བོད་ཀྱི་གཞས་མ་ཚེ་དབང་ལྷ་མོ་ལ་ཆེས་ཕུལ་བྱུང་གི་གླུ་མའི་བྱ་དགའ་ཐོབ་པ།

བོད་ཀྱི་གྲགས་ཅན་གླུ་མ་ཚེ་དབང་ལྷ་མོ་ལགས།

དབྱར་གཞུང་གི་རྩྭ་ཐང་ནི་གནམ་སྔོན་པོ་གདན་དུ་བཏིང་བ་དང་འདྲ་ལ་ཁྱུང་མཆུ་ཡི་མཚན་མོ་ནི་སྐར་ཚོགས་ཀྱི་མཛེས་སྡུག་ས་ལ་འཕོ་བ་དང་གཉིས་སུ་མ་མཆིས། སྐབས་འདིར་ནོར་གནག་རོལ་དབྱངས་དུས་ཆེན་གྱི་བྱ་དགའི་མཛད་སྒོ་ནི༢༠༡༧ལོའི་ཟླ༧ཚེས༨ཉིན་དགོང་མོར་རྒྱ་བོད་གཉིས་ནས་ཡོང་བའི་རོལ་དབྱངས་ཆེད་མཁས་པ་དང་གཞས་པ་གཞས་མ་སྟེ་སྐར་ཆེན་མང་པོ་ཞིག་སྒྱུ་རྩལ་གྱི་ཆེད་དུ་རྔ་བ་ཁྱུང་མཆུ་རྩྭ་ཐང་དུ་མཉམ་འཛོམ་བྱུང་ཡོད།

སྐབས་འདིར་སྒྱུ་རྩལ་ཆེད་མཁས་པ་མང་པོ་ཞིག་མཉམ་དུ་འཛོམ་པ་དེས་བོད་ཀྱི་གླུ་དབྱངས་སྒྱུ་རྩལ་འདི་དེང་རབས་ཅན་དུ་འགྱུར་བའི་སྟ་གོན་ཞིག་ཀྱང་ཡིན་སྲིད། ད་དུང་གྲངས་ཉུང་མི་རིགས་ཀྱི་གླུ་དབྱངས་སྒྱུ་རྩལ་གྱི་སྟོང་ཆ་ཞིག་ཀྱང་བསྐངས་བའོ།

སྐབས་འདིར་བོད་ཀྱི་ན་གཞོན་གླུ་མ་ཚེ་དབང་ལྷ་མོ་ལ་ནོར་གནག་རོལ་དབྱངས་དུས་ཆེན་གྱི་ལོ་མཇུག་གི་ཆེས་ཕུལ་བྱུང་གི་གླུ་མ་ཞེས་པའི་བྱ་དགའ་ཐོབ་སོང༌། ན་གཞོན་གླུ་མ་ཚེ་དབང་ལྷ་མོ་ལ་མཚོན་ན་གླུ་དབྱངས་ཀྱི་ལམ་ཁ་འདིར་ཞུགས་པ་ནས་བཟུང་ཀྱག་ཀྱོག་གི་དཀའ་ཁ་ཅི་ཙམ་ཆེ་ཡང་སྒྱུ་རྩལ་གྱི་ཕུགས་འདུན་ལ་ལྷོད་ཡངས་བྱེད་མ་མྱོང་པས་དེ་རིང་གི་གཟེངས་བསྟོད་ཀྱི་བྱ་དགའ་འདི་འདྲ་ཞིག་ཐོབ་སོང་བ་རེད།

འདི་ནི་ཁོ་མོའི་མིག་ཆུ་དང་རྔུལ་ཆུ་ལས་གྲུབ་པའི་ན་ཟུག་གི་བྱ་དགའ་ཞིག་དང༌། འདི་ནི་ཁོ་མོའི་དགའ་བ་དང་སྤྲོ་བ་ལས་གྲུབ་པའི་བདེ་སྐྱིད་ཀྱི་བྱ་དགའ་ཞིག་ཀྱང་ཡིན་ཆོག་སྟེ་སྒྱུ་རྩལ་གྱི་འཇིག་རྟེན་འདི་རུ་དགའ་སྐྱོ་ཡི་ཚོར་བ་མང་པོ་ཞིག་ལ་བརྒྱུད་མྱོང་བྱེད་དགོས་པས་སོ། ། གང་ལྟར་བྱ་དགའ་འདིས་ཁོ་མོའི་རང་ཚུགས་མཚོན་ལ་ཁོ་མོའི་ཕུགས་འདུན་མཚོན་ཡོད།

གཟེངས་བསྟོད་ཀྱི་བྱ་དགའ་འདིས་དུས་གསུམ་གང་དུའང་ཁོ་མོའི་སྐད་ངག་ལ་དགའ་ཞིང་ཁོ་མོའི་མི་གཞི་ལ་དུང་བའི་སྤུན་ཟླ་གང་མང་ཞིག་གི་རེ་བ་དང་ཡིད་ཆེས་ཀྱང་མཚོན་ཡོད། གང་ལྟར་འདི་ནི་འབྲས་རྟགས་ཡིན་ལ་རྒྱལ་ཁ་ཡང་ཡིན། གང་ལྟར་འདི་ནི་རེ་སྐུལ་ཡིན་ལ་ཡིད་ཆེས་ཀྱང་ཡིན། དགོང་མོ་དེར་ཁོ་མོའི་གླུ་དབྱངས་སྒྱུ་རྩལ་ལ་དགའ་བའི་ལྟད་མོ་བ་རྣམ་པས་དགའ་བསུ་ཐལ་སྒྲའི་ཁྲོད་ཁྱུང་མཆུ་རྩྭ་ཐང་གི་ལྷིང་འཇགས་དཀྲོགས་སོང༌།