FriMayFri2020

སྤེལ་དུས་མཐའ་མ།03:57:53 AM GMT

རྩོམ་གསར།:

༄། ཞིང་པ་ལ་གཏམ་བཟང་དང་ཆོས་པ་ལ་གཏམ་ངན།

རླུང་རྡུལ་ལས་བསྐྲུན་པའི་བཅུད་ལྡན་ཟ་མ་གསར་གཏོད་པ་ཧྥིན་ལན་ཌིའི་ཚན་རིག་པ་རཱོ་ཇར་ཧཱ་རཱ་བྷིན་མཆོག

ད་རེས་སྟོང་ལོ་གསར་པའི་ནང་འཛམ་གླིང་གི་གསར་ཁང་གྲགས་ཅན་ཚང་མས་འུར་འུར་ལྡིར་ལྡིར་གྱིས་སྤེལ་བའི་ཧ་ཅང་སྒུལ་ཤུགས་ཆེ་བའི་གཏམ་བཟང་གི་གསར་འགྱུར་ཞིག་ཡོད་པ་ནི། ཧྥིན་ལན་ཌིའི་ཚན་རིག་པས་གསར་གཏོད་བྱས་པའི་རླུང་རྡུལ་ལས་བསྐྲུན་པའི་བཅུད་ལྡན་ཟ་མ་ཞིག་གསར་གཏོད་བྱས་ཐུབ་ཡོད་པ་དེ་ཡིན།

རླུང་རྡུལ་ཟ་མ་ཞེས་པ་འདིའི་ཟས་བཅུད་ནི་འཇིག་རྟེན་འདིའི་ནང་ཟས་བཅུད་ཆེ་ཤོས་ཤ་སྒོང་སྲན་མ་གསུམ་ལ་ཡོད་པའི་ཟས་བཅུད་དང་གཅིག་མཚུངས་ཡིན་པས་དེ་གསུམ་ལ་འགྲན་ནུས་པའི་ཟས་བཅུད་(proteinཔོ་ཊིན་)ཟེར་བ་བོད་སྐད་དུ་ཀྲི་ཀ་ཞེས་པ་དེ་འདྲ་ཤ་སྟག་ཅིག་གྲུབ་ཡོད་ཅེས་བཤད། ཟ་མ་འདིའི་རྒྱུ་ཆ་ནི་རང་བྱུང་སྲོག་ཆགས་དང་སྐྱེ་དངོས་ལས་གྲུབ་པ་ཞིག་མིན་པ་ཚན་རིག་པས་མཁའ་དབྱིངས་ཀྱི་རླུང་སྲབ་མོའི་རྡུལ་རྣམས་སྤུངས་ཏེ་གློག་ལམ་བརྒྱུད་ནས་སྒྲིག་བཀོད་ཀྱིས་ཤ་སྒོང་སྲན་མ་སོགས་དང་འདྲ་བའི་ཟ་མ་ཞིག་བཟོས་བཞག་པ་དེ་ཡིན།

འོ་ན་རླུང་རྡུལ་རྣམས་ཟ་མར་ཇི་ལྟར་བསྒྱུར་ཐུབ་བམ་ཞེ་ན། སྲོག་ཆགས་ཀྱི་ལུས་ཕུང་གི་གྲུབ་ཆ་ནི་ཕྲ་ཕུང་ཁྲག་ཁྲིག་ཆེན་མོ་འགའ་ཤས་ལས་གྲུབ་ཡོད་ལ། ཕྲ་ཕུང་ཚང་མ་ནི་ཡང་རླུང་དང༌། ཟེར་རླུང༌། སྲོག་རླུང་དང༌། ནག་རྫས་བཞི་ལས་མ་གྲུབ་པ་ཞིག་མེད་པ་བཞིན། ཟས་རིགས་ཀྱང་ལུས་ཕུང་གི་གྲུབ་ཆ་དང་མཐུན་པའི་རླུང་དེ་དག་ལས་གྲུབ་པ་ཞིག་ལོས་དགོས། དེས་ན་ཤ་སྒོང་སྲན་མ་གསུམ་གྱི་ཟས་བཅུད་ཀྲི་ཀ་ནི་གོང་གི་རླུང་གསུམ་ལས་གྲུབ་ཡོད་པ་དང༌། མཁའ་རླུང་ཡང་གོང་གི་རླུང་གསུམ་འདྲེས་མ་ལས་གྲུབ་ཡོད་པས། ལག་རྩལ་ཡོད་ན་ཐད་ཀར་ཟ་མ་རུ་སྒྲིག་སྒྱུར་ཆོག་པས་དེ་ལྟར་བསྒྲིགས་བཞག་པ་ཞིག་ཡིན་ཞེས་བཤད་པ་རེད།

