ཀྱིས་རིག་ཡོད་ནའང་ཐང༌། ཆུ་རྐ་དེ་ནི་ཤིན་ཏུ་གཏིང༌། བཀྲ་ཤིས་ལྡིང་ཐེངས་གཅིག་གིས་ཆུ་ནང་དུ་ནུབ་སོང༌། ཁོས་ཐ་ན་བྱིས་པ་དེའི་ལག་མགོར་རེག་ཙམ་ཡང་བྱ་མ་ཐུབ། འཇིགས་མེད་དང་ངེད་གཉིས་ཀྱིས་བྱིས་པ་དེ་ཆུ་ཁར་བླངས་ནས་ཁ་ཕྱིར་འཁོར་དུས། བཀྲ་ཤིས་ཆུ་ཁར་གཡེང་ཙམ་བྱས་ནའང་སླར་ཡང་ཆུ་ནང་དུ་ཐིམ་སོང༌།

ང་སླར་ཡང་ཆུ་ལ་རྐྱལ་ནས་བཀྲ་ཤིས་སྐྱོབ་ཏུ་འགྲོ་དུས། བཀྲ་ཤིས་ཆུས་ཁུར་ཟིན་པ་འདྲ། ངས་ཡར་མར་དུ་བལྟས་ཀྱང༌། ཆུ་རྙོག་པ་ཡིན་པས་ཅི་ཡང་མཐོང་མི་ཐུབ། སྐབས་དེར་མི་མང་པོ་ཆུ་ཁར་རུབ་འདུག ངས་མི་ཚོགས་ལ་ཕྱོགས་ནས“བཀྲ་ཤིས་སྐྱོབ་རོགས”ཞེས་སྐད་ལ་བརྒྱབ་ནས་བོས་ཀྱང༌། མི་རྣམས་ཀྱིས་རིག་རིག་ངང་ཆུ་ནང་དུ་ལྟ་བ་ལས་ཆུ་ནང་དུ་ལྡིང་ནས་བཀྲ་ཤིས་སྐྱོབ་མཁན་གཅིག་ཀྱང་མི་འདུག ང་ནི་ཐབས་ཟད་དེ་ངུ་འབོད་བྱེད་ཀྱིན“ཨ་མྱེས་ཡུལ་ལྷ”ཞེས་བོས་ཀྱང༌། ཨ་མྱེས་ཡུལ་ལྷས་ཀྱང་བཀྲ་ཤིས་སྐྱོབ་མ་ཐུབ། རྗེས་སུ་མེ་གསོད་རུ་ཁག་གི་དམག་ཡོང་ནས་བཀྲ་ཤིས་ཀྱི་བེམ་པོ་ཆུ་ཁར་བླངས་པ་རེད། ང་ནི་སྐྲག་སྟེ་བཀྲ་ཤིས་ཀྱི་ངོ་ལ་ལྟ་ཡག་ཅིག་ཀྱང་བྱ་མ་ཐུབ།

རྗེས་སུ་རྒྱལ་ཁབ་ཀྱིས་བཀྲ་ཤིས་ནི་དཔའ་བོ་ཡིན་ཞེས་བསྒྲགས་ཤིང༌། ཁོ་ཚང་ལ་སྒོར་མོ་མང་པོ་བྱིན་པ་རེད། ང་ལ་སྐར་ལི་གང་ཡང་མ་བྱིན། སྒོར་མོ་མ་བྱིན་ན་མ་བྱིན། བྱིས་པ་དེ་ངས་བསྐྱབས་ཀྱང་ཁོ་ཚོས་བཀྲ་ཤིས་ཀྱིས་བསྐྱབས་པ་རེད་ཅེས་སྒྲོག་པ་ལས་ངའི་མིང་ཙམ་ཡང་མ་གླེང༌། ད་དུང་གོང་རིམ་ནས་ང་ལ་རྫུན་ལུང་བ་གང་བསྒྲིག་ཏུ་བཅུག གནས་ཚུལ་ངོ་མ་བཤད་ན་དེ་འདྲ་རེད། ཡ། ད་ཆོག་གི ལོ་གསར་གྱི་སྐབས་ལ་དེ་དག་གླེང་ནས་ཅི་བྱེད། སྟོབས་ལྡན་གྱིས་གོང་གི་སྐད་ཆ་དེ་དབུགས་ཐེངས་གཅིག་གིས་བཤད་ཚར་རྗེས། ངའི་སེམས་པ་ཡང་བསྐྱར་འགལ་འདུའི་ཕུང་བོ་ཞིག་ཏུ་གྱུར། སྟོབས་ལྡན་གྱིས་བདེན་ཅོག་ཅོག་གིས་སྐད་ཆ་བཤད་བཞིན་པའི་གདོང་གི་རྣམ་འགྱུར་ལ་བལྟས་ནས། བདག་གི་དྲན་པ་བསམ་གཞིག་གི་གཡང་ལ་ལྕེབས་སོང༌།

