FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

སྐྱ་བྷའི་ཉིན་གཅིག

སྐྱ་བྷས་ཉིན་མོའི་མི་དང་མཚན་མོའི་ཁྱི་བྱས་ཏེ་གསོས་ཤིང་བསྲུང་བའི་ཁྲི་ཐོ།

༡༽ མི་ཡངས་མི་དོག་པའི་ཡུལ་ལྗོངས་འདི་ནས་ནམ་མཁར་བལྟས་ཚེ་སྤྲིན་པ་ཐར་ཐོར་ཞིག་གཡོ་འགུལ་མེད་པར་མཐོན་མཐིང་མཁའ་དབྱིངས་ན་ཧ་ཅང་ལྷོད་པོར་ཆགས་ཡོད་ལ།

ཉི་མས་གསེར་མདོག་གི་གཟི་བྱིན་བརྒྱ་ཕྲག་ཕྱོགས་བཞིར་ངོམ་བཞིན་ཤར་ཕྱོགས་ཀྱི་རི་རྩེ་ནས་ཐག་ཚད་ཅིག་ཏུ་ཐོན་འདུག་པ་སོགས་གང་ལ་བལྟས་ནའང༌། དེ་རིང་ནི་གནམ་གཤིས་དྲོ་དྲང་ཅུང་སྙོམས་པའི་ཉིན་གཅིག་ཡིན་པ་ཕལ་ཆེར་ཚོད་དཔག་བྱེད་ཐུབ། སྐྱ་བྷས་ནོར་རྣམས་དེད་ནས་ཁོ་ཚང་གི་མདུན་ཕྱོགས་ཀྱི་ལུང་ཤུར་དེའི་མདའ་རུ་འགྲོ་བཞིན་འདུག ཁོ་རང་གིས་གནམ་ངོ་ལ་ཡང་བལྟ་དང་བསྐྱར་བལྟ་བྱེད་ཀྱིན་འདུག

དངོས་གནས་ད་ལོའི་དབྱར་ཟླ་གསུམ་གྱི་རིང་ལ་དེ་རིང་གི་གནམ་ངོ་ལྟ་བུའི་མི་སེམས་སྒུལ་བ་ཞིག་ཕལ་ཆེར་བྱུང་མ་མྱོང་བ་འདྲ་ལ། འདི་ལས་ཁོ་རང་ལོ་ངོ་ཉི་ཤུའི་སྔོན་གྱི་བྱིས་དུས་ཀྱི་འཇིག་རྟེན་དེར་རང་དབང་མེད་པར་ཁྲིད། སྐྱ་བྷ་ལོ་བདུན་བརྒྱད་ཀྱི་སྟེང་ནས་ཁོ་ཚང་གི་ནོར་རྫིར་འགྲོ་དགོས་མོད་སྐབས་དེར་དེ་རིང་ལྟ་བུའི་ལྔ་བཅུ་དྲུག་ཅུའི་ཁ་གྲངས་ལོན་མིན་ཙམ་ཞིག་ལ་ཡིན་ཏེ། ནོར་ནག་སུམ་བརྒྱ་ལྔ་བཅུ་ལོངས་པ་ཞིག་ཡོད་ཕྱིར། ལུང་བ་ཆུང་ཆུང་རེ་ཉིན་སྲིབ་གང་རུང་རེ་ཡོངས་སུ་ཁེབས་འདུག་ལ་ད་དུང་དེ་རིང་གི་ཁོའི་སྔོན་གྱི་ཆུང་ཞིང་རིད་པའི་འབྲི་མོ་སྐོར་ཞིག་དང་བེའུ་དང་ཡ་རུ་ལས་ཕོ་ཟོག་གཅིག་ཀྱང་མེད་པའི་གཉོམ་ཆུང་གི་ནོར་དུམ་ཞིག་ནི་དེ་བས་ཀྱང་ག་ལ་ཡིན།

ཞོལ་རྩིད་ས་རུ་ཐུག་པའི་ཁྱུ་གཡག་དང༌། ར་རྩེ་གནམ་ལ་ཕྱོགས་པའི་གཡག་ཆེན་དང་གཡག་གསར། སྤུ་རྩེར་འོད་མདངས་འཁྱུག་པའི་མཛོ་བོ་སོགས་སྟོབས་དང་ཤ་ཤེད་རྒྱས་པའི་ནོར་ཁྱུ་ཉམས་དགའ་བ་ཞིག་ཡིན་པས་སྐྱ་བྷ་གཅིག་པུས་ནོར་རྫི་མི་ཐུབ་མོད་ཁོས་ཕ་མ་གཉིས་ལ་རོགས་བྱས་ཏེ་ནོར་རྫིར་འགྲོ་དགོས་ལ་དེ་དུས་ཁོ་ཚང་ལ་ལོ་རེར་བེའུ་ཆུང་རྡང་བཞི་རེ་ཡོད་པས་སྐྱ་བྷ་དགའ་ནས་གནམ་ལྡིང་ས་ལྡིང་བྱེད་ཀྱིན་བེའུ་ཆུང་དག་ལ་མིང་རེ་རེ་འདོགས་རྒྱུར་ཤིན་ཏུ་དགའ།

དེ་ལྟར་བྱིས་པ་དང་བེའུ་ཆུང་གི་འབྲེལ་འདྲིས་ཁྲོད་ནས་ཁོ་བོར་ནོར་ནག་ལ་དུང་བ་ཧ་ཅང་ཟབ་མོ་ཞིག་ཆགས་ཡོད་ཙ་ན་ཁོ་རང་ནོར་གྱི་རྗེས་ནས་དཀའ་ལས་གང་འདྲ་མྱངས་ནའང་ཡིད་ཆད་པའི་ཚོར་སྣང་ཞིག་ཡེ་ནས་བྱུང་མ་མྱོང༌། སྐབས་དེར་སྐྱ་བྷ་གཅིག་པུས་ནོར་ཁྱུ་མི་ལོན་པས་ཁོ་རང་ཕ་མ་གཉིས་ཀྱི་ཁ་བཀོད་ལྟར་ཕྱོགས་གང་རུང་རེ་ནས་ནོར་ཁ་ལེན་པར་རྒྱུག་དགོས་ཀྱིན་ཡོད་ལ། དེ་བཞིན་དུ་ཨ་ཕ་དང་མཉམ་དུ་སྣ་ལོ་གཡུང་མོ་རེ་ཞོན་ནས་ནོར་དུ་འགྲོ་བ་དང་སྐབས་རེར་སྐྱ་བྷའི་ཞོན་པའི་སྐེ་རུ་གཡུ་གུ་དང་མཛོ་སར་ལ་སྣ་གསར་དུ་ཕུག་པ་དག་སྐེ་ཡིས་སྦྲེལ་ཞིང་ཨ་ཕས་བཞོན་ཏེ་ནོར་རྫིའི་ཞོར་ནས་སྣ་ལོ་བཏུལ་ཀྱིན་ཡོད།

གཡག་སར་དང་མཛོ་སར་དག་གིས་དང་ཐོག་ཧ་ཅང་སྒུག་པ་(མཆོང་ལྡིང་བྱེད་པའི་དོན།)དང༌། སྐོར་རྒྱུག་སྣ་ཚོགས་བྱེད་པ། ཞོན་མཁན་ཐང་ལ་བརྡབ་ཚེ་རྡུང་བ་དང་རྐང་ཕྲས་རྒྱག་པ་སོགས་དངོས་གནས་དཀའ་ལས་དང་ཉེན་ཁ་ཅན་ཞིག་ཡིན་མོད། སྐྱ་བྷའི་ཕ་ནི་སྡེ་བ་དེའི་ནང་ནས་སྐྱ་རྩལ་ཅན་ཞིག་ཏུ་བརྩི་བ་ཞིག་ཡིན་ཕྱིར་ཁོ་ཚང་གི་སྣ་ལོ་བཏུལ་དགོས་པ་རྣམས་བདེ་བླག་གིས་བཏུལ་བས་མི་ཚད་སྐབས་རེར་ཁྱིམ་མཚེས་དང་སྡེ་བ་དེའི་ནང་གི་སྐྱེས་པ་མེད་པ་དང་བུ་ཕྲུག་ཆུང་བའི་ཁྱིམ་ཚང་མང་བོ་ཞིག་ལའང་བཞོན་པར་སྣ་ལོ་བཏུལ་རོགས་བྱེད་སྲོལ་ཡོད། སྐབས་དེར་སྐྱ་བྷས་ཨ་ཕ་ལ་ཧ་ཅང་ཡིད་སྨོན་བྱེད་ཀྱིན་ཡོད་དེ། མྱུར་དུ་ཁོ་རང་ཡང་དེ་འདྲའི་སྟོབས་ཤུགས་ཅན་ཞིག་ཏུ་གྱུར་ནས་བྱ་བ་ཆེན་པོ་དག་བསྒྲུབ་ཐུབ་པར་སྨོན་པ་རྒྱུན་དུ་སྐྱེ་མྱོང༌།

