TueFebTue2017

སྤེལ་དུས་མཐའ་མ།08:34:18 AM GMT

རྩོམ་གསར།:

མདའ་རྩེད་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས།

ནང་ཨ་ཁུ་བཟང་བའི་བཀའ་དྲིན་ལ། འབྲོང་རྭ་སྨུག་པོ་གཞུ་ལ་བཀུག

དེ་ཡང་མདའ་ཞེས་པའི་ཐ་སྙད་འདི་མི་ཡུལ་ཁམས་སུ་ཁྱབ་ནས་བགྲང་བྱ་ག་ཚོད་ཅིག་འདས་པ་སུས་ཀྱང་ཁ་ཚོན་ངེས་ཅན་ཞིག་གཅོད་དཀའ་ཡང༌།

སྔོན་བྱོན་མཁས་པ་དམ་པ་རྣམས་ཀྱིས་བརྩམས་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཆེན་པོ་སྟེ་དཀར་བོ་དང་དམར་བོ་སྔོན་པོ་བཅས་སུ་གསལ་བ་ལྟར་ན། བོད་རིགས་འདིར་གདོད་མའི་སྤྱི་ཚོགས་ཀྱི་སྐབས་ནས་བཟུང་མདུང་གྲི་གསུམ་གྱི་མཚོན་ཆ་དར་མྱོང་བར་བརྟེན། ད་ལྟ་མ་མཐའ་ཡང་བགྲང་བྱ་སྟོང་ཕྲག་འགའི་ལོ་རྒྱུས་ཡོད་པ་བསྙོན་དུ་མེད། ཉག་ཕྲན་མདའ་མོ་འདི་བོད་རིགས་རང་ལ་དར་བ་ཤིན་ཏུ་སྔ་བ་མ་ཟད། མི་རིགས་གཞན་པ་སྟེ། རྒྱ་རིགས་དང་སོག་རིགས་བཅས་་ལ་ཡང་དར་བ་ཧ་ཅང་སྔ་བ་ལགས།

ད་དུང་ཕྱི་གླིང་བ་ལའང་གནའ་སྔ་མོ་ནས་དར་ཡོད་པ་ཡང་ལོ་རྒྱུས་ཀྱི་དེབ་ཐེར་མང་པོ་ལས་གསལ་འདུག  ལྷག་པར་དུ་རྒྱ་རིགས་ལ་ཆ་མཚོན་ན་དུས་སྔ་མོ་ནས་དར་རྒྱ་དང་བཀོལ་རྒྱ་ཆེ་བ་ཡང༌། རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་དང་ཆུ་ངོགས་གཏམ་རྒྱུད་སོགས་ཀྱི་སྒྲུང་གཏམ་ལས་ཀྱང་གསལ་ལེར་མཐོང་བ་ལགས། མི་རིགས་གང་ཡིན་ཡང་རང་གི་མི་རིགས་དེ་གྲུབ་པའི་བརྒྱུད་རིམ་ནང་དུ་རང་བྱུང་གི་གྲུབ་པའི་རྡོ་དང་དབྱུག་པ་ལག་ཆ་བགྱིད་མྱོང་བ་ལས་གཞན། ཐོག་མའི་མཚོན་ཆ་དེ་ནི་མདའ་མདུང་གྲི་གསུམ་ཡིན་པ་ཁས་མ་བླངས་ན་མི་ཆོག་སྙམ། དེ་ཡང་གནའ་རབས་ཀྱི་འཐབ་འཁྲུག་གང་བྱུང་བ་དེའི་སྟེང་དུ་བཀོལ་སྤྱོད་བྱེད་བཞིན་པའི་མཚོན་ཆ་གཙོ་བོ་ནི་མདའ་མདུང་གྲི་གསུམ་དང་ཞགས་པ་སོགས་ཡིན།