ཕྱི་ཉིན་ངས་དོན་དག་དེ་བདེན་མིན་བརྡར་ཤ་ཞིག་གཅོད་ཆེད་འཇིགས་མེད་ཚང་དུ་གནས་ཚུལ་རྒྱུས་ལོན་བྱེད་དུ་སོང་བ་ཡིན། ངས་འཇིགས་མེད་ལ་བཀྲ་ཤིས་ཀྱི་སྐོར་དྲིས་པ་ན་ཁོའི་གདོང་ལ་རྣམ་རིག་ཅིག་རྒྱས་ཤིང༌། སྟོབས་ལྡན་གྱིས་བཤད་པའི་གནས་ཚུལ་དང་མི་འདྲ་བའི་གནས་ཚུལ་གཞན་ཞིག་འདི་ལྟར་གླེང་བྱུང༌།

ཉིན་དེར་ང་ཚོ་གློག་འདོན་བཟོ་གྲྭ་དེ་བརྒྱུད་ནས་འགྲོ་སྐབས་བྱིས་པ་ཞིག་གིས་ཆུ་རྐའི་ནང་དུ“སྲོག་སྐྱོབ་རོགས། སྲོག་སྐྱོབ་རོགས”ཞེས་ངུ་འབོད་བྱེད་ཀྱིན་འདུག རྣམ་པ་དེ་མཐོང་བས་ངས་སྟོབས་ལྡན་དང་བཀྲ་ཤིས་གཉིས་ལ“བྱིས་པ་ཞིག་ཆུ་ནང་དུ་ལྷུང་འདུག ང་ཚོ་བྱིས་པ་གན་སྐྱོབ་ཏུ་འགྲོ་ཡ”ཞེས་བཤད་པ་ན། སྟོབས་ལྡན་དང་བཀྲ་ཤིས་གཉིས་ཀྱིས“བྱིས་པ་གན་བསྐྱབས་ནས་ང་ཚོ་ཆུས་འཁུར་སོང་ན་ཅི་བྱ། ཁྱོད་ཆུ་ལ་མི་སྐྲག་ན་ངེད་གཉིས་ཆུ་ལ་སྐྲག སྐྱོབ་འདོད་ན་རང་གིས་སྐྱོབ”ཟེར། ཁྱི་སྐྱག་ཟེར་བ་ནི་དངོས་གནས་ཁོ་གཉིས་རེད། བྱིས་པ་དེ་བལྟས་བལྟས་ལ་ཆུ་ནང་དུ་ཐིམ་བཞིན་འདུག སྐབས་དེར་ང་རང་ལྡིང་ཐེངས་གཅིག་གིས་བྱིས་པ་དེའི་དྲང་ཐད་དུ་ལྡིང་ཞིང༌། ལག་པ་ཕར་གཡུག་ཚུར་གཡུག་བྱས་པ་ན་སྟབས་ལེགས་པ་ཞིག་ལ་བྱིས་པ་དེའི་ལག་པ་ལག་ཏུ་ཟིན་བྱུང༌།