སྐྱ་བྷས་ད་དུང་ཁོར་ཡུག་ཀུན་དུ་མིག་ཉུལ་ཞིག་བྱས་པ་ན་ཡོད་ཚད་མདངས་ཉམས་ཤིང་མདོག་ཡལ་བའི་རྩྭ་རྩི་ཏོག་དང་ཆབ་ཆུ་བོ་དག་གིས་ཅི་ཞིག་ལ་ཤི་མིག་གསོན་ཆགས་བྱེད་བཞིན་པའི་རྣམ་པ་སྐྱོ་བོ་ཞིག་གིས་གང་སར་ཁྱབ་ཡོད་འདུག་པས་ཁོ་རང་ཡང་བསྐྱར་བྱིས་དུས་ཀྱི་འཇིག་རྟེན་དེར་རང་དབང་མེད་པར་ཁྲིད་སོང༌། གཡས་ཕྱོགས་ཀྱི་རི་མ་སྒང་གི་ངོ་ལེབ་ཡོངས་སུ་ན་འདམ་ཡིན་ཏེ། སོང་ན་ལྟེམ་ལྟེམ་འགུལ་བའི་ཆུ་མགོ་མང་བོ་དང་རྩིས་ན་མི་ཁེད་པའི་ན་སྐོའམ་ཆུ་འཁྱིལ་དག་ཏུ་ཉ་རིགས་སྣ་ཚོགས་དང་སྦལ་བ་ལྕོང་མོས་གང་ཡོད། སྐྱ་བྷ་ཆུང་དུས་ན་འདམ་ནས་རྩེ་རྒྱུར་ཤིན་ཏུ་དགའ། ཁོ་ཚོ་བྱིས་པ་སྐོར་ཞིག་ལ་དོར་མ་གཅིག་ཀྱང་མེད་ལ་ལྷམ་ནི་དེ་བས་ཀྱང་ཆུ་འདམ་དུ་རྩེ་རུ་འགྲོ་སྐབས་གྱོན་ཡོད་མི་སྲིད་པས་ཆུ་འདམ་དུ་འགྲོ་འདུག་ལ་ཧ་ཅང་སྟབས་བདེ་ཡིན་འདུག

ཁོ་ཚོའི་འཕོང་ཤ་ཆུང་ཆུང་དག་ནེམ་ཞིང་འཇམ་པའི་ན་རྩྭའི་ནང་ཅི་འདོད་དུ་བཞག་པ་དང༌། ལྕོང་མོ་མང་བོ་བཟུང་ནས་ན་ཆུ་ཕན་ཚུན་བརྗེས་ཏེ་བརྐྱལ་དུ་འཇུག་པ། ཆུ་བྱེའུ་དང་ཁྲུང་ཁྲུང་གི་སྐད་སྙན་ལ་ཉན་པ། ལྕད་ལྕད་ཀྱི་སྒྲ་སྒྲོག་པའི་ཆུ་རྒྱུག་བྱེད་པ་སོགས་ཉི་མ་ནུབ་རིར་ཇི་ལྟར་ཡལ་བའང་མི་ཤེས་པའི་རང་བྱུང་ཁམས་ཀྱི་བདེ་སྐྱིད་ཀྱི་དཔལ་ལ་རོལ་བས་དངོས་གནས་ཆོས་གཞུང་དུ་བཤད་པའི་དག་ཞིང་གི་ཞིབ་འབྲིར་མནན་ན་ནེམ་ཞིང་བཏེགས་ན་འཕར་བའི་གསེར་གྱི་ས་གཞི་དངོས་ལྟ་བུའི་ཁོར་ཡུག་ཅིག་ཡིན་འདུག སྐྱ་བྷས་ན་སྒང་ལ་བརྟེན་ནས་སྔོན་འདས་ཀྱི་བྱ་བར་ཕྱིར་དྲན་བྱས་ནས་མཚམས་དེར་སླེབས་པ་ན་ཆུའི་ཕར་ངོས་ཀྱི་གད་ཐོག་ནས་འཕྲུལ་རྟ་ཅན་ཞིག་གིས་དུང་བརྡ་དང་ཀི་གཉིས་རིང་མ་རིང་ཐུང་གིས་བཏབ་པས་གློ་བུར་རྣམ་རྟོག་གི་འགྱུ་བ་བཅད་སོང༌། ཁོ་རང་སད་པ་ལྟར་གྱུར་བ་ན་སྔ་མོ་ནས་ས་རུ་བཙོག་ཏེ་བསྡད་ཡོད་ཅིང༌། ནོར་རྣམས་ཀྱང་སྔ་མོ་ནས་ཁོ་དང་བར་ཐག་གྱེས་ཟིན་འདུག

ཕར་ངོས་ཀྱི་འཕྲུལ་རྟ་ཅན་དེ་ནི་ཁོ་ཚོའི་སྡེ་བའི་ད་ལོ་གསར་དུ་འདེམ་པའི་རུ་གཙོ་རེད། ཁོས་ཕར་ངོས་ནས་སྐད་མཐོན་པོས། “དེ་རིང་ཆུ་ཚོད་དགུའི་སྟེང་དུ་རུ་གཙོ་ཚང་གི་མར་ཁའི་ཐང་ནས་སྡེ་བ་ཡོངས་ཀྱི་ཚོགས་འདུ་ཞིག་འཚོགས་རྒྱུ་ཡིན་པས་རྗེས་ལུས་མི་བྱེད་པར་འོང་རོགས།” སྐྱ་བྷ་འཐད་ལ་མི་འཐད་པའི་ངང་ནས་“འོ་ཡ།” ཞེས་ལན་བཏབ་རྗེས་སེམས་སུ་ཡང་གྲོལ་རྒྱུ་མེད་པའི་ཉོག་བཤད་ཅིག་གི་སྒོ་ཕྱེ་རན་སོང་སྙམ་བཞིན་སུན་སྣང་གི་ངང་ནས་གོམ་ཁ་ཁྱིམ་ལ་ཕྱོགས། སྐྱ་བྷས་ལུག་ལྔ་རྟགས་ཅན་གྱི་འཕྲུལ་རྟ་རྙིང་བ་དེ་ཞོན་ནས་སྡེ་བའི་ཚོགས་འདུར་བུད་སོང༌།

༢༽ རྫོང་དང་ཡུལ་ཚོ་སོགས་ཀྱི་ལམ་དུ་འཁེལ་མེད་པའི་ལུང་ཀྱོག་དེ་དག་ཏུ་ད་དུང་རླངས་འཁོར་བགྲོད་ཙམ་ཐུབ་པའི་རྡོ་ལམ་ཞིག་ཀྱང་མེད་ལ། སྡེ་མི་ཕན་ཚུན་གྱི་བར་དང་མར་ཡུལ་ཚོ་དང་རྫོང་ཐོག་ཏུ་འགྲོ་སའི་སྐྱ་ལམ་རྙིང་བ་ད་ལྟ་འཕྲུལ་རྟ་དག་བཙན་གྱིས་བགྲོད་བཞིན་པའི་ཁེར་ལམ་འགའ་རེ་སྡོམ་རྒྱ་ལྟར་ཕྱོགས་སོ་སོར་འཐེན་ཡོད། སྡེ་མི་དག་ད་དུང་དུས་བཞིར་གནས་སྤོར་གྱི་འབྲོག་དམངས་ཁོ་ན་ཡིན་ཕྱིར་དབྱར་ས་དག་ལ་ཁང་བ་ལས་མེད། ཡིན་ནའང་འབྲོག་སྦྲ་ནག་ཅན་གྱི་སྔར་སྲོལ་དེ་ད་ལྟ་བལྟས་བལྟས་རིག་རིག་ལ་མིང་གི་ལྷག་མར་འགྱུར་བཞིན་ཡོད་དེ། སྟབས་བདེའི་དཔེ་གསར་རས་གུར་ཁོ་ན་ཕུབས་ཡོད་ཅིང༌། སྒོ་ཁ་ན་ཉི་འོད་ནུས་པ་བསྡུ་བའི་ཤེར་ལེབ་ཆེ་ཆུང་མི་འདྲ་བ་རེ་དང༌། འཕྲུལ་རྟ་འདམ་འབག་གིས་གཡོག་པ་རེ་ཡོད།