དཔེར་ན་བོད་རིགས་རང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་གླིང་གེ་སར་རྒྱལ་པོའི་སྒྲུང་ནང་དུ་རྟོགས་པ་ལྟར་ན། གླིང་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུ་ཐམས་ཅད་ཀྱིས་རང་གི་འཁོར་གསུམ་སྟེ་མདའ་མདུང་གྲི་གསུམ་བཅས་ཀྱི་མཚོན་ཆར་བརྟེན་ནས་ཕྱོགས་བཞི་དགྲ་བཞི་བཏུལ་པ་དང་རྫོང་ཆེན་བཅོ་བརྒྱད་ཆམ་ལ་ཕབ་པ་ཡིན། གཞན་ཡང་བོད་ཀྱི་བཙན་པོའི་སྐབས་སུ་བྱུང་བའི་གཡུལ་འགྱེད་སོ་སོའི་སྟེང་དུ་བཀོལ་བའི་མཚོན་ཆ་གཙོ་བོ་དེ་ཡང་མདའ་མདུང་གྲི་གསུམ་ཡིན་ལ། ལྷ་ལུང་དཔལ་གྱིས་རྡོ་རྗེས་ལྷ་སའི་གྲོང་ནས་གླང་དར་མ་འདུལ་དའི་སྐབས་ཀྱི་བཀོལ་བའི་མཚོན་ཆ་ཡང་སྒྲོ་ལྡན་མདའ་ཡིན་པ་སུས་ཀྱང་ཤེས་གསལ་ལྟར་རོ།

ཕྱིས་སུ་མི་རིགས་གང་དང་གང་ཡིན་ཡང་སྤྱི་ཚོགས་ཀྱི་འཕེལ་རིམ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་ཇེ་ལེགས་དང་ཚན་རིག་ལག་རྩལ་ཇེ་མཐོར་འགྲོ་བའི་བརྒྱུད་རིམ་ནང་དུ། ཐོན་སྐྱེད་ཡོ་བྱད་དང་དགྲ་འགོག་གི་མཚོན་ཆ་ཡང་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་བར། རྗེས་ལུས་ནས་སྔོན་ཐོན་ཕྱོགས་སུ་གོམ་ཁ་སྤོས་པའི་རྐྱེན་གྱིས་མདའ་མདུང་གྲི་གསུམ་གཡུལ་འགྱེལ་སྐབས་སུ་བཀོལ་བའི་ཁྱབ་ཇེ་ཆུང་དུ་གྱུར་ཞིང༌། རིམ་གྱིས་མཚོན་ཆའི་ནུས་པ་དེ་ཤོར་ཞིང་དམངས་ཁྲོད་ཀྱི་སྤྲོ་རྩེད་བྱེད་པའི་ལག་ཆ་ཞིག་ཏུ་གྱུར་བར་བརྟེན། མི་རྣམས་ཀྱིས་རང་ཤུགས་སུ་མདའ་རྩལ་ཅེས་པའི་མིང་ཚིག་འདི་གསར་བཟོ་བགྱིད་པ་ལགས། སྐབས་དེ་ནས་བཟུང་མདོ་ཕྱོགས་ཀྱི་རོང་སྡེ་ཆེན་པོ་ཕལ་ཆེར་དུ་རྟ་རྒྱུགས་མདའ་འཕེན་གྱི་སྲོལ་ཆགས་ཤིང༌། ལོ་རེའི་རྒྱ་ལོ་ནང་དང་དབྱར་ཟླ་དྲུག་པའི་ནང་དུ་མདའ་རྩལ་གྱི་དགའ་མགུའི་དཔལ་ལ་རོལ་བཞིན་མཆིས་པ་ན་ཆད་དུ་མེད་དོ།

མདའ་ལ་ཡང་རིགས་མང་པོ་མཆིས་པ་དེ་ཡང་གསེར་ལྟོང་མ་དང་དངུལ་ལྟོང་མ། དུང་ལྟོང་མ་ཟེར་བ་ཡོད། དེའི་རྒྱུ་མཚན་ཡང་མདའི་ལྟོང་གསེར་གྱིས་བརྒྱན་པ་ན་གསེར་ལྟོང་མ་ཟེར་ལ། མདའི་ལྟོང་དངུལ་གྱིས་བརྒྱན་པ་ན་དངུལ་ལྟོང་མ་ཟེར། ད་དུང་མདའ་མོ་རྒོད་སྒྲོ་མ་དང༌། འུག་སྒྲོ་མ། ཁྲ་སྒྲོ་མ་ཟེར་སྲོལ་ཡང་ཡོད། དེའི་རྒྱུ་མཚན་ཡང་རྒོད་སྒྲོས་བསྟད་པའི་མདའ་མོར་རྒོད་སྒྲོ་མ་ཟེར། འུག་སྒྲོས་བསྟད་པའི་མདའ་མོ་འུག་སྒྲོ་མ་ཟེར། ཁྲ་སྒྲོས་བསྟད་པའི་མདའ་མོར་ཁྲ་སྒྲོ་མ་ཟེར། དམངས་ཁྲོད་ཀྱི་བཤད་སྲོལ་ལྟར་ན། རྒོད་སྒྲོ་མ་དེ་ཤུགས་ཆེ་ལ་རྒྱང་ཆོད་པ་དང་འུག་སྒྲོ་མ་དེ་མཚན་མོར་འཕངས་ན་གནད་ལ་ཕོག་ཐུབ་པ། ཁྲ་སྒྲོ་མ་དེ་མྱུར་ལ་རྣོ་བའི་ཁྱད་ཆོས་ལྡན་པ་ཡིན་སྐད། གཞན་ཡང༌། མདའ་གཞུའི་རིགས་ལ་ལྕགས་མདའ་དང་ལྕགས་གཞུ། སྨྱུག་མདའ་དང་སྨྱུག་གཞུ། སྐྱེར་མདའ་དང་སྐྱེར་གཞུ་ཞེས་པ་ཡོད་པ་དང༌། ཕྱིས་སུ་དར་ཁྱབ་ཤིན་ཏུ་ཆེ་བ་ཡང་གསོན་དཀར་མདའ་དང་འབྲོང་རྭའི་གཞུ་ཡིན།

