TueMarTue2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

གླུ་བ་ཚེ་དཔལ་སྐྱབས་ཀྱི་མཚམས་སྦྱོར་མདོར་བསྡུས།

གར་སྟེགས་རྩྭ་ཐང་ལ་བཅོལ་བའི་དམངས་ཁྲོད་གླུ་ཚེ་དཔལ་སྐྱབས།

ཕ་མེས་ཀྱིས་བརྒྱུད་སྤྲོད་བྱས་པའི་གསེར་གྱི་ཕྲེང་རྡོག་རེ་རེ་ནི།
ཕྱི་རབས་པའི་མགྲིན་ན་འཁྱིལ་བའི་དབྱངས་རྟ་སྙན་མོ་རེ་རེ་ཡིན།

རྒྱལ་ཕམ་གྱི་བྲོ་བ་ལས་བྱུང་བའི་འབྲས་བུའི་ཐིགས་པ་རེ་རེ་ནི།
གསེར་མདོག་གི་ལམ་དུ་ཆས་པའི་ཡལ་མེད་ཀྱི་སྒུལ་ཤུགས་རེ་རེ་ཡིན།

དངོས་སྣང་གི་འཚོ་བ་ལས་བྱུང་བའི་དགའ་སྐྱོ་ཆགས་སྡང་རེ་རེ་ནི།
རྩ་ལམ་གྱི་བར་གསེང་ན་རྒྱུ་བའི་བརྩམས་ཆོས་ཕོན་པོ་རེ་རེ་ཡིན།

གཅིག

གླུ་སྐད་རྩྭ་ཐང་དུ་མཆེད་ཅིང༌། ཉན་མཁན་ཁྲི་སྟོང་མང་པོའི་སེམས་ཁོང་དུ་དབྱངས་རྟ་སིམ་སིམ་འཐིམས་པའི་གླུ་བ་ཚེ་དཔལ་སྐྱབས་ནི་མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་བྲག་དཀར་འབྲོག་སྡེ་རུ་འཚར་ལོངས་བྱུང༌། ཁོ་རང་སྐྱེ་ས་ནི་རི་མཐོ་ས་གཙང་གི་འབྲོག་ལྗོངས་ཤིག་སྟེ། གནས་དེ་ན་ལྷོད་ཡངས་ཀྱིས་འཁྱིལ་བའི་རྩྭ་ཐང་གིས་ཁོའི་བློ་རྒྱ་ཕྱེས་ཤིང༌། གནས་དེ་ན་ལྷུང་ལྷུང་དུ་འབབ་པའི་རྫ་ཆུ་ཡིས་ཁོའི་སྨྲ་ལྕེ་བརླན་ལ། གནས་དེ་ན་བག་ཡངས་ངང་རྒྱུ་བའི་སྤྲིན་དཀར་གྱིས་ཁོའི་སེམས་རྒྱུད་བཏུལ་ཞིང༌། གནས་དེ་ན་དལ་ལྷོད་ངང་རྒྱུ་བའི་ནོར་ལུག་གིས་ཁོར་བསྡོངས་གྲོགས་མཛད་ཅིང༌། གནས་དེ་ན་འོད་སྟོང་གིས་འཚོ་བའི་རིག་གནས་ཀྱིས་ཁོར་རྨི་ལམ་བསྐྲུན།

གླུ་བ་ཚེ་དཔལ་སྐྱབས་ལ་མཚོན་ན། གོམ་པ་སྤོ་ཤེས་པ་དང་སྐད་ཆ་བཤད་ཤེས་པ་ཙམ་ནས་ཁོ་ལ་ཆེས་མཛེས་སྡུག་གི་རྨི་ལམ་ཞིག་ཡོད་དེ། རྨི་ལམ་དེ་ནི་སྐྱེ་བ་སྔོན་མོའི་བག་ཆགས་ཤིག་གམ་མི་ཚེ་འདི་ཡི་དགའ་ཕྱོགས་ཤིག་གིས་ཁོའི་ཤ་དང་རུས་པའི་གསེང་ལ་འཐིམས་ཤིང་ལུས་དང་ཁྲག་རྩའི་སྦུབས་སུ་འཁྱིལ། དེ་ནི་ཁོ་རང་མི་ཚེ་འདིར་གར་སྟེགས་རྩྭ་ཐང་ལ་བཅོལ་བའི་དམངས་ཁྲོད་གླུ་བ་ཞིག་བྱེད་འདོད་པ་དེ་ཡིན།