དེ་བཞིན་དུ་རྟ་ནོར་ལུག་གསུམ་གྱི་བདག་པོ་འབྲོག་སྡེ་ཞེས་པ་ནི་དེ་བས་ཀྱང་ཐོགས་དཀའ་སྟེ། རས་གུར་གྱི་མཐའ་རུ་གཡང་དཀར་ལུག་གི་མིང་ཙམ་ཡང་མཐོང་དུ་མེད་པ་དང༌། རྟ་གཉིས་གསུམ་རེ། ནོར་ནག་ཉུང་ཙམ་རེ་ལས་མེད་ཕྱིར་དངོས་གནས་འབྲོག་དམངས་རེད་ཟེར་ན་སེམས་པ་སྟོང་ལྷང་ངེར་འགྲོ་བྱེད་ཅིག་ཏུ་གྱུར་འདུག ལྷག་པར་དུ་ཞོགས་པ་དང་དགུང་མོར་རས་གུར་གྱི་མཐའ་ན་ནོར་ནག་བཏགས་ཡོད་པར་བལྟས་ན་རྣམ་པ་ཤིན་ཏུ་ནས་ཡ་མ་བརླ་ཞིག་དང་མི་སེམས་ལ་སྐྱོ་སྣང་ལྗིད་ཏིག་གེ་བ་རེ་སྟེར་ངེས་ཡིན། འདི་དང་འདི་ལྟ་བུའི་གནའ་ལུགས་མཛེས་པོ་དེ་དག་ཉམས་རྒུད་ཀྱི་མཐའ་རུ་གཏུག་འགྲོ་བར་དམིགས་ནས་བོད་ཀྱི་རྩོམ་པ་པོ་མིང་གྲགས་ཅན་འཇུ་བསྐལ་བཟང་ལགས་ཀྱིས་ཀྱང༌། 《སྦྲ་ནག་གི་གྱེས་འབོད།》སོགས་བརྩམས་པ་ལོས་ཡིན།

སྐྱ་བྷ་རུ་གཙོ་ཚང་གི་ཉེ་འགྲམ་གྱི་ཐང་དུ་ཐོན་དུས་སྡེ་བའི་མི་བཅུ་སྐོར་ཞིག་ལས་ཐོན་མི་འདུག ཁོ་ཚོས་དེ་རུ་ལྭ་བ་དང་ལྷམ་སོགས་ཕུད་ནས་དེ་རིང་གི་ཉི་མར་བསྟོད་པ་འཐེན་བཞིན་ཁ་བརྡ་སྣ་ཚོགས་བྱས་ནས་བསྡད་ཡོད། “ཨ་རོགས་སྐྱ་བྷ་འདིར་ཤོག་དང༌།” ཁོ་ཚོའི་སྡེ་བའི་མགོན་པོས་ཁོ་ཚོ་དང་གོམ་པ་བཅུ་ཁ་ཞིག་གི་ས་ནས་བོས་བྱུང༌། མགོན་པོ་དང་ཁོ་གཉིས་ནི་ཆུང་དུས་ནས་མཉམ་དུ་ལག་ཆགས་པའི་གྲོགས་པོ་བཟང་ས་འགྲིག་ས་གཉིས་ཡིན་ཞིང་ནམ་རྒྱུན་གཅིག་གིས་གཅིག་ལ་ཁ་མཚར་ཀུ་རེ་མང་བོ་གླེང་བར་དགའ། མགོན་པོ་ནི་ད་དུང་ཁོ་ཚོའི་སྡེ་བའི་ནང་གི་མི་མགོ་དྭངས་དང་སྐད་ཆ་བ་ཞིག་ཏུའང་བརྩི། སྐྱ་བྷ་མགོན་པོའི་གམ་དུ་བཅར་ཞོར་དུ། “ཡ་ཞི་ལུ་དེང་སང་རྒན་མོར་ནུབ་རེར་ཅི་ཐུབ་ཀི”ཞེས་ཀུ་རེའི་སྐད་ཆ་ཞིག་བཤད་ཞོར་དུ་ཟུར་དུ་བསྡད།

མགོན་པོས། “ད་དུང༌། ན་སོ་གསུམ་པ་བཞི་བ་རྟའི་ཐིག་ཐོག ཕོ་ལོ་སུམ་ཅུ་བཞི་བཅུ་བཅུ་མྱིའི་ཐིག་ཐོག ཟེར་བ་ལྟར་རྒད་པོ་དྲག་བསྡད་ཡོད་ཡ།” ཞེས་ཀུ་རེའི་ལན་ཞིག་བཏབ། “དེ་ཟེར་ན་ངས་མི་རློམ་ཁྱོད་ཀྱི་རྒད་མོར་གཅིག་འདྲི་དགོས། མི་ངོ་མ་ཅན་ལ་ངོ་གཏུག་དགོས། ཤིང་འཛེར་བུ་ཅན་ལ་ཐོ་གཏུག་དགོས།” “ཧ་ཧ་ཧ།” “ཧ་ཧ་ཧ།” ཁོ་གཉིས་ནམ་རྒྱུན་གྱི་གོམ་ལོབས་ལྟར་ཀུ་རེ་འགའ་རྩེས་རྗེས་མགོན་པོའི་གདོང་ལ་གཟབ་ནན་གྱི་མདངས་ཤིག་མངོན་ཏེ། “ཉེ་སྔོན་མཚོ་སྐྱིད་ཚང་གིས་བོར་བའི་འབྲི་གཉིས་ཀྱི་འགྲོ་སའི་འདུག་ཁོངས་ཤིག་ཕལ་ཆེར་གོ་ལ་ཁད་ཅིག་འདུག” སྐྱ་བྷས་སྐད་ཆ་དེ་ཐོས་མ་ཐག་ཏུ་མགོན་པོའི་མདུན་དུ་བཅར་ཙམ་བྱས་ནས། “དངོས་གནས་ཨེ་ཡིན། ཨ་མའི་བུ།“ངོ་མ་ལོས་ཡིན་ཡ་ང་སྐྱེས་ཕོ་རབ་ཅིག་གིས། ཁ་ཚོད་ཡོད་ནང་ནས་ཚིག་ཚོད་མེད། བཤད་ནི་མ་རེ།” “དེ་གོ་ན་དངོས་གནས་བཟང་གི་མི་ངན་ངའི་ཚོད་ལ་བལྟས་ནི་རེ།” མགོན་པོས་ཉེ་འཁོར་དུ་མིག་བཤེར་ཙམ་བྱས་ནས།

“སྐོར་ཆེན་གསུམ་པའི་རིག་ལོ་ལྟས་ངན་དེ།” “ཡང་ཁོ་ཡིན་ནམ།” སྐྱ་བྷ་ཧ་ལས་པ་དང་ཡིད་ཆད་པ་ཟུང་གི་རྣམ་འགྱུར་ཞིག་མངོན་བཞིན་ངག་ལས་དེ་ལྟར་ཤོར། སྐྱ་བྷར་རྣམ་འགྱུར་དེ་ལྟུ་བུ་ཞིག་མངོན་པར་ཁག་མི་འདུག་སྟེ། རིག་ལོ་གྲྭ་ལོག་བྱས་པའི་ལོ་གཉིས་པའི་ནང་དུ་ཁོ་ཚོའི་སྡེ་བའི་ནང་གི་ཁྱིམ་ཚང་ཞིག་ལ་གཡག་གཉིས་རྐུས་ནས་ཁ་ཆེ་བ་ཞིག་ལ་བཙོང་ཞིང༌། དེའི་རིན་པ་བཟུང་སྟེ་ཟི་ལིང་ལ་སོང་ནས་ཉིན་ཁ་ཤས་ལ་སྐྱིད་སྐྱིད་ཅིག་བྱས་རྗེས་ཕ་ཡུལ་དུ་ལོག དོན་དག་དེ་ཟླ་དགུའི་རྗེས་མ་གཏོགས་མ་ཤེས། རྒྱུ་མཚན་ནི་རིག་ལོའི་ཕ་མ་དང་ཕ་མེས་ཡང་མེས་ནས་རྐུ་འཕྲོག་གི་ལས་ཀ་ལས་མ་མྱོང་བ་མ་ཟད་ཁྱིམ་རྒྱུད་ཡག་པོ་ཞིག་ཏུ་བརྩི་སྲོལ་ཡོད་ཙ་ན་སྡེ་བ་དེའི་ནང་ནས་ཁ་ལས་དང་ངོ་སོ་མཐོ་ཙམ་ཡོད་པའི་མི་བཟང་བོ་རེ་ཡིན་ཕྱིར་དང་ཐོག་སུས་ཀྱང་རིག་ལོ་ལ་སེམས་ངན་འཆིང་མ་མྱོང༌།