ངས་སྐྲག་མ་དངངས་ཀྱིས་ཤུགས་ཀྱིས་འཐེན་པ་ན་ཆུ་ནང་དུ་ནུབ་ལ་ཉེ་བའི་བྱིས་པ་དེ་ཆུ་ཁར་འཐེན་བྱུང༌། སྐབས་དེར་སྟོབས་ལྡན་ཡང་ཆུ་རྐའི་ནང་དུ་ལྡིང་འདུག ཁོའི་ལག་པ་ཚུར་བསྲིངས་པས་ང་རང་ཁོའི་ལག་མགོར་འཇུས་ཤིང་བྱིས་པ་དེ་རྗེས་སུ་འཐེན་པ་ཡིན། ངེད་གཉིས་ཆུ་ཁར་བུད་རྗེས་ངས་སྟོབས་ལྡན་ལ“བཀྲ་ཤིས་གང་དུ་བུད་སོང”ཞེས་དྲིས་པ་ན། སྟོབས་ལྡན་ནི་གློ་བུར་དུ་སད་པ་བཞིན། “བཀྲ་ཤིས། བཀྲ་ཤིས། བཀྲ་ཤིས་ཀྱང་ཆུ་ནང་དུ་ལྡིང་སོང་བ་དང་འདྲ”ཟེར། ངེད་གཉིས་ཀྱིས་ཆུ་ནང་དུ་བལྟས་ནས་བཙལ་པ་ན་བཀྲ་ཤིས་ནི་སྔར་ནས་ཆུ་ནང་དུ་ནུབ་ཟིན་པ་འདྲ། ང་དང་སྟོབས་ལྡན་གཉིས་སླར་ཡང་ཆུ་ནང་དུ་ལྡིང་ནས་བཀྲ་ཤིས་བཙལ་པ་ན། བཀྲ་ཤིས་ཀྱི་གྲིབ་མ་ཙམ་ཡང་མི་རྙེད།

དེ་དུས་བཀྲ་ཤིས་ཆུ་ནང་དུ་ནུབ་ཟིན་པ་ཁོ་ཐག་རེད། ཆུ་རྙོག་པ་ཡིན་པའི་ཁར་ཧ་ཅང་གཏིང་བས་ང་དང་སྟོབས་ལྡན་གཉིས་ཀྱང་ཅི་བྱ་གཏོལ་མེད་དུ་ལུས། དེ་དུས་མི་མང་པོ་ཆུ་རྐའི་ཁར་རུབ་འདུག རྗེས་སུ་མེ་གསོད་རུ་ཁག་གི་དམག་ཡོང་ནས་བཀྲ་ཤིས་ཀྱི་བེམ་པོ་ཆུ་ཁར་བླངས་པ་རེད། རྒྱལ་ཁབ་ཀྱིས་ད་དུང་ངས་བསྐྱབས་པའི་བྱིས་པ་དེ་བཀྲ་ཤིས་ཀྱིས་བསྐྱབས་པ་རེད་ཅེས་བསྒྲགས་ཤིང༌། བཀྲ་ཤིས་ནི་དཔའ་བོ་རེད་ཟེར། ད་དུང་ཁོ་ཚང་ལ་སྒོར་མོ་མང་པོ་བྱིན་ནས་སེམས་གསོ་བྱས་པ་རེད། དེ་ནི་ཇི་ལྟར་བསྒྲགས་ན་བསྒྲགས། མིང་སྐམ་པོ་ཙམ་གྱིས་ཅི་བྱེད། ཡིན་ནའང་ང་ལ་སྒོར་རྡོག་ཁ་ཤས་ཅིས་ཀྱང་འབབ་བ། ཡ། ཁྱོད་ནི་རིག་གནས་པ་རེད། ཁྱོད་ཀྱིས་དྲང་མོར་ཤོད་དང༌། དཔའ་བོ་ནི་ང་རེད་དམ་བཀྲ་ཤིས་རེད།