ཆེས་ཐོག་མའི་རྨི་ལམ་འདི་བསྐྲུན་མཁན་ནི་གླུ་དང་ལ་གཞས་ལ་ཞེན་པོ་ཡོད་པའི་ཁོའི་སྤོ་བོ་དང་ཨ་ཕ་སོགས་ཡིན་པ་སྨོས་མ་དགོས་ལ། མེས་པོ་འདི་དག་གིས་དམངས་ཁྲོད་ཀྱི་གླུ་དང་ལ་གཞས། ཤགས་དང་ཁ་མཚར་རེ་རེ་ནི་གསེར་གྱི་ཕྲེང་རྡོག་རེ་རེ་བཞིན་གཅེས་ཤིང་བསྐྱངས་ཏེ་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་ལ་བརྒྱུད་སྤྲོད་བྱས་པ་ཡིན། གླུ་བ་ཚེ་དཔལ་སྐྱབས་ལ་མཚོན་ན་ཡང་ཕ་མེས་ཀྱི་ངག་ནས་བསླབས་པའི་དབྱངས་རྟ་འདི་དག་ནི་རང་ཉིད་ཀྱི་ཆེས་རིན་ཐང་བྲལ་བའི་དངོས་པོ་ཞིག་ལ་བརྩིས་ཏེ། རྟ་ནོར་ལུག་གསུམ་གྱི་རྨུག་རྗེས་དང་རི་ལུང་ཐང་གསུམ་གྱི་ན་ཐང་རེ་རེ་བརྒྱུད་དུས། ཁོའི་ལུས་དང་གྲིབ་མ་བཞིན་དོར་མ་མྱོང་ལ། གསེར་བཞིན་དཀོན་པའི་དབྱངས་རྟ་འདི་ལ་བརྟེན་ནས་ཁོའི་སྐད་ངག་གི་འགྱུར་ཁུགས་ཡང་ཁྲི་གཤོག་རྒྱལ་མོའི་མཚོ་མཐའ་ནས་གྲགས་ཏེ་བོད་ཁམས་ཡོངས་ཀྱི་མཁའ་དབྱིངས་སུ་བསྐྱོད་མགོ་བརྩམས།

གཉིས།

གླུ་བ་ཚེ་དཔལ་སྐྱབས་ལ་གཞས་ཀྱི་སྐས་རིམ་དུ་བསྙེགས་པའི་ཆེས་ཐོག་མའི་ལམ་བུ་ནི་ཡུན་དར་ཤང་ཡོངས་ཀྱི་དངོས་རྫས་བརྗེ་རེས་ཚོགས་ཆེན་གྱི་ལ་གཞས་འགྲན་བསྡུར་ཞིག་ལས་བྱ་དགའ་ཨང་དང་པོ་བླངས་པ་དེ་ཡིན་ལ། བྱ་དགའ་དེ་ལས་ཁོ་རང་གླུ་བ་བྱེད་པའི་ཆེས་ཐོག་མའི་རྨི་ལམ་མངོན་འགྱུར་བྱེད་མགོ་བརྩམས་ཤིང༌། ཐེངས་དེའི་གཟེངས་རྟགས་དེ་ལ་བརྟེན་ནས་གླུ་བ་ཚེ་དཔལ་སྐྱབས་ཀྱི་སྤོབས་པ་སྔར་ལས་ཆེ་རུ་ཕྱིན་ལ་མིག་རྒྱང་སྔར་ལས་ཆེ་རུ་བསྐྱེད་དེ་གླུ་ངག་གི་སྒོ་མོ་རེ་རེ་ཕྱེས་ཏེ་རིམ་གྱིས་འགྲན་རྩོད་ཀྱི་གར་སྟེགས་རེ་རེ་ལ་ཞུགས་མགོ་བརྩམས། ༡༩༩༣ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་སྟོན་ལས་ལ་གཞས་འགྲན་བསྡུར་གྱི་བྱ་དགའ་ཨང་གཉིས་པ་བླངས།