འོན་ཏེ་དོན་དག་དེ་བྱུང་བའི་ཟླ་དགུའི་རྗེས་ཀྱི་ཉིན་ཞིག་ལ་རིག་ལོས་ཡང་བསྐྱར་ཁྱིམ་མཚེས་ཚང་གི་རྟ་ལྔ་སྟེ་ཁྱིམ་ཚང་དེ་ཚང་གི་ལ་ལོ་ཡོངས་རྫོགས་མཚན་མོ་ཞིག་ཏུ་བརྐུས་ཏེ་རྫོང་མི་གཅིག་སའི་ཡུལ་ཞིག་ཏུ་བཙོང་བའི་ནང་རྐུས་ཏེ་བུད་རྗེས་འཇིག་རྟེན་གྱི་གཏམ་དཔེར། ‘རྫུན་ཨ་བྲ་གཉིས་ལ་རྔ་མ་ཐུང༌།’ཞེས་པ་ལྟར་གོང་གི་གཡག་རྐུན་དེའི་འཕོང་ཡང་བརྡོལ་སོང༌། དེ་ལྟར་རིག་ལོས། ‘ཕྱི་མི་ཐུབ་ནང༌།’ གི་དཔེ་ལྟར་ལོ་ངོ་གཉིས་གསུམ་གྱི་རིང་ལ་ནང་རྐུས་གང་མང་བྱས་ཏེ་ཁྱིམ་ཚང་གི་རྒྱུ་ནོར་ཡོད་ཚད་བརླག་ནས་སྟོང་བར་བཟོས་ཡོད་ལ། བརྐུ་ཡུལ་དག་གིས་ཁོ་རྒྱ་ཁྲིམས་ཀྱི་ལག་ཏུ་འཇོག་ལ་ཁད་ཐེངས་འགར་བྱས་མོད་ཁོའི་ཕ་མ་གཉིས་ཀྱི་ཁ་ངོ་ལ་བལྟས་ཏེ་ཅུང་ལྷོད་ཅུང་ལྷོད་ཀྱིས་ད་ལྟའི་བར་དུ་ལུས་སོང༌།

ད་ཐེངས་ནི་དེ་ལས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ཡིན་དེ། མཚོ་སྐྱིད་ཀྱི་སྐྱེས་པ་ན་ནིང་འཕྲུལ་རྟས་བརྡབ་ནས་བསད་པ་ཡིན་ལ། འདས་པོ་དེ་ཏག་ཏག་རིག་ལོའི་ཕུ་བོ་ཡིན་ལ་མཚོ་སྐྱིད་ནི་སྐྱ་བྷའི་སྲིང་མོ་རེད། སྐྱ་བྷ་ཕྱོགས་གཅིག་ནས་ཡིད་སེམས་ཁོ་ཐག་ཆད་པ་དང༌། ཕྱོགས་གཅིག་ནས་ཁོང་ཁྲོ་མེ་ལྟར་འབར་བ་ཞིག་ལངས་ཏེ། “ད་ཐེངས་ངས་ཁྱི་རྒན་དེར་གསོན་མི་ཡུལ་གྱི་དུས་ཚོད་ཅིག་སྦྱིན་བཏང་ན་ཉི་མ་ལྷ་སའི་ཇོ་བོ་དཔང༌།” ཞེས་དབུགས་ཧལ་ཧལ་བྱས་ཏེ་ལམ་ལ་ཆས་གྲབས་ལྟ་བུ་བྱས་པ་ན། མགོན་པོས། “ཡ་གྲོགས་གཅེས་དེ་འདྲ་མ་བྱེད།‘སྤོ་ཐུང་ཐུང་གིས་མི་རྫོད་དང༌། ལ་ཐུང་ཐུང་གིས་རྟ་རྫོད།’ཟེར་བ་ཡིན།‘འ་མའི་བུ་དལ་དགོས།’ཟེར་ལ། ‘རྒོད་མའི་བུ་བྲེལ་དགོས།’ཟེར་བ་མིན་ནམ་ང་ཚོས་དལ་མོ་བྱེད་དང་ཐབས་ཤེས་ལོས་ཡོད།” ཅེས་སྐྱ་བྷ་ལ་སློབ་གསོ་གཏོང་སྐབས་རུ་གཙོས་ཕར་ཀའི་མི་ཚོགས་ཁྲོད་དུ་ཁོ་གཉིས་ལ་འབོད་ཀྱིན་འདུག

༣༽ ད་ལྟ་སྟོད་ལུང་སྡེ་བའི་ཁྱིམ་ཚང་རེ་རེའི་མི་རེ་རེ་ཕལ་ཆེར་རུ་གཙོ་ཚང་གི་ཉེ་འགྲམ་གྱི་ཐང་དུ་ཐོན་ཡོད་ལ་ཉི་མའང་དྲོས་གཞུང་དུ་སླེབས་འདུག ཡུལ་འདི་ཀའི་ཚོགས་འདུ་ཆེ་འབྲིང་ཆུང་གསུམ་ཐམས་ཅད་འདི་ལྟ་བུ་ཞིག་ཡིན་ཏེ། ཉི་མ་རེ་རེའི་ཕྱེད་ཀ་ཟད་རག་བར་དུ་མི་ཡོངས་རྫོགས་འདུ་མི་ཐུབ་ལ། དེ་ནས་དོན་དག་ཅིག་ཐག་གིས་གཅོད་དགོས་ཚེ་ཕལ་ཆེར་ས་རུབ་འགྲོ། དུས་ཚོད་ལ་དམ་འཛིན་གྱི་འདུ་ཤེས་དང་ཚོ་བའི་བདེ་སྡུག་ལ་སྤྱི་སེམས་མེད་པས་སྡེ་བའི་ཚོགས་འདུ་བསྡུ་བ་ནི་རུ་གཙོ་དག་ལ་མཚོན་ན་དངོས་གནས་མགོ་བོ་ན་བྱེད་ཅིག་ཏུ་གྱུར་ཡོད།

རུ་གཙོས་མིད་པ་བསལ་ཙམ་བྱས་ཏེ། “ཡ་ད་ནི་ཁ་བརྡ་མི་བྱེད་རོགས་ང་ཚོས་བྲོ་ཉི་མ་གཉིས་ཀ་ལམ་ནས་ཟད་བུད་ཐལ། ང་ཚོས་དེ་རིང་གི་ཚོགས་འདུ་འཚོགས་རྒྱུ་བྱེད།” “ཉེ་སྔོན་རྫོང་དང་གྲོང་རྡལ་སྲིད་གཞུང་གི་མགོ་ཁྲིད་དག་གིས་ཚོགས་འདུ་བསྡུས་ཏེ། ཀྲུང་དབྱང་གིས་ཐག་བཅད་བྱས་པའི་‘ཕྱུགས་སྐྱུར་རྩྭ་གསོའི།’ སྲིད་ཇུས་དངོས་སུ་ལག་ལེན་བྱེད་རྒྱུ་ཡིན་ལ། ལས་དོན་དེ་ནི་གཙང་བོ་གསུམ་གྱི་འབྱུང་ཁུངས་ཀྱི་སྐྱེ་ཁམས་སླར་གསོའི་གནད་ཆེའི་ལས་གཞི་ཞིག་ཡིན་ཕྱིར་ང་ཚོའི་མཐོ་སྒང་གི་འབྲོག་པ་དག་ལ་རྫོང་དང་གྲོང་རྡལ་དུ་གནས་སྤོའི་གཞིས་གསར་ཧ་ཅང་སྐྱིད་པོ་རེ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པར་མ་ཟད། སྡོད་ཁྱིམ་རེ་རེར་ཐབ་ཀ་ནས་ཉལ་ཁྲིའི་བར་གྱི་ཁྱིམ་ཆས་ཆ་ཚང་དང༌། ད་དུང་ཉི་གློག་དང་བརྙན་འཕྲིན་སོགས་དེང་རབས་གློག་ཆས་ཀྱང་ཚད་ལྡན་རེ་སྟེར་རྒྱུ། ཁྱིམ་ཚང་སུ་ཞིག་གིས་གནས་སྤར་བར་དེ་ལ་རྩྭ་སའི་རིན་པ་དང༌། ཟླ་བ་རེ་རེར་ཟླ་ཕོགས་ཀྱང་སྟེར་རྒྱུ་ཡིན་པ་སོགས་ཀྱི་སྲིད་ཇུས་ཉི་མ་འདྲ་བ་ཞིག་ཤར་རྒྱུ་ཡིན་ཚུལ་ཁྱབ་བསྒྲགས་བྱས་ཟིན་པས་ད་ནི་ང་ཚོས་ཀྱང་གོ་སྐབས་འདི་དམ་འཛིན་བྱས་ཏེ་འཚོ་བ་གསར་བ་ཞིག་གི་མགོ་རྩོམ་དགོས་རྒྱུ་རེད།”

