SatAugSat2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

གཞས་མ་དང་རྩོམ་པ་པོ་འཇམ་དབྱངས་སྐྱིད་ངོ་སྤྲོད།

གཞས་མ་འཇམ་དབྱངས་སྐྱིད་ཀྱི་པར་རས།

བདག་གི་མིང་ལ་འཇམ་དབྱངས་སྐྱིད་ཟེར། སྐྱེས་ཡུལ་ནི་བོད་མདོ་དབུས་ཁམས་གསུམ་གྱི་ཡ་གྱལ་མདོ་སྨད་ཀྱི་ཆར་གཏོགས་པ་ད་ལྟ་མཚོ་སྔོན་ཞིང་ཆེན་ཟེར་བའི་ཁོངས་ཀྱི་མཚོ་ལྷོ་ཁུལ་ཀོས་ནན་རྫོང་བྱ་མདོ་ར་རྫ་ཞེས་པའི་གྲོང་ཚོ་ཞིག་ཡིན།

ཕ་མ་གཉིས་ཀ་ཞིང་པ་ཡིན། ཆུང་ངུའི་དུས་ནས་ཕ་ཡུལ་དུ་སློབ་གྲྭ་ཆུང་འབྲིང་འགྲིམས། སློབ་གྲྭ་དེ་དག་ཐོན་རྗེས་རང་ཡུལ་དང་ཁད་ཅུང་ཟད་རིང་བའི་མཚོ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་ཟེར་བ་དེར་ཕྱིན། སློབ་གྲྭ་དེ་ནས་མཐར་མ་ཕྱིན་པའི་སྔོན་སྟེ༡༩༨༤ལོར་མཚོ་སྔོན་ཞིང་ཆེན་བོད་སྐད་བརྙན་འཕྲིན་ལས་ཁུངས་གསར་འཛུགས་སྐབས་ང་ཚོའི་སློབ་གྲྭའི་ནང་སྙན་སྒྲོན་པ་བསྡུ་ལེན་བྱེད་དུ་ཡོང་ནས་ང་རང་སྟེས་དབང་སྟབས་འགྲིག་གིས་སྙན་སྒྲོན་པ་རུ་བསྡུ་ལེན་བྱས་ནས་ཟི་ལིང་དུ་ཡོང་ཐུབ་པ་བྱུང་སོང༌། ༡༩༩༣ལོ་ནས༡༩༩༦ལོ་བར་ཡང་བསྐྱར་མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་གྲྭ་ཆེན་མོའི་སྦྲག་ཁྲིད་སློབ་གསོ་མྱངས་ཤིང་དེ་ནས་ཆེད་སྦྱོང་སློབ་གྲྭ་ཆེན་མོའི་སློབ་ཐོན་འཛིན་ཡིག་ཐོབ།

བདག་གིས་བོད་ཡིག་གི་ལམ་ནས་གསར་འགྱུར་གྱི་ལས་ཀ་བྱས་ཏེ་ད་ཕན་ལོ་ངོ༢༠ལྷག་འདས་སོང༌། ལོ་དེ་དག་གི་རིང་ལ་བརྙན་འཕྲིན་སྙན་སྒྲོན་པའི་ལས་ཀ་དང༌། གསར་འགྱུར་དང་ཆེད་སྒྲིག་ལེ་ཚན་ཡིག་སྒྱུར་གྱི་ལས་ཀ་སོགས་བྱས་མྱོང༌། ལོ་མང་པོའི་སྔོན་ནས་ད་བར་དུ་གསར་འགྱུར་དང་ཆེད་སྒྲིག་ལེ་ཚན་སྒྲིག་སྦྱོར་གཏུབ་མཐུད་ཀྱི་ལས་ཀ་བྱེད་གི་ཡོད།

གོང་དུ་བཀོད་པ་ནི་རང་ལ་འཁྲི་བའི་ལས་ཀའི་སྐོར་གྱི་གནས་ཚུལ་ཉུང་བསྡུས་ཙམ་ཡིན། གཤམ་དུ་ལས་ཞོར་ལས་ཀའི་གྲུབ་འབྲས་སྐོར་ཉུང་གསལ་ཙམ་བཀོད་ན།

