མཚེར་བ་དགོན་པ་དང་ལོ་སར་ཤོག་སྦག

ངས་ངོ་མ་གསལ་བོ་བཟོ་མི་འདོད། ང་ཉོབ་སོང༌།

༼ལོ་སར་བཟང༌།༽ ༼བཀྲ་ཤིས་བདེ་ལེགས།༽ཕེག ཕེག ཕེག ནམ་ཕྱེད་ཡོལ་ཙམ་ནས་མཚེར་བ་དགོན་པའི་གླིང་སྟོད་ཀྱི་ནད་བརྒྱ་སྨན་གཅིག་གི་གྲྭ་ཤག་སྒོ་ནས་ཤོག་སྦག་སྟོང་བཙེམས་ཤིག་གི་སྣེ་ལ་སྤོས་རྐང་གཅིག་གིས་མེ་བསྒོས་དུས་ཚོད་ཐུང་ཐུང་ཞིག་ལ་དགོན་པའི་མཚན་ལྗོངས་ཀྱི་ཁུ་སིམ་པའི་རྣམ་པ་གློ་བུར་དུ་དཀྲོགས་ཤིང་མགོ་ཨ་ལགས་ནས་བཟུང་མཇུག་ཇ་མ་ཆུ་ལེན་ཡན་ཆད་ཀྱི་སེམས་ལ་གར་ཡོང་འདིར་ཡོང་མེད་པའི་འཚུབ་ཆ་ཞིག་བསླངས་ཏེ་གཉིད་ཀྱི་བདེ་བའང་གར་སོང་ཆ་མེད་དུ་གྱུར། གྲྭ་ཤག་རེ་རེ་ནས་ཞག་སྒྲོན་དང་མར་མེ།

ཉི་ནུས་གློག་སྒྲོན་སོགས་བཀར་བས་མུན་ལྗོངས་ལ་སྣུམ་ཚོན་རི་མོ་བཞིན་དབྱེར་མེད་ དུ་འདྲེས་པའི་དགོན་པ་དེ་ད་གཟོད་ཅུང་ཟད་ལྷང་ལ་བུད།
ནད་བརྒྱ་སྨན་གཅིག་ནི་བན་དེ་ཆུང་ཆུང་ན་ཆུང་མའི་གཤིས་ཀ་ཅན་ཞིག་ཡིན་ལ། བུ་ཞིག་ལ་བུ་མོ་ན་ཆུང་ཞིག་གི་གཤིས་ཀ་འདུག་ཟེར་ན་ཁྱེད་ཀྱི་རྣར་མི་འགྲོ་ན་ཐང༌།
ཁག་མི་འདུག་ང་ལའང་བསམ་ཚུལ་དེ་འདྲ་སྐྱེ་མྱོང༌། ཡིན་ཡང་ངས་རྫུན་བཤད་དོན་མེད་ལ་ཆེ་བཤད། བན་དེ་ཆུང་ཆུང་འདིར་ཤག་ན་དགེ་རྒན་མེད་པས་ཁོའི་གྲྭ་ཤག་ཏུའང་ཧེ་ཧེ་ཧེ། ངོ་མ་ཡིན་སྐག་ཚོས་དང་སྨིན་མ་འབྲི་བྱེད། སྐྲ་སྣུམ་དང་དྲི་ཞིམ་བྱུག་ཆུ། གྲྭ་བའི་ཡོ་བྱད་མང་པོ་ཞིག་མཐོང་ས་ན་ཅང་མེད་ཡ།

ཁོའི་དངོས་མིང་ལ་བསྟན་འཛིན་བྱམས་པ་ཟེར་མོད་མིང་དེ་ནམ་ཞིག་ལ་བོར་ནས་ན་ང་ལའང་གསལ་བོར་ཤོད་རྒྱུ་མེད།

གང་ལྟར་ངས་གོ་དུས་ནས་ཚང་མས་ནད་བརྒྱ་སྨན་གཅིག་ཅེས་འབོད་ཀྱིན་འདུག་ལ་མིང་དེས་ཁྱེད་ལ་གོ་བ་ཅི་ཞིག་སྟེར་མིན་ཁྱེད་རང་གིས་ལྟོས། ངས་ངོ་མ་གསལ་བོ་བཟོ་མི་འདོད། ང་ཉོབ་སོང༌།
འོ་མཚེར་བ་དགོན་པ་འདི་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ཀྱི་ཆེད་དུ་ཕྱག་བཏབ་པ་ཡིན་མིན་མི་ཤེས།
རབ་བྱུང་བཅོ་ལྔ་པའི་སྟོད་ལ་ཨ་ལགས་མཚེར་མགོ་ཚང་གིས་ཕྱག་བཏབ་པ་རེད་ཟེར། མི་རྣམས་ཀྱིས་ཨ་ལགས་འདི་བའི་ཡོན་ཏན་བརྗོད་དུས་ལག་པ་ཡ་གཅིག་སྙིང་གར་ཐལ་མོ་སྦྱར་ཏེ་ཨ་ལགས་དེ་བ་ཚང་རང་ག་བ་ཞིག་ཆེ་ཡིན། དབུ་ཡང་ཡ་མཚན་ཞིག་ཡིན། ངོ་མ་མཚེར་བ་ཞིག་དང་ཨ་ན་མ་ན་ཡིན་ཟེར། དེ་ཡིན་ན་ཐང་གང་ཤེས།