རུ་གཙོས་དབུགས་ཐེངས་གཅིག་གིས་གོང་རིམ་གྱི་ཚོགས་འདུའི་ནང་དོན་བརྒྱུད་བསྒྲགས་བྱས་པ་ན། སྐྱ་བྷ་གཙོའི་མི་མང་བོ་ཞིག་གིས་‘གཙང་གསུམ་འབྱུང་ཡུལ།’‘སྐྱེ་ཁམས་གནས་སྤོ།‘ཕྱུགས་སྐྱུར་རྩྭ་སྐྱོང༌།’ ལྟ་བུའི་ཐ་སྙད་མང་བོ་ཞིག་གི་ནང་དོན་ཆེར་མ་གོ་མོད་མི་རབས་ནས་མི་རབས་བར་འབྲོག་པའི་འཚོ་བ་རོལ་བའི་ཁོ་ཚོ་ལ་མཚོན་ན་ཕ་ས་མ་མོའི་མཆིན་པ་འདྲ་བ་དང་ཚེ་སྲོག་གི་འཚོ་རྟེན་ཉག་གཅིག་དཀར་ནག་ཕྱུགས་རིགས་རྩ་མེད་དུ་བཟོས་ཏེ་གང་ཞིག་ནས་སྐྱིད་ཅིག་རྒྱག་རྒྱུ་ཟེར་ན‘སྤྱང་ཀིའི་རྣ་བར་ཆོས་བཤད།’ དང༌། ‘མཁྲིས་ནད་ཅན་ལ་མར་ཁུའི།’ དཔེ་རུ་མི་འགྱུར་ག་ལ་སྲིད། ད་ལྟ་ཚོགས་མི་དག་གི་ནང་དུ་བྱ་ཁྱུར་འུར་རྡོས་བརྒྱབ་པ་ལྟར་འུར་ཆིར་ལེར་གྱུར་དེ་སུ་ཞིག་གིས་སྐད་ཆ་གང་ཞིག་བཤད་ཀྱིན་པའང་མི་གོ་བའི་ཚད་དུ་ལྷུང་འདུག

སྐྱ་བྷའི་སྨུག་མདོག་གི་གདོང་ལ་ཁོང་ཁྲོའི་དམར་མདངས་ཆགས་པ་དང༌། ཡིད་གཉིས་ཐེ་ཚོམ་གྱི་མིག་མདངས་སྒོར་སྒོར་གཡོ་བཞིན། “དཀོན་མཆོག་གསུམ་པོས་མཁྱེན། དངོས་གནས་འཇིག་རྟེན་འདི་མི་རྟག་པ་རེད། སྔོན་ཆད་བླ་མ་ཚོས་མི་རྟག་པའི་ཆོས་བཤད་ཅི་ཙམ་བྱས་ཀྱང་གོ་བ་གསལ་བོ་ཞིག་མ་ལོན་མོད་དེ་རིང་ནི་མི་རྟག་པ་མངོན་སུམ་དེ་རང་གི་མགོ་ལ་ཐོན་སོང༌།” ཞེས་ཅི་ཞིག་རྟོགས་སོང་ཚུལ་ལབ་པ་ན། “དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་ཞེས་པ་ཅི་མ་བདེན།” “ང་ཚོ་ཤི་ཁའི་རྒས་ཁ་ཞིག་ལ་ཁ་མུ་གེར་གཏད་སོང་བ་རེད།” “གཞན་བཤད་ཅི་དགོས་ཆུ་གཙང་མ་ཞིག་ཀྱང་འཐུང་རྒྱུ་རྙེད་ནི་མ་རེ།” སོགས་ལོ་ལོན་འགས་ཧ་ཅང་ཡུ་མིག་པའི་སྐད་ཆ་བཤད་ཀྱིན་ཡོད་པ་དང༌། ཡང་གསར་བུ་འགའ་རེས། “གློ་བུར་དུ་ལས་བྱེད་པར་ལོག་སོང་ན་ཅི་འདྲའི་སྐྱིད་པ་ལ་ཨང༌།ཧ་ཧ་ཧ། “ཕྱུགས་སྐྱོང་བ་འདི་འདྲའི་དཀའ་མོ་ཞིག་མི་འདུག ཇི་འདྲའི་སྲིད་ཇུས་ཡག་པོ།” སོགས་ཀུ་རེ་དང་སེམས་གཏམ་འདྲེས་མའི་སྐད་ཆ་སྣ་ཚོགས་བཤད་ཀྱིན་འདུག

སྐབས་དེར་ཡང་རུ་དཔོན་གྱིས་སྐད་གསེང་མཐོན་པོས། “ད་ང་ཚོས།‘བརྒྱ་བཤད་ཚིག་གི་རྩ་བ། སྟོང་དཀྲུགས་འོ་མའི་མར་ལོ།’ནི་གང་ལྟར་ཡང་གོམ་རིམ་གྱི་བཀོད་སྒྲིག་ལྟར་ང་ཚོ་སྟོད་ལུང་རུ་ཆེན་གྱི་རུ་ཆུང་བཞིའི་ནང་ནས་རུ་ཆུང་རེ་རེའི་ཁྱིམ་ཚང་གསུམ་རེ་གྲོང་དུ་འབབ་དགོས་ཤིང༌། ལོ་རྗེས་མར་ཁྱིམ་ཚང་ལྔ་རེ། དེའི་རྗེས་ནས་བརྒྱད་རེ་སོགས་ལོ་ཕྱི་མ་ཕྱི་མར་གྲོང་འབབ་ཇེ་མང་དུ་འགྲོ་དགོས་པ་ཐག་གིས་བཅད་ཐིག་གིས་བགོས་ཟིན་པས་དེ་ལ་‘མཛུབ་མོ་གཅིག་གིས་གནམ་མི་ཐེག’པའི་དཔེ་ཡིན་པས་ང་ཚོས་མང་བོ་མི་གླེང༌། ད་ལོའི་ཁྱིམ་ཚང་གསུམ་པོ་རང་འདོད་ཀྱིས་གྲོང་འབབ་བྱེད་མཁན་ཡོད་ཚེ་ཡག་པོ་རེད། གལ་ཏེ་མེད་ན་རྒྱན་འཕངས་ནས་འབབ་རྒྱུུ་ལས་འོས་མེད་པས་ཚང་མས་མྱུར་དུ་ཁ་གྲགས་དགོས།” རུ་དཔོན་གྱིས་ཐག་གཅོད་རང་བཞིན་ཅན་གྱི་སྐད་ཆ་དེ་བཤད་པ་ན་ཚོགས་མི་རྣམས་གོང་ལས་ཀྱང་འུར་ཆིར་ལེར་གྱུར་དེ་ད་ལྟ་འབྲེལ་མེད་ཀྱི་མི་ཞིག་དེར་འགྲོ་རྒྱུའི་དབང་དུ་བཏང་ན་རྣ་བ་ཚ་ནས་མྱུར་དུ་ཚོགས་གྲལ་ནས་འབུད་དགོས་ཐུག་རྒྱུ་རེད།