འོ་ན་གསར་འགྱུར་འདི་བཟང་ངན་ཇི་ལྟར་ཡིན་ཞེ་ན། ཞིང་པ་རྣམས་ལ་གཏམ་བཟང་སྟེ། ཤ་སྒོང་སྲན་མ་སོགས་ནི་འགྲོ་བ་མིའི་ཟས་བཅུད་གལ་ཆེ་ཤོས་དེ་ཡིན་ལ། ཤ་སྒོང་གཉིས་ནི་ཐོན་ཁུངས་ཉུང་བས་མི་ཚང་མར་ཟས་བཅུད་འདང་གི་མེད་དུས་སྲན་མའི་ཟས་བཅུད་ལ་བརྟེན་ནས་འཚོ་མཁན་མང་ཤོས་ཡིན། དཔེར་ན། རྒྱ་གར་བས་རྡ་ལི་དང་རྒྱ་མི་ཚོས་ཏོ་ཧྥུ། བོད་པས་ཤ་རྩམ་སོགས་དང་ཁ་བྲལ་ཐབས་མེད་པ་དེ་ཡང་སྲན་མའམ་དེ་དང་འདྲ་བའི་ཟས་བཅུད་ལ་བརྟེན་དགོས་པ་ཡིན། སྲན་མ་འདེབས་ལས་ནི་འཛམ་གླིང་ནང་ཞིང་པ་ཚོའི་ངལ་སྩོལ་ཆེ་ཤོས་དང་བཟའ་བཅའི་ཚོང་རྫས་ཆེ་ཤོས་དེ་ཡིན། ངལ་སེལ་ཆེད་སྔོན་ནས་ཚན་རིག་པས་འཕྲུལ་འཁོར་རྣམས་གསར་གཏོད་ཀྱིས་རྟ་དྲེལ་བོང་གླང་སོགས་ལ་ཁལ་འགེལ་རྨོ་སློག་བཀོལ་སྤྱོད་ཀྱི་ངལ་སྩོལ་དག་མེད་པར་བཟོས་པ་ཇི་བཞིན། ད་རེས་ཚན་རིག་གི་ལག་རྩལ་འདིས་ཞིང་པ་ཚོའི་ངལ་སྩོལ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་ངེས་པ་མ་ཟད། ཟས་རིགས་འབྱུང་ཁུངས་ཀྱང་ད་ནས་གཟུང་ས་ཞིང་ལྟར་རྨོ་སློག་དགོས་པ་དང་ཚད་ཅན་ཡིན་པས་བདག་དབང་འཐབ་རྩོད་དགོས་པ་ཞིག་མིན་པ། མཁའ་དབྱིངས་མུ་ཁྱུད་མན་ཆད་དུ་རླུང་རྡུལ་གྱིས་ཁེངས་ཡོད་པས་མི་རྣམས་ཀྱིས་ཇི་ཙམ་ཟས་ཀྱང་རྫོགས་མཐའ་མེད་པས། ངལ་སྩོལ་མེད་ཅིང་རྫོགས་རྒྱུ་མེད་པའི་འདོད་ཡོན་ལ་ཇི་ལྟར་འདོད་འདོད་དུ་ལོངས་སུ་སྤྱོད་ཆོག་པས་ནམ་མཁའ་མཛོད་ལ་མངའ་བརྙེས་པ་ཟེར་བ་དེ་ལྟ་བུ་མངོན་འགྱུར་དུ་བྱུང་དུས། ཚན་རིག་པ་ནི་ང་ཚོ་རྫོགས་ལྡན་གྱི་བསྐལ་པ་དེར་སྣེ་འཁྲིད་མཁན་ངོ་མ་དེ་མ་རེད་དམ།