ཕྱི་དང་ནང་གི་རྒྱུ་རྐྱེན་གང་རུང་ཞིག་གི་དབང་གིས་བདག་གིས་རང་ཉིད་ཆེས་དགའ་བའི་ལས་དེ་ལ་རང་གི་དུས་ཚོད་དང་ནུས་ཤུགས་ཡོད་ཚད་འདོན་ཐུབ་མ་སོང༌། བདག་ཉིད་ཆེས་དགའ་བའི་ལས་ནི་གླུ་གཞས་གཏོང་རྒྱུ་དེ་ཡིན། གླུ་གཞས་ལ་དགའ་བའི་བག་ཆགས་ཐོག་མའི་འབྱུང་ཁུངས་ཕལ་ཆེར་བདག་གི་ཕ་ཡུལ་ལུང་པ་ཡིན་རྒྱུ་རེད། རྒྱུ་མཚན། ང་ཚོའི་ལུང་པར་གཞན་ཡིད་ཅིག་ཅར་འཕྲོག་པའི་བཀོད་ལེགས་མཛེས་ལྗོངས་འདྲ་མེད་ཀྱང༌། མི་མང་གི་ཁྲོད་དུ་ཡིད་ཀྱི་དང་བ་འདྲེན་པའི་གླུ་དང་ལ་གཞས་དང་བྲོ་གར་བབ་ཆགས་པ་དར་སོ་ཆེ་བ་རེད། ན་གཞོན་རྣམས་ལང་ཚོ་དར་ལ་བབ་སྟེ་འཇིག་རྟེན་རྩེ་དགའི་དཔལ་ལ་རོལ་བའི་དུས་སུ་བུ་དང་བུ་མོ་དེ་དག་གིས་གཅིག་ལ་གཅིག་མཛའ་བའི་ལ་གཞས་གཏོང་བ་དང་ལ་གཞས་ཀྱི་ཚིག་ཡི་གེར་བྲིས་ཏེ་ཕན་ཚུན་ལ་མཛའ་ཕྲིན་སྐུར་བ་རེད། ལོ་རེ་རེའི་ལོ་གསར་དང་འཇིག་རྟེན་མཐུན་འཇུག་གི་ཆང་ས་གཉེན་སྟོན་སྐབས་སུ་མི་རྣམས་དུད་ཚང་རེར་འདུས་ཏེ་གླུ་ལེན་གར་རྩེ་བྱེད་པ་རེད། ང་ཚོའང་བོད་པ་གཞན་དག་དང་འདྲ་བར་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་ཡིན། སྤོ་བོ་རྨོ་བོ་རྣམས་ཀྱིས་ཆོས་ཀྱི་ཁ་ཏོན་ཉིན་ལྟར་ཆད་མེད་དུ་འདོན་པ་རེད།