དེ་ལྟར་ཆུ་ཚོད་ཕྱེད་ཙམ་གྱི་རྗེས་ནས་ད་གཟོད་སྐད་ཆ་དག་ཅུང་ཉུང་ཙམ་དང་སྐད་མགོ་ཅུང་དམའ་ཙམ་བྱུང༌། “ཡ་ད་ཁ་གྲོགས་(བཤད་པར་སྐུལ་བའི་ཚིག)” རུ་དཔོན་གྱིས་སྐད་གསེང་མཐོན་པོས་ལབ་པ་ན་ཚོགས་མི་བརྒྱ་ཆའི་དགུ་བཅུ་གོ་བརྒྱད་ཀྱིས། “འགྲོ་འདོད་མེད།”ཅེས་མགྲིན་གཅིག་ཏུ་སྨྲས་བྱུང་མོད་རུ་དཔོན་དང་ཉེ་བའི་ས་ནས་མི་གཉིས་ཀྱིས་སྔ་གཞུག་ཏུ་ངེད་ཚང་གྲོང་རྡལ་དུ་འབབ་པར་འཐད་པ་ཡིན་ཞེས་པའི་སྐད་ཅིག་གྲགས་བྱུང་བས་ཡུལ་མི་གཞན་དག་གིས། “སུ་རེད་སུ་རེད།”ཅེས་ཡར་ལངས་ཏེ་མིག་རིག་རིག་གིས་བལྟ་བ་དང་ཧ་ལས་ཤིང་ཧོན་ཐོར་བའི་རྣམ་འགྱུར་སྟོན་བཞིན་འདུག ཁ་གྲགས་མཁན་ནི་ཚེ་རྡོར་དང་ཉི་མ་གཉིས་རེད། ཚེ་རྡོར་ནི་སྡེ་བ་འདིའི་ནང་གི་རྒྱན་འཇོག་མཁན་གཅིག་པུ་ཡིན་ལ་ད་ལྟ་ཁོ་ཚང་གི་ནོར་རྣམས་བརླག་ནས་ཚར་ལ་ཉེ་བ་ཡོད་ཕྱིར་དངོས་གནས་རྩྭ་ས་ཡིས་དགོས་པ་ཆེན་པོ་མི་འདུག་པའི་ཚད་དུ་བསྐྱལ་ཡོད།

ཉི་མ་ནི་ཕ་མ་གཉིས་ཀྱིས་ཆུང་དུས་ནས་སློབ་གྲྭར་བསྐྱལ་ཏེ་མཐོ་འབྲིང་བར་དུ་བཏོན་མྱོང་ཞིང་སློབ་སྦྱོང་འབྲིང་ཙམ་ཡིན་མོད་ཁོ་རང་མཐོ་གཉིས་ཀྱི་སྐབས་སུ་རྡུང་རེས་བྱས་ཏེ་སློབ་གྲོགས་ཤིག་གི་མིག་ཡ་གཅིག་ཕུད་པར་བརྟེན་སློབ་གྲྭ་ནས་རྒྱང་ཕུད་བཏང་མཐར་ཡུལ་ལ་ལོག་ཏེ་འབྲོག་ལས་གཉེར་བ་ཞིག་ཡིན། འོན་ཏེ་སྡེ་བ་འདིའི་ནང་ནས་ཁོ་ནི་རྒྱ་ཡིག་རྒྱ་སྐད་ཅུང་ཤེས་མཁན་ཉག་གཅིག་ཡིན་ཕྱིར་མིང་སྣའང་ཆེ་ཙམ་ཡོད། “རང་མོས་ཀྱིས་གྲོང་དུ་འབབ་མཁན་ཁོ་གཉིས་ལས་མི་འདུག་ན་ང་ཚོས་གཞན་པའི་ཁྱིམ་ཚང་ཡོད་ཚད་ལས་རྒྱན་འཕེན་རྒྱུ་བྱེད།”ཅེས་རྒྱབ་ཁུག་ལས་ཤོག་བུ་དང་སྣུམ་སྨྱུག་བླངས་ཏེ་ཁྱིམ་ཚང་རེ་རེའི་མིང་འབྲི་མགོ་བརྩམས། སྐབས་དེར་ཡང་འུར་ཆིར་ལེར་གྱུར།

ལ་ལས་ངེད་ཚང་གི་ཞི་ལུ་ཆེ་གེ་མོའི་མིང་འབྲི་དགོས་དང་ཡང་ལ་ལས་ངེད་ཚང་གི་གྲྭ་བ་ཆེ་གེ་མོའི་མིང་འབྲི་དགོས་ཟེར་བ་དང༌། མང་ཕྱོགས་ཀྱིས་གསོལ་འདེབས་བྱེད་ཀྱིན་འདུག་ལ། ད་དུང་འགའ་རེས་ཡུལ་ལྷ་ལ་འཕྲིན་བཅོལ་དང་རླུང་རྟ་འདོན་པ་སོགས་ཀི་བསྭོ་དང་ལྷ་རྒྱལ་སྒྲོག་མཁན་ཡང་མང་བོ་འདུག སྐྱ་བྷ་ཡང་དེ་དག་གི་བྱེད་སྟངས་ལས་མ་འདས་ཏེ་ཟུར་ཞིག་ཏུ་བུད་ནས་ཁ་ཡིས་ཡང་དང་བསྐྱར་དུ་གང་ཞིག་མིག་མིག་གིས་ཟློ་བཞིན་འདུག རུ་དཔོན་གྱིས་སྡེ་བའི་ཁྱིམ་ཚང་ཡོངས་ཀྱི་མིང་རྣམས་ཤོག་དྲས་ཆུང་ཆུང་རེའི་ངོས་སུ་བྲིས་ཏེ་ལྟེབ་ནས་མགོའི་ཞྭ་མོ་ཕུད་དེ་ནང་དུ་བླུགས། སྐབས་དེར་མི་མང་རྣམས་འཚང་རྒྱག་བྱས་ཏེ་རུ་དཔོན་སོགས་ཀྱི་སྟེང་དུ་བུད་ལ་ཁད་དང་གནོན་ལ་ཁད་ཀྱིས། “རྒྱན་ལྷ་རྩེ་མོ། རྒྱན་ལྷ་རྩེ་མོ།” ཞེས་སྐད་བརྒྱབས། རུ་དཔོན་ཡར་ལངས་ཏེ་ཞྭ་མོའི་ནང་གི་རྒྱན་ཤོག་སྤྲུག་སྤྲུག་མང་ཙམ་བྱས་ཏེ། “ཡ་གཡང་སྡེ་བོ་ད་ལྟ་རྒྱན་ཤོག་ལེན་རྒྱུ་ཡིན་ཚང་མས་འུར་མ་རྒྱག” ཟེར་བཞིན་གྲ་ལོག་གཅོད་པ་སྐྱབས་ལ་གཅིག་རེ་གཅིག་རེ་ལེན་དུ་བཅུག་ཅིང་རྒྱན་མིང་འདོན་དུ་བཅུག

ཁོ་ཚོའི་ཐེངས་འདིའི་རྒྱན་འཕེན་སྟངས་ནི་ཅུང་རྗེས་ལུས་སམ་དཀའ་ལས་ཅན་ཞིག་ཡིན་པར་འདུག་སྟེ། སྡེ་མི་ཡོངས་ཀྱི་མིང་རྣམས་རེ་རེ་བཞིན་བླངས་ཏེ་ཆེས་རྗེས་སུ་ལུས་པ་དེ་གྲོང་འབབ་དུ་འགྲོ་དགོས་ཡོད། དང་པོ་དང་གཉིས་པ། གསུམ་པ། བཞི་བ་སོགས་སུ་བུད་པའི་ཁྱིམ་བདག་དག་དགའ་སྟེ་བླ་ཐོག་ཏུ་ཐལ་ལྕག་གིས་གཞུ་བ་དང་གད་མོ་དགོད་བཞིན་འདུག་ལ་ད་དུང་མ་བུད་པ་དག་ནི་སེམས་འཚབ་ཆེན་པོ་སྐྱེ་བཞིན་འདུག ཉི་ཤུ། རྩ་གཅིག རྩ་གཉིས་སྐྱ་བྷའི་མིང་ད་དུང་མ་བུད་པས་ཁོ་རང་བྲེལ་འཚུབ་ལངས་ཏེ་རུ་དཔོན་དང་གཅོད་པ་གཉིས་ཀྱི་འགྲམ་དུ་འཚང༌། སོ་དགུ་བཞི་བཅུ་ད་དུང་མ་བུད་པ་ན་སྐྱ་བྷའི་ཐོད་པ་ནས་དངུལ་ཆུ་འཛུམ་བཞིན་གཅོད་པའི་ཁ་ནང་དུ་ཅེར་འདུག