དུས་དེ་ནས་བཟུང་དགོན་པ་འདི་མཚེར་མགོ་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས་ནས་འོང་ ཞིང༌། སྐུ་ཕྲེང་རྗེས་མ་ཚོར་མཚེར་མགོ་སྐུ་ཕྲེང་དང་པོའི་མཚན་ཐོགས་པ་ལས་དབུ་ལ་མཚེར་ བའི་ཡོན་ཏན་དེ་མེད་པ་འདྲ།

མཚེར་མགོ་དགོན་པ་འདི་ཕྱག་བཏབ་པ་ནས་ལོ་རྒྱུས་ཅན་གྱི་མི་སྣ་གལ་ཆེན་ཞིག་མ་བྱུང་བ་ནི་དགོན་པ་འདིར་ལོ་རྒྱུས་འབྲི་ཤེས་མཁན་མ་བྱུང་བས་ཡིན་པ་མ་གཏོགས་འདི་ནས་མི་མང་པོ་ཞིག་གི་ལྟོ་གོས་ཆོད་སོང་བ་ནི་སྨོས་མེད་མིན་ནམ།

དེ་ཙམ་གྱིས་ག་ལ་ཚད་ལོ་རེའི་ལོ་སར་གྱི་ཉིན་མོ་ནི་སངས་རྒྱས་ཀྱི་བསྟན་པའི་དགྲ་བོ་མཐར་སྐྲོད་གཏོང་བའི་ཉིན་མོ་ཡིན་པས་ལོ་མགོ་ཚེས་མགོ་འདིར་བསྟན་དགྲ་བསྐྲད་ཚར་ན་ལོ་དེར་བསྟན་པ་ལ་བར་ཆད་འབྱུང་སྲིད་དམ།

དེ་བས་ཁོང་ཚོས་ལོ་སར་ཤོག་སྦག་རྒྱག་པ་ནི་བསྟན་དགྲ་མཐར་སྐྲོད་གཏོང་བ་ཡིན། གྲྭ་བ་སུ་ལ་ཤོག་སྦག་མང་པོ་དགད་རྒྱུ་ཡོད་ན་དེ་ལ་ལོ་དེར་བར་ཆད་མི་འབྱུང་བར་བཤད། རྒྱུ་མཚན་དེ་ལ་བརྟེན་ནས་ལོ་སར་མ་ཐོན་གོང་ནས་བཟུང་ཚང་མས་སྒོར་མོ་ཡོད་ཚད་ཀྱིས་ཤོག་སྦག་ཉོ་ཞིང་ཤོག་སྦག་མང་ཉུང་བསྡུར་ནས་སུ་ལ་ཤོག་སྦག་མང་ན་དེས་ལོ་སར་ཚེས་གཅིག་གི་ཐོ་རེངས་ལ་ཤོག་སྦག་གི་སྒོ་མོ་འབྱེད་དགོས་པས་བསྟུད་མར་ལོ་གྲངས་ལྔ་དྲུག་ཅིག་ལ་བན་དེ་ནད་བརྒྱ་སྨན་གཅིག་ཁེ་སོང་བས་བན་དེ་སུ་ཞིག་གིས་ཁོ་ལ་ ཡིད་སྨོན་མི་བྱེད། ལོ་གཅིག་ལའང་ཤོག་སྦག་གི་སྒོ་མོ་འབྱེད་མ་མྱོང་བའི་ང་ལ་མཚོན་ན་ཤོག་སྦག་ལ་ལྟད་མོ་བལྟ་རྒྱུ་ལས་ཅི་ཞིག་ཡོད། ང་ལ་སྒོར་མོ་མང་པོ་མེད། ཨ་ཧ་བོ།

ངས་ཚེ་འདིར་ལོ་སར་ཚེ་གཅིག་ཅིག་གི་ཤོག་སྦག་གི་སྒོ་མོ་འབྱེད་མི་ཐུབ་པ་སེམས་ཐག་རེད།
ཧ་ཧ་ཧ་ཧེ་ཧེ་ཧེ་ཡིན་ཡང་ངས་དེ་ནས་བཟུང་ཧབ་བགོད་ཀྱི་སྒོ་མོ་ཕྱེ་ཡོད། ང་སྨྱོས་ཡོད་ནའང་ཐང༌།
༢༠༡༥།༠༢།༠༩ ཉིན།

ཡོང་ཁུངས། ངེད་དྲྭ་བ།