དབྱངས་འགྲོས་ངེས་ཅན་ལྡན་ཞིང་མཐོ་དམའ་རན་ལ་ལྷོད་བག་ཆགས་པའི་དབྱངས་རྟ་དེ་དག་ནི་མིའི་ཡིད་སེམས་བདེ་རུ་འགོད་པའི་གསོས་སུ་གྲུབ་ཡོད་པ་རེད། དུས་ནམ་ཞིག་གི་ཚེ་གྲོང་ཚོའི་ནང་གི་མི་ཞིག་ཚེ་ལས་འདས་པ་ན། སྡེ་མི་རྣམས་སྡུག་བྱུང་བའི་དུད་ཚང་དེར་ཡོང་སྟེ་དགེ་རྩ་སྒྲུབ་མཁན་ཆོས་བྱེད་དགེ་འདུན་པ་རྣམས་ལ་སྣེ་ལེན་ཞབས་ཏོག་དང་དུད་ཚང་དེར་ཕྱི་ནང་གི་ལས་ཀ་ལས་རོགས་བྱེད་ཅིང༌། ཁྱིམ་ཚང་དེས་ཀྱང་དཀར་དམར་སྐྱ་གསུམ་གྱི་ཟས་རིགས་འཛོམས་ཚད་ཀྱིས་མི་རྣམས་ངོམས་པར་བྱེད་པ་རེད། ང་ཚོས་མི་རྣམས་ཟོས་ཀྱིས་ངོམས་པར་བྱེད་པ་དེ་ཡང་གཤིན་པོའི་དགེ་རྩའི་རིགས་ཤིག་ཏུ་ངོས་འཛིན་བྱེད་གི་ཡོད། ཉིན་དེ་དག་གི་རིང་དགོང་དྲོའི་ཁ་ལག་བཟས་ཚར་བ་དང་གྲོང་ཚོའི་ནང་གི་བུད་མེད་གྲེ་ངག་བདེ་བ་ཞིག་གིས་དབུ་མཛད་ཀྱི་ཚུལ་དུ་ཆོས་ཀྱི་ཚིགས་སུ་བཅད་པ་གང་རུང་གླུ་རུ་ལེན་པ་དང་གྲོང་མི་ལྷན་རྒྱས་ནས་མ་ཎི་ཡིག་དྲུག་དབྱངས་སུ་གྱེར་ནས་དེར་རམ་འདེགས་བྱེད་པ་རེད། སྐྱོ་དུང་དུང་གི་ཆོས་ཀྱི་གདངས་དབྱངས་དེ་ནི་དུད་ཚང་དེའི་ནང་མི་ཚོར་སེམས་གསོ་དང་འད་པོར་སྐྱེད་མ་བྱེད་པ་ལྟ་བུར་གྱུར་ཡོད་པ་རེད།
ང་ནི་ཁོར་ཡུག་དེ་ལྟ་བུ་ཞིག་ཏུ་སྐྱེས་ཤིང་ནར་སོན་པ་ཡིན། རང་ཉིད་ལ་ལྷན་སྐྱེས་སུ་སྐད་ངག་བདེ་པོ་ཞིག་ཡོད་པ་དང་ཡང་ན་ཁོར་ཡུག་དེ་འདྲ་ཞིག་ཏུ་འཚར་ལོངས་བྱུང་བའི་རྐྱེན་ཨེ་ཡིན་ནམ། གང་ལྟར་ཀྱང་ཆུང་དུས་ནས་གླུ་དང་ལ་གཞས་ལེན་པར་དགའ་པོ་ཞེ་དྲག་ཡོད་པ་རེད།

༡༩༩༠ལོར་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ལེ་ཚན་ཞིག་ཏུ་བདག་གི་གླུ་གཞས་ཐོག་མ་སྟེ་རྒྱང་རིང་གི་མཛའ་བོ་ཞེས་པ་དེ་བཏང་བ་ཡིན། དུས་དེ་ནས་ད་བར་དུ་བདག་གིས་རང་ཉིད་ཀྱི་ཆེད་བསྒྲིགས་སྒྲ་ཐག་དྲན་གདུང་དང་སེམས་འཕྲིན་དང་སྨོན་ལམ་དང་རྒྱང་རིང་གི་མཛའ་བོ་དང་ཁྱེད་དང་ང་བཅས་ལྔ་དང༌། CD ནི་སྨོན་ལམ་དང VCD ནི་རྒྱང་རིང་གི་མཛའ་བོ་དང་ལས་འཕྲོ་བཅས་འོད་སྡེར་གསུམ་བཏོན་ཏེ་བོད་མདོ་དབུས་ཁམས་གསུམ་དུ་འགྲེམ་སྤེལ་བྱས་ཤིང༌། ནེ་པ་ལ་དང་རྒྱ་གར་ཕྱོགས་ཀྱི་བོད་མི་ཡོད་ས་ལའང་མཐོང་ཞེས་གཞན་གྱིས་སྨྲ།