འཇིགས་མེད་ཀྱི་དྲི་བ་དེས་ང་རང་གྲག་མེད་སེ་བཏང་བྱུང༌། དོན་དམ་དུ་དཔའ་བོ་སུ་ཡིན་ནམ། སྟོབས་ལྡན་དང་འཇིགས་མེད། བཀྲ་ཤིས་གསུམ་པོ་རེས་མོས་སུ་ངའི་ཀླད་པའི་ནང་དུ་འཁོར་ནའང༌། དོན་དུ་དཔའ་བོ་སུ་ཡིན་པ་ངས་ཀྱང་ལན་འདེབས་མི་ཤེས། གང་ལྟར། བཀྲ་ཤིས་ཤི་སོང༌། དཔའ་བོ་བཀྲ་ཤིས་ཤི་སོང༌། དཔའ་བོ་བཀྲ་ཤིས་ཤི་སོང་བའི་དོན་དག་དེ༢༠༡༠ལོའི་གསར་འགྱུར་གལ་ཆེན་ཞིག་ཏུ་བརྩིས་ཤིང། ཞིང་ཆེན་གོང་འོག་ཏུ་གཙིགས་སྣང་ཆེན་པོ་བྱས་ཏེ “དཔའ་བོ་བཀྲ་ཤིས་ལ་སློབ་སྦྱོང་བྱ་དགོས”དང༌། “བདེན་མཐོང་དཔའ་སྐྱེད་ཀྱི་དཔའ་བོ་བཀྲ་ཤིས་ནི་དུས་རབས་གསར་བའི་ན་གཞོན་གྱི་མིག་དཔེ་ཡིན།” “བཀྲ་ཤིས་ནི་ནམ་ཡང་བུ་ཕྲུག་བཟང་བོ་ཡིན”ཞེས་ཁ་གཡང་སྣ་ཚོགས་ཆུ་འབབ་ཀྱི་དབྱངས་ལྟར་སྒྲོག་བཞིན་འདུག་ལ། “བདེན་མཐོང་དཔའ་བསྐྱེད་ཀྱི་དཔའ་བོ”དང༌། “མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྣ”སོགས་མཚན་སྙན་ཡང་རྣམ་པ་སྣ་ཚོགས་ཤིག་གནང་བ་རེད།

རྗེས་སུ་སྲིད་གཞུང་གིས་ད་དུང་དཔའ་བོར་དྲིན་ལན་གཟོ་ཆེད་ང་ཚོའི་སྡེ་འདབས་སུ་ཨར་འདམ་གྱི་ཟམ་ཆེན་ཞིག་འཕངས་བྱུང་ལ། ཟམ་པ་དེའི་འགྲམ་དུ་ད་དུང“དཔའ་བོའི་ཟམ་པ”ཞེས་ཡིག་འབྲུ་བཞི་བྲིས་ཡོད་པའི་རྡོ་རིང་ཞིག་ཀྱང་བསླངས་བྱུང༌། ཟམ་པ་དེ་འཕངས་པས་ང་ཚོའི་སྡེ་བར་དངོས་གནས་སྟབས་བདེ་ཆེན་པོ་བཟོས། སྡེ་མི་རྣམས་དཔའ་བོའི་ཟམ་པའི་སྟེང་ནས་ཡར་འགྲོ་མར་ཡོང་བྱེད་ཀྱིན་འདུག་ལ། བདག་ཀྱང་དཔའ་བོའི་ཟམ་པ་བརྒྱུད་ནས་ཕ་ཡུལ་དུ་ཐེངས་མང་སོང་མྱོང༌། དཔའ་བོའི་ཟམ་པ་བརྒྱུད་ནས་འགྲོ་ཐེངས་རེར་ངའི་ཡིད་ལ་བཀྲ་ཤིས་ཟེར་བའི་སློབ་གྲོགས་དེ་ཡང་ཡང་འཁོར་འོངས།

རྩོམ་པ་པོ། ཁྲི་སེམས་དཔའ།

ཡོང་ཁུངས་དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།