བྱ་དགའ་དེ་ནི་རྩྭ་ཐང་གར་སྟེགས་བྱས་ཤིང་ནོར་ལུག་གྲོགས་སུ་བསྟེན་ཏེ་ནར་སོན་པའི་ཁོ་ལ་མཚོན་ན་ཆེས་ཆེ་བའི་རྟིང་སྐུལ་ཞིག་ཏུ་མི་འགྱུར་བ་ག་ལ་སྲིད། ༡༩༩༤ལོར་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་ཉན་མཁན་མང་པོ་ཞིག་གི་རེ་བ་ལྟར་ཁོའི་དམངས་གླུ་སྐོར་ཞིག་སྒྲར་བླངས་ཏེ་རླུང་འཕྲིན་ལས་བཏང་བའི་དམངས་ཁྲོད་ནས་དགའ་བསུ་ཆེས་ཆེར་ཐོབ་ཞིང༌། ལྷག་ཏུ། སྐྱ་གསལ་ལེར་སྐྱ་རེངས་བཀྱགས་དུས་ན་ཞེས་པའི་དམངས་གླུ་དེར་རེ་བ་ཞུ་མཁན་ཆེས་མོད་པོ་ཞིག་བྱུང་སྟེ་བར་སྣང་འཕྲིན་གྱི་ཕོ་ཉའི་ལེ་ཚན་ལས་རྒྱུན་གཏོང་བྱེད་དགོས་པའི་ཚད་དུ་བསླེབས།

༡༩༩༦ལོར་སྐབས་དང་པོའི་རྨ་འབྲིའི་འབྱུང་ཡུལ་གྱི་དབྱར་ཀའི་དམངས་གླུའི་སྒྱུ་རྩལ་དུས་ཆེན་སྟེང་རྒྱལ་ཡོངས་ཀྱི་འགྲན་བསྡུར་ལས་བྱ་དགའ་ཨང་དང་པོ་བླངས་ཤིང༌། ལོ་དེར་ནུབ་མཚོ་མི་རིགས་སྒྲ་བརྙན་པར་བསྐྲུན་ཁང་གིས་ཆེད་ཞུས་འཁྲབ་སྟོན་པར་གདན་དྲངས་པའི་མཚན་སྙན་གནང་ལ། གྲུབ་འབྲས་འདི་དག་ལ་བརྟེན་ནས་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་གླུ་བ་ཕལ་བ་འདི་ཀུན་གྱིས་གདེངས་འཇོག་ཐོབ་པའི་གླུ་བ་ཞིག་ཏུ་འགྱུར་མགོ་བརྩམས་པས།

༡༩༩༨ལོར་ནུབ་མཚོ་མི་རིགས་སྒྲ་བརྙན་པར་སྐྲུན་ཁང་གིས་གཙོ་སྒྲུབ་བྱས་པའི་དུང་དཀར་སྒྱུ་རྩལ་ཚོགས་པ་རུ་གདན་ཞུ་བྱས་ཏེ་མཚོ་སྔོན་དང༌། ཀན་སུའུ། སི་ཁྲོན་སོགས་སུ་འཁྲབ་སྟོན་ཏུ་ཕྱིན་ཏེ་གླུ་དང་ལ་གཞས་གང་རུང་བླངས་པ་ལ་དམངས་ཁྲོད་ནས་ཐལ་མོ་ཡི་རྡེབ་སྒྲ་དང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། དེ་བས། འཁྲབ་སྟོན་མཇུག་རྫོགས་ནས་ཕྱིར་ཟི་ལིང་དུ་ལོག་རྗེས་སུ་དུང་དཀར་སྒྱུ་རྩལ་ཚོགས་པའི་ཆེས་ཕུལ་ཏུ་བྱུང་བའི་འཁྲབ་སྟོན་པ་ཞེས་པའི་གཟེངས་རྟགས་གནང༌།

༡༩༩༩ལོའི་ཟླ༡༠བར་ཆབ་ཆ་ས་ཁུལ་ནས་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་བོད་ཀྱི་ལ་གཞས་འགྲན་ཚོགས་ཏེ་ཁུ་བྱུག་སྔོན་མོའི་ལྡིང་ཁང་ཞེས་པ་ལས་ཁྱད་དུ་འཕགས་པའི་བྱ་དགའ་བླངས། ༢༠༠༣ལོར་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་ལ་གཞས་འགྲན་ཚོགས་སྟེང་བྱ་དགའ་ཨང་གཉིས་པ་ཐོབ་པ་དང༌། ༢༠༠༧ལོར་ཧི་མ་ལ་ཡ་རྟགས་མའི་བོད་ཀྱི་དམངས་གླུའི་འགྲན་བསྡུར་སྟེང་བྱ་དགའ་ཨང་གསུམ་པ་བླངས། དེ་ལྟར་དམངས་ཁྲོད་རིག་གནས་ཀྱི་བྲོ་བ་མངར་མོ་དེས་ཁོ་ཡི་ལུས་ངག་ཡིད་གསུམ་བརླན་པར་བྱས་པས་ཁོ་རང་དམངས་ཁྲོད་རིག་གནས་ལ་དགའ་བའི་དུངས་བ་སྔར་ལས་ཆེ་རུ་ཕྱིན་པས་གླུ་དང་ལ་གཞས་ཀྱི་ཕྱོགས་ལ་ཧུར་བརྩོན་གང་ལེགས་བྱས།