བདག་གི་གླུ་གཞས་ཀྱི་ནང་དོན་གཙོ་བོ་ནི་བོད་མི་རང་ཉིད་ཀྱི་དགའ་སྐྱོ་བདེ་སྡུག་གི་སྐོར་ཡིན། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས། ད་ལྟའི་བོད་ཡུལ་དུའང་རྒྱ་སྐད་དང་རྒྱ་ཡིག་གི་སྟོབས་ཧ་ཅང་ཆེ་གཤིས་བོད་ཀྱི་གླུ་པ་དང་གླུ་མ་དག་གིས་ཀྱང་དེ་ལ་དེ་བསྟུན་གྱིས་རྒྱ་སྐད་ཀྱི་ལམ་ནས་གཞས་གཏོང་མཁན་མང་ཆེ་ཤོས་རེད། ཡིན་ཡང་བདག་གིས་དེ་ནི་རྩ་དོན་ཞིག་ཏུ་ངོས་བཟུང་སྟེ་བོད་རང་གི་མི་མང་ལ་བོད་རང་གི་ཕ་སྐད་ཀྱི་ལམ་ནས་གཞས་བཏང་དང་གཏོང་གིན་ཡོད། བདག་གི་གཞས་ལ་དེང་དུས་དར་རྒྱུགས་གླུ་དབྱངས་ཀྱི་ཁྱད་ཆོས་ཐོན་ཡོད་ལ་ཆབས་ཅིག་ཨ་མདོའི་གླུ་དང་ལ་གཞས་ཀྱི་ཤན་ཤུགས་ཀྱང་འདྲེས་ནས་ཡོད། མ་ཟད་བདག་གིས་བཏང་བའི་གླུ་གཞས་ནི་མདོ་དབུས་ཁམས་གསུམ་གྱི་གདངས་རྩོམ་མཁན་དག་གི་བརྩམས་ཆོས་རིས་མེད་ཡིན་པས་བོད་ཡུལ་གྱི་གླུ་པ་གླུ་མ་གཞན་དག་དང་བསྡུར་ན་སོ་སོའི་ཁྱད་ཆོས་མངོན་གསལ་ཡོད་པ་རེད། དེ་ཡང་བོད་རང་གི་དམངས་གླུ་རྨང་གཞི་བྱས་ནས་དེའི་སྟེང་གསར་བཏོད་རེ་བྱེད་ཨེ་ཐུབ་ལྟ་རྒྱུ་ནི་བདག་གི་དམིགས་འབེན་ཉག་ཅིག་ཡིན། རྒྱ་མཚན་དེ་དག་གི་དབང་གིས་ཡིན་ཀྱང་སྲིད། གང་ལྟར་བོད་ཡུལ་དུ་བདག་གི་གླུ་གཞས་ལ་དགའ་པོ་བྱེད་མཁན་མང་པོ་ཡོད་ཅེས་སྒྲོ་འདོགས་གང་ཡང་མེད་པར་བཤད་ཆོག

༢༠༠༤ལོའི་ཟ༤བའི་ནང་བདག་ཆེད་དུ་བལ་ཡུལ་ལ་ཐེངས་ཤིག་སོང་ནས་བོད་ཀྱི་གླུ་པ་གྲགས་ཅན་ཚེ་རིང་འགྱུར་མེད་ལགས་དང་མཉམ་དུ་གཞས་ཁ་ཤས་བཏང་ནས་བལ་ཡུལ་རང་ནས་རོལ་མོ་བཟོ་བ་དང་སྒྲ་ལེན་སྒྲིག་སྦྱོར་སོགས་བྱས་པ་ཡིན། VCD བརྙན་སྡེར་དེའི་མིང་ལ་ལས་འཕྲོ་ཟེར། བརྙན་སྡེར་ལས་འཕྲོ་བོད་ཡུལ་དུ་འགྲེམ་སྤེལ་བྱས་རྗེས་གྲགས་འགུལ་མི་ཆུང་བ་ཞིག་བྱུང༌། ལྷག་པར་དུ་གཞས་ཚིག་བདག་གིས་བརྩམས་པ་དང་གཞས་གདངས་ཚེ་རིང་འགྱུར་མེད་ལགས་ཀྱིས་བརྩམས་པའི་ལས་འཕྲོ་ཞེས་པའི་གཞས་དེར་རོང་འབྲོག་ཁུལ་གྱི་ཉན་མཁན་མང་པོས་དགའ་བསུ་ཐོབ་ལ། བོད་ཀྱི་རོལ་མོ་མཁས་ཅན་བསྟན་འཛིན་སྤེན་ནོར་ལགས་ཀྱིས་ཀྱང་གདེང་འཇོག་ཚད་མཐོན་པོ་གནང༌། མ་ཟད། བོད་ཁམས་ཡོངས་ཀྱི་ས་གནས་སོ་སོ་ནས་བདག་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་དང་ཁ་པར་བཏང་ནས་སྐུལ་མ་བྱེད་མཁན་དང༌། ད་དུང་ལག་ཁྱེར་ཁ་པར་སྟེང་ནས་འཕྲིན་ཐུང་སྐུར་མཁན་སོགས་མང་པོ་བྱུང༌། དེ་ཡང་གཙོ་བོ་བདག་གི་གཞས་ཚིག་བོད་རང་གི་ཡི་གེ་ཡིན་པ་མ་ཟད། དེའི་ནང་དོན་ཡང་ང་རང་གི་འཚོ་བའི་ནང་བྱུང་ཟིན་པའི་དོན་དག་རང་ཡིན་པས་ལུས་ངག་ཡིད་གསུམ་གཞས་ཀྱི་ནང་ཐིམ་ཡོད་པ་དང༌། རང་སེམས་ཀྱི་བརྩེ་བ་དྭངས་མས་བླངས་ཡོད་པའི་ཐོག གཞས་གདངས་ལའང་བོད་རང་གི་ཁྱད་ཆོས་ཅུང་འཛོམས་པ་མ་ཟད་སྐྱོ་ཞིང་གདུང་བའི་ཉམས་འགྱུར་ཀྱང་ལྡན་པས་གླུ་ཚིག་དང་ཧ་ཅང་རན་པོ་འདུག དེའི་སྟེང་བདག་གིས་གཞས་དེ་གཏོང་སྐབས་ཨ་མདོའི་གླུ་དང་ལ་གཞས་ཀྱི་འགུགས་ལུགས་དང་དེང་རབས་གླུ་གཞས་ལེན་སྟངས་གཉིས་ཆུ་དང་འོ་མ་བཞིན་འདྲེས་སུ་བཅུག་ཡོད་པས་ན། ཁྱད་ཆོས་དོད་པོ་ལྡན་པ་ཞིག་རེད་སྙམ།