དམངས་ཁྲོད་ཀྱི་ངག་སྒྲོས་ལ་ཡང༌། ནང་ཨ་ཁུ་བཟང་བའི་བཀའ་དྲིན་ལ། འབྲོང་རྭ་སྨུག་པོ་གཞུ་ལ་བཀུག  ནང་བུ་ཚ་ཡོང་ན་འཕེན་རྐྱང་རེད་ཟེར་བ་བཞིན། རྭ་གཞུ་ཐམས་ཅད་འབྲོག་རྭའི་རྭ་འབའ་ཞིག་ཡིན་པ་སུས་ཀྱང་ཁ་ཚོན་གཅོད་དཀའ་མོད། འོན་ཏེ་རྭ་གཞུ་ཡིན་པ་སུས་ཀྱང་ཁས་ལེན་བཞིན་འདུག  རྭ་གཞུ་དེ་སྨྱུག་གཞུ་དང་སྐྱེར་གཞུར་མི་མཐུན་པ་དེ་ནི། མདའ་འཕེན་མཁན་ལ་ཤུགས་ཅུང་ཆེ་བ་མེད་ན་གཞུ་རྒྱུད་འཐེན་དཀའ་ལ། འཐེན་ཐུབ་པའི་དབང་དུ་བཏང་ན་གཏོང་དཀའ་བ་ཡིན། གལ་སྲིད་ནུས་ཤུགས་འཛོམས་པའི་ཕོ་གསར་ཞིག་ཡིན་ཕྱིན་འཐེན་སླ་བ་མ་ཟད་གཏོང་བ་ཡང་རང་དབང་ཡོད་པ་བཞིན། འབེན་ལ་ཡང་ཕོག་སླ། གང་ལྟར་ཡང་གཙོ་བོ་རང་རང་གི་མཐེབ་རྩལ་ལ་རག་ལས་ཡོད་པ་རེད།

ད་ལྟ་མདའ་རྩེད་འདི་རྒྱུན་མ་ཆད་པར་རྩེད་བཞིན་ཡོད་པའི་ས་ཁུལ་ཡང་གཙོ་བོ་རྨ་ཆུའི་ཕ་རོལ་གྱི་གྲོང་སྡེ་ཆེན་མོ་མང་འབའ་བྱ་གསུམ་དང༌། གཅན་ཚ། རྨ་ཆུའི་ཚུར་རོལ་གྱི་ཆབ་འགག་ས་ཁུལ་དང་གྲོ་ཚང༌། དཔའ་ལུང་བཅས་ཀྱི་ཡུལ་ཕྱོགས་སུ་ཕལ་ཆེར་རང་གི་ཨ་མྱེས་ཡང་མྱེས་ཀྱིས་བཏོད་པའི་སྲོལ་ལྟར། ལོ་རེའི་ཆད་པ་མེད་པར་མདའ་རྩེད་ཀྱི་དགའ་སྟོན་ལ་རོལ་དང་རོལ་བཞིན་མཆིས། ས་ཁུལ་དང་ས་ཁུལ་བར་གྱི་མདའ་རྩེད་ཀྱི་ཁྱད་ཆོས་དང་གོམས་སྲོལ་ཆེ་བའི་ཕྱོགས་སུ་མཐུན་ཡང་ཆུང་བ་མི་མཐུན་པ་ཡང་མང་ངོ།

ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།