“ད་ལྟ་གཉིས་ལས་མི་འདུག”ཅེས་ཡང་བསྐྱར་ཞྭ་མོ་སྤྲུག་སྤྲུག་མང་ཙམ་བྱས་དེ་ལེན་དུ་བཅུག ཆེས་རྗེས་མ་དེ་བླངས་བྱུང༌། གཅོད་པས་སྐད་མགོ་མཐོན་པོས། “སྐྱ་བྷ་རེད་འདི་ཨང་ཞེས་ཤོག་དྲིལ་དེའི་ཁ་ཕྱེས་ནས་རུ་གཙོའི་ལག་ཏུ་བཞག” ད་ལོའི་དབྱར་ཁར་འདི་འདྲ་ཞིག་དྲོ་མ་མྱོང་བའི་ཉིན་གང་གི་ཚ་བ་དང༌། ནང་སེམས་ཁྲལ་གྱི་གཡོ་སྐྱོམས་ཕྱི་རུ་མངོན་པ་གཉིས་ཀས་སྐྱ་བྷའི་གདོང་ཡོངས་མར་ཁུ་ཞིག་གི་ནང་དུ་བསུབ་པ་དང་འདྲ་བར་སྣུམ་ལོག་གེར་གྱུར་འདུག “རྒྱན་རྔ་ཙུ་གུ་ནག་རིལ།” ཞེས་སྤྱིར་རྒྱན་གང་དང་གང་ཞིག་འཕངས་པའི་ཆེས་རྗེས་མ་དེར་མིང་ཡང་ངན་པ་ཞིག་བཏགས་ཡོད་ཅིང་ཐབས་རྡུག་ལྟ་བུ་ཞིག་ཏུའང་བརྩི་བཞིན་ཡོད།

སྐྱ་བྷ་ནི་ཟངས་དམར་ནང་གི་གྲོག་མ་ལྟར་སྡོད་བཟོད་མི་བདེ་བར་ཁ་ནས་ཅི་ཞིག་ལ་དམོད་མོ་བྱེད་ཀྱིན་འདུག སྐབས་དེར་རུ་དཔོན་གྱིས། “ད་ལོར་གྲོང་འབབ་ཀྱི་ཁྱིམ་ཚང་ནི་ཚེ་རྡོར་ཚང་དང༌། ཉི་མ་ཚང༌། སྐྱ་བྷ་ཚང་གསུམ་ཀ་ཡིན་པ་ང་ཚོས་ཐག་གིས་བཅད་ཐིག་གིས་བགོས་པ་ཡིན་ལ། ཟླ་བ་ནམ་ཞིག་ཏུ་འབབ་རྒྱུ་ཡིན་པ་སོགས་རྗེས་ནས་བཤད་ཡོང༌། ད་དེ་རིང་གི་ཚོགས་འདུ་གྲོལ་བ་ཡིན། ”ཞེས་བསྒྲགས། ད་ལྟ་ནུབ་ཕྱོགས་ཀྱི་རི་མཐོན་པོ་དག་གི་སྐེ་ལ་དགོང་ཀའི་གྲིབ་མ་ཆེན་པོ་རེ་གུག་མགོ་རྩོམ་བཞིན་ཡོད་ལ། སྐྱ་བྷར་རྒྱན་རྔ་ལས་མ་ཐོབ་པར་ཁྲེལ་དགོད་བྱེད་པ་དང་མཚུངས་པར་ནུབ་རིར་ཕྱོགས་ཀྱིན་འདུག སྡེ་མི་རྣམས་ཕོ་བ་ལྟོགས་པའི་འཁང་ར་དང་གྲོང་འབབ་ཏུ་མ་འཁེལ་བའི་སྤྲོ་སྣང་དང་བཅས་འཕྲུལ་རྟ་དག་གི་ལྡིར་སྒྲའི་ཁྲོད་ནས་སྐད་ཅིག་ཉིད་ལ་གྲོལ་སོང༌།

༤༽ སྐྱ་བྷས་དེ་རིང་ལྟ་བུའི་འཕྲུལ་རྟ་དལ་མོ་ཞིག་བསྐོར་མ་མྱོང་བ་འདྲ། སྡེ་མི་དག་གིས་གཡས་བསྐྱུར་གཡོན་བསྐྱུར་བྱས་ཁོ་རང་ཤུལ་དུ་ལྷག ཁོ་རང་ཡུལ་དུ་ཐོན་ལ་ཉེ་བ་ན་འཕྲལ་དུ་ཁྱིམ་ལ་ལོག་འདོད་མེད་པར་འཕྲུལ་རྟ་ལས་བབ་ནས་ངལ་གསོས། སྐབས་དེར་ཕར་ཀའི་རི་བོ་སྙིང་དབྱིབས་དེའི་ངོས་སུ་ཁོ་ཚང་གི་ནོར་རྣམས་ཧ་ཅང་ལྷོད་པོའི་ངང་ནས་རྩྭ་ལ་རོལ་བཞིན་ཡོད་ཅིང་དགོང་ཀའི་ཉི་འོད་ཀྱི་འོག་ཏུ་རི་བོ་དེ་དང་དེའི་ངོས་ཀྱི་ནོར་ནག་ནི་སྒྱུ་རྩལ་ལ་མཁས་པའི་རི་མོ་བ་ཞིག་གིས་པུར་རྩལ་ལས་ཐོན་ཏེ་ཆེད་དུ་འགྲེམ་སྟོན་བྱེད་པ་ལྟར་ཤིན་ཏུ་ནས་ཀྱང་མཛེས་པོར་སྣང༌།

གཞན་ཡང་སྟོད་ཕྱོགས་ཐག་ཉེ་མ་རིང་གི་ནོར་ཁྱུ་ཞིག་གི་མཐའ་ནས་རྫི་བོ་འགས། “ནོར་ནག་ཆུང་རྫ་མགོའི་ཟིལ་བ་རེ། དེའི་ནོར་རྫི་འཛམ་གླིང་ཉི་མ་རེ། ་་་་་་ཞེས་དང༌།  གཡང་འབྲི་བརྒྱ་སྤང་གི་ནོར་བུ་རེ། དཀར་འོ་ཞོ་ལྷ་ཡི་བདུད་རྩི་རེ། འབྲོག་གཡང་ཁྱིམ་ཚང་གི་བསོད་ནམས་རེ།་་་་་་ ”ཞེས་སྙན་ཞིང་འཇེབས་ལ་བརྩེ་དུང་གིས་ཕྱུག་པའི་འབྲོག་གླུ་སྙིང་ལ་སིམ་པ་རེ་གྲགས་འོང་བས་སྐྱ་བྷ་ནི་དེ་རིང་གི་དོན་དག་དེ་དང༌། མི་ལོ་སུམ་ཅུ་ལྷག་གི་རིང་ལ་རྩྭ་ཐང་དང་ནོར་ལུག་གི་འདབ་ནས་ལག་ཆགས་པ་དང་འོ་ཞོ་དང་མར་ཕྱུར་ལས་ལུས་ཕུང་གསོའི་པའི་འབྲོག་མི་དག་མ་ཞིག་ཡིན་པའི་ཆ་ནས་མིག་ཆུའི་ཐིགས་པ་ཕྲེང་རྡོག་ཆད་པ་ལྟར་མཁུར་ཚོས་བརྒྱུད་ཏེ་པང་ནང་དུ་ལྷུང༌།

ཨ་གནམ་རྒན་མ་ངས་ཕ་ས་སྐྱིད་ཀྱི་མར་ཁུ་འདི་བསྐྱུར་ནས་གད་སྙིགས་ཀྱི་དྲི་མས་སྣ་ཚ་བའི་གྲོང་དེར་གཏན་དུ་འཚོ་དགོས་པ་ཡིན་ནམ། ང་རང་ཇི་འདྲའི་བསོད་ནམས་དམན་པ་ལའང་སོགས་སེམས་རྣམ་རྟོག་མི་འཆར་དགུ་འཆར་གྱིས་སེམས་པ་ཉོག་པོར་བཏང་སྟེ་རྩྭ་ལྗང་ལ་མགོ་བོ་བསྙས་ནས་ཡུན་རིང་ཞིག་ལ་ངལ་གསོས། སྐབས་དེར་དགོང་ཁའི་བསིལ་རླུང་འཇམ་པོ་ཞིག་གིས་སྐྱ་བྷ་སླར་ཡང་རིག་པ་ཇེ་དྭངས་སུ་བཏང༌། ཕར་ངོས་ཀྱི་ནོར་འདབས་ན་ཡོད་པའི་རྟ་རྣམས་མིག་ལམ་དུ་ཤར་བ་ན་སྐད་ཅིག་ཉིད་དུ་གཤིབ་རྟ་ཁྲི་ཐོའི་སྟེང་དུ་སེམས་པ་ཤོར། སྐྱ་བྷ་འབྲོག་ས་འདིའི་མི་ཀུན་དང་འདྲ་བར་རྟ་ཕོ་ལ་དགའ་ཞིང་ལྷག་པར་དུ་ཉེ་བའི་ལོ་ངོ་འགའ་ཞིག་གི་སྔོན་ནས་རྟ་རྒྱུག་འགྲན་སྡུར་གྱི་ཚ་རླབས་ཤིག་ཀུན་ནས་འཕྱུར་ཏེ། ད་ལྟ་དགུན་ས་འཁྱག་གི་སྐབས་ཕུད་དུས་ཚིགས་གཞན་གསུམ་གར་རྟ་རྒྱུག་ཆེ་ཆུང་རབ་འབྲིང་རྣམ་པ་སྣ་ཚོགས་བྱེད་ཀྱིན་འདུག