ད་ཆ་བདག་གིས་ལས་ཀའི་ཞོར་དུ་བོད་ཀྱི་བུད་མེད་དང་བྱིས་པའི་གནས་ཚུལ་ལ་བརྟག་དཔྱད་བྱས་ཐོག དེ་དང་ནུབ་ཕྱོགས་སྔོན་ཐོན་རྒྱལ་ཁབ་ཁག་གི་བུད་མེད་དང་བྱིས་པའི་གནས་ཚུལ་གཉིས་ཞིབ་བསྡུར་གྱིས། ཁ་མ་འོངས་པར་ཕྱོགས་ཏེ་བོད་ཀྱི་བུད་མེད་དང་བྱིས་པའི་གནས་བབ་ལེགས་སྒྱུར་ཐད་རང་གི་ལྟ་ཚུལ་དང་བཅས་པའི་འབོལ་རྩོམ་འབྲི་བཞིན་ཡོད། དེར་མ་ཟད། བདག་གིས་བྲིས་པའི་འབོལ་རྩོམ“བོད་མོ་ཁ་ཤས་བསླུས་འཚོང་བྱས་ཚུལ་ལས་ཅི་ཞིག་གོ་རྒྱུ་ཡོད”ཅེས་པ་ཚགས་པར་དུ་བཀོད)(“མཚོ་སྔོན་བོད་ཡིག་གསར་འགྱུར”༢༠༠༥ལོའི་སྤྱི་ཟླ༡༡པའི་ཚེས༣༠ཉིན་གྱི་པར་ངོས༢པར་གསལ)རྗེས་ཀློག་པ་པོའི་ཁྲོད་གྲག་འགུལ་མི་ཆུང་བ་ཞིག་བྱུང་གཤིས། རྩོམ་སྒྲིག་པས་ཡང་བསྐྱར་རྩོམ་བསྐུལ་བྱས་པར་བདག་གིས“ཁོ་མོ་ཚོ་ཅིའི་ཕྱིར་གཞན་ཡུལ་དུ་འབྲོ་དགོས་སོང”(མཚོ་སྔོན་བོད་ཡིག་གསར་འགྱུར“༢༠༠༦ལོའི་སྤྱི་ཟ༡པའི་ཚེས༡༠ཉིན་གྱི་པར་ངོས༢པར་གསལ)ཞེས་པ་ཞིག་བྲིས། དེའི་གོང་དུ་རྩོམ་སྒྲིག་པས། ”ཕུན་ཚོགས་འཚོ་བ་འདོན་ཐེངས༡༤༨པའི་སྟེང་འཇམ་དབྱངས་སྐྱིད་ཀྱིས་བྲིས་པའི་རྩོམ་ཡིག‘བོད་མི་ཁ་ཤས་བསླུས་འཚོང་བྱས་ཚུལ་ལས་ཅི་ཞིག་གོ་རྒྱུ་ཡོད'ཅེས་སྤེལ་རྗེས། ཀློག་པ་པོ་མི་ཉུང་བ་ཞིག་གིས་ཁ་པར་དང་འཕྲིན་ཡིག་གི་ལམ་ནས་རང་རང་གི་ལྟ་ཚུལ་རྩོམ་སྒྲིག་པར་ལྷུགས་པར་བརྗོད་བྱུང༌། དེར་གཞིགས་ན་རྩོམ་ཡིག་འདིས་ཀློག་པ་པོའི་ཁྲོད་གཡོ་འགུལ་ཆུང་ཆུང་ཞིག་ཅིས་ཀྱང་ཐེབས་ཡོད་ཚོད་འདུག དོན་དུ་ཡང་རང་རེའི་བུད་མེད་རྣམས་ཀྱི་ལས་དབང་ནི་ཕོ་མཆོག་མོ་དམན་སོགས་འདུ་ཤེས་རྙིང་པ་ལས་ཐར་ཐུབ་མེད་དེ། ལྟོས་བཅས་ཀྱིས་སློབ་གསོ་མྱོང་སྐལ་མེད་པ་དང་གཉེན་སྒྲིག་རང་དབང་མེད་པ་སོགས་ཀུན་གྱིས་ཤེས་གསལ་ལྟར་ལགས་པས། གནས་ཚུལ་འདིའི་རིགས་ལ་དོ་སྣང་དང་མཐོང་ཆེན་བྱེད་རྒྱུ་ནི་ང་ཚོའི་གཟུར་དུ་མེད་པའི་འགན་འཁྲི་ཡིན། དེར་དམིགས་ནས་ད་ཐེངས་ཡང་ཆེད་དུ་པར་ངོས་འདི་བསྒྲིགས་པ་ཡིན་ལ། པར་ངོས་ཚད་བཀག་དབང་གིས་ཀློག་པ་པོས་བསྐུར་ཡོང་བའི་རྩོམ་ཡིག་ཁྲོད་ལེགས་ཤོས་གཅིག་ལས་འགོད་མ་ཐུབ་པར་དགོངས་དག་ཞུས་པ་ཡིན། སླད་མར་ཡང་འདིའི་ཕྱོགས་ལ་ཐུགས་ཁུར་མཛད་མཁན་ཡོངས་ནས་ལྗགས་རྩོམ་བསྐུར་གནང་ཡོང་རྒྱུ་ནི་རྩོམ་སྒྲིག་པའི་རེ་བ་ཡིན”ཞེས་པའི་གཏམ་འདི་འདྲ་ཞིག་བྲིས་འདུག