ཆོས་པ་ལ་གཏམ་ངན་ནི། གསར་རྙེད་འདིས་ནང་པའི་ལྟ་གྲུབ་གཙོ་བོ་དེ་གཏོར་མཁན་གྱི་མེ་སྒྱོགས་ངོ་མ་དེ་ཡིན་པས་རེད། ནང་པའི་ལྟ་བ་གཙོ་བོ་ནི་རྟེན་འབྱུང་ཟེར་བ་དེ་རེད། རྟེན་འབྱུང་ཡིན་སྟངས་དེ་དངོས་པོ་ཐམས་ཅད་རྐྱེན་གསུམ་ལས་མ་བྱུང་བ་ཞིག་མེད་ཟེར། མཐུན་པའི་རྐྱེན། མི་རྟག་པའི་རྐྱེན། གཡོ་བ་མེད་པའི་རྐྱེན་གསུམ་ཚང་དགོས་པ་དང༌། དེ་གསུམ་མ་ཚང་ན་རྒྱུ་འབྲས་ཀྱི་རྟེན་འབྱུང་མིན་ཟེར། མཐུན་པའི་རྐྱེན་ཞེས་པ་ནི་བྱེ་མ་ལས་སྣུམ་མི་འབྱུང་བ་ལྟར་རྒྱུ་མི་མཐུན་པ་ལས་འབྲས་བུ་རྩ་ནས་འབྱུང་རྒྱུ་མེད་ཟེར། དེ་འབྱུང་ན་མེ་ལྕེ་ལས་མུན་པ་འབྱུང་བ་སོགས་ཐམས་ཅད་ལས་ཐམས་ཅད་སྐྱེ་བའི་ཐལ་བ་འདུག་ཟེར། ད་རེས་ཚན་རིག་པས་རླུང་རྡུལ་ལས་ཤ་སྒོང་གི་ཟས་བཅུད་བསྐྲུན་བཞག་པ་འདིས་རྒྱུ་མཐུན་མིན་ཐམས་ཅད་ལས་འབྲས་བུ་མཐུན་མིན་ཐམས་ཅད་འབྱུང་ཆོག་པ་གསར་རྙེད་བྱུང་བས་ནང་པ་ཚོ་རེ་ཞིག་ཅི་ཟེར་འདི་ཟེར་མེད་པ་ཧུ་རེ་བལྟ་དགོས་པ་ཞིག་བཟོས་མི་འདུག་གམ།

དེ་ཡང་ཚན་རིག་པས་དེ་སྔོན་ནས་རང་བྱུང་གི་གསང་བ་ངོ་མ་དེ་རྙེད་སོན་བྱུང་བ་ནི་དངོས་གཟུགས་ཐམས་ཅད་སྒྲིག་སྟངས་མི་འདྲ་བ་ཙམ་ལས་རང་བཞིན་གཅིག་པ་ཡིན་པས་ཐམས་ལས་ཕར་ཚུར་ཐམས་ཅད་འབྱུང་རྒྱུ་ཡོད་པ་དེ་རྙེད་ཡོད། དངོས་པོ་མི་འདྲ་བ་འབྱུང་བ་ནི་རྩོམ་གཞི་ཨེ་ཊོམ་གྱི་ལྟེ་བར་ཕོ་རྡུལ་གྲངས་མང་ཉུང་ཁོ་ན་ལས་བྱུང་བ་མ་གཏོགས་ཕོ་རྡུལ་གྱི་ངོ་བོ་ལ་ཁྱད་པ་མེད་པས་དངོས་པོ་ཐམས་ཅད་གནས་སྐབས་ཀྱི་ཁྱད་པ་ལས་རང་བཞིན་ལ་ཁྱད་པ་མེད་པ་ཡིན་པས་རྒྱུ་གང་ཞིག་ལས་འབྲས་བུ་ཅི་ཡིན་ཡང་འབྱུང་ཆོག་པ་ནི་བྱེ་མ་ཡང་སྒྲིག་སྟངས་མི་འདྲ་བ་ཞིག་བསྒྲིག་ན་སྣུམ་ཆགས་འགྲོ་བ་དང༌། གསེར་དང་ཕ་ལམ་ལྟ་བུ་དེ་ག་རང་ལ་སྒྲིག་སྟངས་མི་འདྲ་བ་ཞིག་བསྒྲིག་ན་དངུལ་དང་ཞ་སྨྱུག་ཏུ་གྲུབ་པ་སོགས་མངོན་སུམ་གྱིས་གྲུབ་པས། ནང་པའི་རྟེན་འབྱུང་གི་ཁྲིམས་ལུགས་ནི་ཚན་རིག་གི་རྙེད་དོན་འདིས་རྩ་གཏོར་རུ་བཏང་འདུག་པས་ཆོས་པ་རྣམས་ལ་ངུ་དགོས་པའི་གཏམ་ངན་ཞིག་ལོས་ཡིན།།

རྩོམ་པ་པོའི་བསམ་ཚུལ་རྣམས་འདི་ག་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པས་མ་ཁྱབ་ན་དེ་དོན་དགོངས་འཇགས་ཞུ།།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།