༢༠༠༩ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་ཅུའུ་ཡིས་མི་རིགས་རིག་གནས་དར་སྤེལ་དུ་གཏོང་བའི་སྣེ་ཁྲིད་པ་ཞེས་པའི་མཚན་སྙན་གནང་ལ། ཁོ་ཡི་གླུ་སྐད་རེ་རེ་ནི་ཉན་མཁན་དང་ཐག་ཇེ་ཉེ་ནས་ཇེ་ཉེར་ཕྱིན་པ་དང་བསྟུན་ནས། གླུ་སྐད་དེ་ཡི་རྒྱབ་ལྗོངས་ཀྱི་གླུ་བ་དེ་ཡི་གཏམ་རྒྱུད་རེ་རེ་ལ་སུས་ཀྱང་ཉན་འདོད་ཆེ་བས་༢༠༡༠ལོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཁ་བའི་ཞབས་རྗེས་ལེ་ཚན་ལས་གདན་ཞུ་བྱས་པ་ལྟར་བོད་ཀྱི་དམངས་གླུའི་རིག་གནས་ཀྱི་སྐོར་ནས་རང་གི་ཉམས་མྱོང་སོགས་ལྷུག་པོར་བརྗོད།

ད་ལོར་ཡང་མདོ་ལ་ས་ཁུལ་ནས་བསྡུས་པའི་ཐེངས་དང་པོའི་ཀྲུང་གོའི་བོད་ཀྱི་ལ་གཞས་འགྲན་ཚོགས་སྟེང་བྱ་དགའ་ཨང་གསུམ་པ་དང༌། གཅན་ཚ་ས་ཁུལ་ནས་བསྡུས་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་བརྒྱད་པའི་ལ་གཞས་འགྲན་ཚོགས་སྟེང་བྱ་དགའ་ཨང་གཉིས་སོགས་བླངས་ཏེ་གཡུར་ཏུ་ཟ་བའི་གྲུབ་འབྲས་ཀྱིས་ཁོ་ཡི་མདུན་བསྐྱོད་ཀྱི་གོམ་ཁ་སྔར་ལས་ཡངས་པོར་ཕྱེས།

གསུམ།

གླུ་བ་ཚེ་དཔལ་སྐྱབས་ལ་མཚོན་ན། གླུ་གར་གྱི་སྟེགས་བུ་རེ་རེ་འགོས་ནས་རང་ཉིད་ཀྱི་མི་ཚེའི་ལམ་བུ་འཚོལ་མགོ་བརྩམས་ལ། ཕ་མེས་ནས་བརྒྱུད་སྤྲོད་བྱས་པའི་དབྱངས་རྟ་དང་རང་ཉིད་ལ་ལྷན་སྐྱེས་སུ་མངའ་བའི་སྐད་ངག་སོགས་ལ་བརྟེན་ནས། བརྩམས་ཆོས་ཀྱི་སྐོར་ལ་ཐེངས་དང་པོར་ཚོད་ལྟ་ཙམ་དུ་རོགས་འུ་གཉིས་མེ་ཏོག་སེར་ཆེན་རེད་ཅེས་པ་དེ་གླུ་ཚིག་སྒྲིག་ཅིང་མཚོ་ལྷོའི་གླུ་བ་མཁར་བྱམས་རྒྱལ་དང་གླུ་མ་དཔེ་ལོ་གཉིས་ཀྱིས་བླངས་པ་ལ་དམངས་ཁྲོད་ནས་དགའ་བསུ་ཆེར་ཆེར་ཐོབ་ཅིང༌། དེ་ནས་བཟུང་ཁོ་ཡིས་བླངས་པའི་ལ་གཞས་སྒྲ་ཐག་དྲན་ཞེས་པ་དང༌། ཞིང་ཆུ་མ་རི་མའི་བར་ནས། དེང་རབས་གཞོན་ནུའི་དགུ་ཚིགས། ལ་གཞས་དགུང་གི་སྐར་གྲངས་ཡིན། རོགས་བརྗེད་མེད་ད་རུང་སེམས་ན་ཡོད།  མཚོ་སྔོན་པོ་ཚྭ་མཚོ་ཁ་ནས། སྡེ་ཕྱི་ནང་གཉིས་ཀྱི་བར་ནས་ཞེས་པ་སོགས་རང་ཉིད་ཀྱི་བརྩམས་ཆོས་གཙོ་བྱས་ཏེ་གཞན་དང་མཉམ་འབྲེལ་གྱིས་དམ་ཚིག་མེ་ལྟར་འབར་བ་ཞེས་པ་དང༌།