མཐར་སྤུན་ཟླ་རྣམ་པ་དང་ལྷག་པར་དུ་བདག་གི་གླུ་གཞས་ལ་དགའ་པོ་བྱེད་མཁན་གྱི་ཉན་མཁན་གྲོགས་པོ་རྣམས་ལ་ཞུ་རྒྱུ་ཞིག་ནི། ཉེ་ཆར་བདག་གིས་གླུ་གཞས་འོད་སྡེར་གསལ་པ་ཞིག་བཟོ་ཨེ་ཐུབ་ལ་བསམ་བློ་གཏོང་གི་ཡོད། ཡིན་ནའང་ད་ལོ་འགྲིམ་སྤེལ་བྱེད་ཐུབ་མིན་ད་ལྟ་ད་དུང་ཁག་ཐེག་མི་ཐུབ། གང་ཡིན་ཟེར་ན་རང་འཁྲིའི་གསར་འགྱུར་ལས་ཀའི་ཞོར་དུ་གཞས་ཚིག་དང་གཞས་གདངས་རོལ་དབྱངས་སོགས་ཕྱོགས་གང་ཅིའི་ཐད་ནས་ཅུང་སྤུས་དག་ཅིག་དང་ཡང་བོད་རང་གི་ཁྱད་ཆོས་དོད་པོ་ལྡན་པ་ཞིག་བཟོ་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་གཏན་ནས་མ་རེད། ཡིན་ནའང་ངས་ད་ལྟ་དེའི་ཕྱོགས་ལ་བསམ་གཞིགས་ཕྲ་མོ་རེ་དང་སྟ་གོན་ཏོག་ཙམ་རེ་བྱེད་གྱིན་ཡོད།