ཆེ་ས་རྫོང་དང་ཡུལ་ཚོའི་དུས་ཆེན་གྱི་རྟ་རྒྱུག་ནས་ཆུང་ས་ཁྱིམ་ཚང་སྒེར་གྱི་གཉེན་སྟོན་ཁང་སྟོན་གྱི་རྟ་རྒྱུག་གི་བར་དངོས་གནས་ཟད་དུ་མེད་པའི་རྟ་ཕོའི་བང་བསྡུར་ཞིག་འདུག་པས། སྐྱ་བྷས་ཀྱང་ལོ་སྔོན་མའི་ནང་དུ་ཁྱིམ་མཚེས་རྫོང་ཞིག་གི་རྟ་རྒྱུག་འགྲན་སྡུར་ཆེན་པོ་ཞིག་གི་སྟེང་དུ་རྒྱུག་རྟ་ཉོ་ཆེད་ཟོག་ཉི་ཤུ་ལྷག་བཙོང་ནས་སོང་བ་ཡིན། རྟ་རྒྱུག་བང་འགྲན་དེའི་སྐབས་སུ་རྨིད་ཁྲི་གཅིག་རྒྱུག་འགྲན་ལས་བྱ་དགའ་ཨང་གསུམ་པ་ཐོབ་མཁན་དེར་དངུལ་སྒོར་ཁྲི་དྲུག་སྦྱིན་ནས་ཉོས་འོང་བ་ཡིན་པས་ཡུལ་མི་ཚོས་རྟ་དེའི་མིང་ལ་ཁྲི་ཐོ་ཞེས་བཏགས་པ་ཡིན་འདུག

‘ཁྲི་ཐོ་ཉོས་རྗེས་དངོས་གནས་རྟ་རྒྱུག་འགྲན་སྡུར་མང་བོའི་ཁྲོད་ནས་བྱ་དགའ་མང་བོ་བླངས་པས་སྐྱ་བྷའི་མིང་སྣ་ཡང་ཇེ་ཆེར་གྱུར་ཡོད། ཁྲི་ཐོ་ཉོས་རྗེས་སྐྱ་བྷས་འཇིག་རྟེན་གཏམ་དཔེ་ལྟར། ‘ཉིན་མོའི་མི་དང་མཚན་མོའི་ཁྱི།’ བྱས་ཏེ་གསོས་ཤིང་བསྲུང་བ་ཡིན་པས། ཁྲི་ཐོའི་རྩིས་ཚོད་ནི་གླིང་སྒྲུང་དུ་བཤད་པའི་རྒྱ་བྱ་སོག་དཀར་ཟེར་བ་དང༌། ལྷ་རྟ་རྐྱང་ངུ་ཟེར་བ་དང་འདྲའོ། ཁྲི་ཐོས་ཁོ་རང་སླར་ཡང་རྣམ་རྟོག་གི་འཇིག་རྟེན་ཞིག་ཏུ་ཁྲིད་སོང༌། རྫོང་སྟོན་གྱི་རྟ་རྒྱུག་འགྲན་སྡུར་ཆེན་མོ་མགོ་བརྩམས་སོང༌། སྐྱ་བྷས་རླུང་རྟ་ཤོག་སྒམ་ཆེན་པོ་ཞིག་གི་གང་ཉོས་ཏེ་རྒྱུག་མགོ་ན་ལྷ་འབོད་ཀླུ་གསོལ་བྱེད་ཀྱིན་རླུང་རྟ་སྤར་གང་སྤར་གང་བྱས་ནས་ལག་གཡས་པས་ཤེད་ཀྱིས་གནམ་ལ་མཆོད་ཀྱིན་འདུག

མི་མང་གིས་ཁོའི་རྣ་རྒྱབ་ནས་དེ་རིང་ཡང་ཁྲི་ཐོས་བྱ་དགའ་ཨང་དང་པོ་ལེན་ཤས་ཆེ་ཟེར་བ་དང༌། ཡང་ལ་ལས་ད་ཐེངས་ཁྲི་ཐོ་ལས་ལྷག་པའི་རྟ་མཆོག་ཅིག་སོག་སྐོར་གྱི་མི་ཅིག་ཅིག་གིས་ཉོས་ཡོད་པས་གང་མགྱོགས་མི་ཤེས་སོགས་སྐད་ཆ་སྣ་ཚོགས་བཤད་ཀྱིན་འདུག རྒྱུག་སྐོར་བཞི་བ། ལྔ་བ། དྲུག་པ། དགུ་བ། བཅུ་བར་ཐོན་ལ་ཉེ་བ་ན་མི་ཚོགས་ཀྱི་ཀི་ལྡིར་གྱི་གནམ་ས་གཡོ་བའི་ཁྲོད་ནས་ཁྲི་ཐོས་ཡང་བསྐྱར་འང་དང་པོ་བླངས་སོང། སྐྱ་བྷ་དགའ་ཐག་ཆོད་དེ་ཁྲི་ཐོ་ཁྲིད་ནས་མི་ཚོགས་ཀྱི་སྔོན་ནས་ཡར་འགྲོ་མར་འགྲོ་བྱེད་ཀྱིན་ངོམ་སོ་བྱེད་ཀྱིན་འདུག

ཕྱོགས་ཀུན་ན་ཁོ་ལ་ཡིད་སྨོན་དང་དགའ་འབོད། གཟེངས་བསྟོད་སོགས་ཀྱི་སྒྲ་དབྱངས་རྒྱུན་མི་ཆད་པར་བྱེད་ཀྱིན་འདུག་ལ། ཐ་ན་མི་ཚོགས་ཀྱི་ཁྲོད་ནས་ཁྲི་ཐོའི་སྐེ་ལ་གོས་ཆེན་དང་ཁ་བཏགས་འཕེན་པ་དང༌། སྲབ་ཀྱི་ཐོད་ཆིངས་སོགས་ཀྱི་བར་དུ་བརྒྱ་ཤོག་དམར་ལྷབ་མའང་རྫོང་བཞིན་འདུག སྐྱ་བྷ་དེ་ལས་ཀྱང་དགའ་བ་འབུམ་གྱིས་མྱོས་ཏེ་ཁའང་ཟིམ་མི་ཐུབ་པར་མི་དེ་དག་ལ། “བཀའ་དྲིན་ཆེ། བཀའ་དྲིན་ཆེ།”ཟེར་བཞིན་པའི་སྒང་དུ་ཕར་ཀིའི་ཐང་མགོ་ན་བུ་ཆུང་རིག་འཛིན་རྒྱུག་འོང་ཀིན་འདུག་ལ། “ཨ་ཕ། ཨ་ཕ། ཨ་མས་ཁྱོད་ལ་ཤོག་ཟེར་གྱིན་འདུག” སྐྱ་བྷ་གློ་བུར་དུ་མཛེས་སྡུག་ལྡན་པའི་སྟོང་སེམས་དེ་ལས་ཕྱིར་དྲངས་པ་ན་ཉི་མ་ནུབ་རིར་བཞུད་ཟིན་ལ། རྫི་བོ་ཚོས་ནོར་རྣམས་དེད་ནས་རང་རང་གི་ལྷས་སུ་ཐོན་ཀྱིན་འདུག སྐྱ་བྷའི་རྔམ་པ་རིང་མོ་ཞིག་འཐེན་ནས་དེ་རིང་གི་དོན་ཆེན་དེ་ཆུང་མར་ཇི་ལྟར་གླེང་སྙམ་བཞིན་བུ་ཆུང་འཕྲུལ་རྟའི་འཕོང་ལ་བསྐྱོན་ཏེ་ཁྱིམ་དུ་ལོག་གོ།

རྩོམ་པ་པོ། ཁང་གསར་ཚེ་དབང་རིག་འཛིན།
ཡོང་ཁུངས་དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།