འཇིག་རྟེན་བརྩེ་གླུ་ཞེས་པ་སོགས་ལ་གཞས་སྐོར་ཞིག་ནུབ་མཚོ་མི་རིགས་པར་སྐྲུན་ཁང་ནས་པར་དུ་བསྐྲུན་ལ། དམངས་གླུའི་སྐོར་ལ་ཡང༌། ང་གླུ་བ་ཤགས་ཀྱི་བང་མཛོད་ཡིན། གླུ་ཤགས་ཐོས་པ་ཀུན་དགའ་ཞེས་པའི་སྒྲ་ཐག་སོགས་པར་དུ་བསྐྲུན་པར་མ་ཟད། གླུ་བ་ཚེ་དཔལ་སྐྱབས་ལ་མཚོན་ན་སྤྱིར་བཏང་གི་གླུ་བ་དག་དང་ཆེས་མི་འདྲ་བ་ཞིག་ནི་ཁོའི་སེམས་རྒྱུད་ཡོད་ཚད་དམངས་སྲོལ་རིག་གནས་ཀྱིས་ཁེངས་པར་བྱས་ཡོད་པས། ༢༠༡༢ལོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་གངས་རིའི་རང་སྒྲའི་ལེ་ཚན་དུ་གདན་ཞུ་བྱས་པ་ལྟར་གླིང་བུ་རྒྱང་འབུད་བྱས་པར་དམངས་ཁྲོད་ནས་དགའ་བསུ་ཆེས་ཆེར་ཐོབ།

གཞན་ཡང་མ་གྲུ་མོ་འདྲ་བོ་ཞེ་རེ་ཆགས་ཞེས་པའི་དམངས་གླུ་རྐྱང་རྐྱང་གི་འོད་སྡེར་དེ་ལ་ཕ་མེས་ནས་བརྒྱུད་ཅིང་དེང་སྐབས་ཉམས་ཉེས་སུ་འགྲོ་བཞིན་པའི་དབྱངས་རྟ་སྐོར་ཞིག་སྤྱད་དེ་བླངས་པ་ལ་དམངས་ཁྲོད་ཀྱི་བགྲེས་པོ་བགྲེས་མོ་གང་མང་ཞིག་གིས་མིག་ཆུ་ཤམ་ཤམ་བཞུར་གྱིན་ཡོད།

ད་སྐབས་ཁོས་བོད་ཀྱི་སྲོལ་རྒྱུན་གྱི་དམངས་གླུ་སྐོར་ཞིག་འཚོལ་བསྡུ་བྱས་ཏེ་མགོ་མཇུག་ཚང་ཞིང་གནའ་བའི་དབྱངས་རྟ་མ་ཉམས་པའི་འོད་སྡེར་དང་དཔེ་ཆ་གཉིས་ཟུང་འབྲེལ་གྱིས་པར་དུ་བསྐྲུན་པར་སྟ་གོན་བྱེད་ཀྱིན་ཡོད་པས། གླུ་བ་ཚེ་དཔལ་སྐྱབས་ཀྱིས་བོད་མངས་ཁྲོད་ཀྱི་དམངས་གླུ་དང་རི་གླུ།  གླུ་ཤགས། གླིང་བུ་རྒྱང་འབུད་སོགས་སྲོལ་རྒྱུན་རིག་གནས་ཀྱི་གར་སྟེགས་སྟེང་ན་གོ་ས་ངེས་ཅན་ཞིག་བཟུང་འདུག་པའོ།

ཡོང་ཁུངས་ཀྲུང་གོ་བོད་ཀྱི་དྲ་བའི་རོས་མོ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།