དགོས་དབང་གིས་བདག་གིས་ཀོ་ལུམ་སྦི་ཡ་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཞིག་གིས་བདག་ལ་འདི་ལྟ་བུའི་འདྲི་ཚིག་ཅིག་དྲིས་པ་དྲངས་པ་ཡིན། ཁྱེད་ཀྱི་ནམ་རྒྱུན་འཚོ་བའི་ཁྲོད་རང་འཁྲིའི་གསར་འགྱུར་སྒྲིག་སྦྱོར་ལས་ཀ་དང་རང་གི་དགའ་ཁ་འཁྱེར་ཕྱོགས་ཀྱི་གཞས་གཏོང་བ་གཉིས་བར་འགལ་ཟླ་བྱུང་ཨེ་མྱོང་ཟེར། བདག་གིས་ལན་དུ་འགལ་ཟླ་བྱུང་མྱོང་དང་མྱོང༌། རང་འཁྲིའི་ལས་ཀ་འདིའི་ཆེད་དུ་ང་རང་སྡུག་ལ་མང་པོ་སྦྱར་མྱོང་ལ་ཡིད་སེམས་ཀྱང་ཕངས་མྱོང༌། རྒྱུ་མཚན་མང་པོའི་རྐྱེན་གྱིས་བདག་གསར་འགྱུར་བྱ་བ་འདིར་གཏན་ནས་མི་དགའ་ནའང༌། ང་རང་གི་གཤིས་ཀ་འདི་རིག་རྩལ་གཉེར་མཁན་གྱི་ཁོར་ཡུག་ཏུ་དེ་ལས་ཀྱང་འཚམས་པོ་མིན་པ་བདག་ལ་གསལ། ང་ནི་རོལ་མོ་ལ་དགའ་བ་ཁོ་ན་ཙམ་གྱིས་རོལ་མོའི་ལས་འདི་བདམས་པ་ལས། རྙོག་འཛིང་དང་ཕྲག་དོག་གིས་ཁེངས་པའི་རིག་རྩལ་གྱི་ཁོར་ཡུག་དེར་ཞུགས་འདོད་ཡེ་ནས་མེད། རོལ་ དབྱངས་ཀྱི་ཆེད་དུ་འདས་སོང་གི་ལོ་ཟླ་རིང་མོའི་ཁྲོད་དཀའ་སྡུག་དང་ཟུར་ཟ་གང་མང་ཉོས་མྱོང༌། ཡིན་ཀྱང་རོལ་དབྱངས་ཀྱིས་ང་ཡི་མི་ཚེ་ལ་གསོན་ཤུགས་སྦྱིན། རོལ་དབྱངས་ཀྱིས་དུས་རྟག་ཏུང་ལ་སིམ་སིམ་པའི་ཚོར་བ་སྐྱིད་པོ་སྟེར། རོལ་དབྱངས་ཀྱིས་ང་ལ་ནང་སེམས་ཀྱི་ཚོར་བ་ཕྱིར་ལ་མངོན་པའི་གོ་སྐབས་གནང༌། ང་རང་རོལ་དབྱངས་ཀྱི་རང་བཞིན་དྭངས་མ་དང་ལྷག་སེམས་རྣམ་དག་དེ་ལ་དགའ་ཞིང་དུངས། ཡིན་ནའང་རང་འཁྲིའི་ལས་ཀ་གཏོང་བའི་སྙིང་སྟོབས་ང་ལ་མེད། གཞས་གཏོང་ལས་འགན་གཡུག་པའི་སྤོབས་པའང་ང་ལ་དབེན། དེ་བཞིན་འགལ་ཟླ་དང་འགལ་ཟླའི་ཁྲོད་ནས་ལང་ཚོ་ཡལ། རེ་སྙེག་དང་རྨི་ལམ་ཀློང་ནས་མི་ཚེ་རྫོགས་དགོས་པ་ཨེ་ཡིན་ནམ།

ཡོང་ཁུངས་ཀྲུང་གོ་བོད་ཀྱི་དྲ་བའི་རོས་མོ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།