WedDecWed2017

སྤེལ་དུས་མཐའ་མ།08:20:03 AM GMT

རྩོམ་གསར།:

ཀླད་པའི་ཆགས་དབྱིབས་དང་སྤྱིའི་ནུས་པ།

ཀླད་ཆེན་གྱི་དབྱིབས་དང་འབྲེལ་བརྗོད།

ཀླད་པ་ནི་ཀླད་སྙིང་དང་། ཀླད་ཆུང་། བར་ཀླད། ཀླད་ཆེན་བཅས་ལས་གྲུབ་པ་ཡིན། དེའི་ནང་ནས་ཀླད་སྙིང་ངམ་ཀླད་སྡོང་ནི་བར་ཀླད་ཀྱི་འོག་དང་སྒལ་ཚིགས་རྒྱུངས་པའི་རྩེར་འབྲེལ་བའི་ཚལ་གྱི་གནས་ལ། འཕེལ་འགྱུར་སྨྲ་བའུ་གཞུང་ལུགས་ཀྱི་དབང་དུ་བྱས་ན་ལོ་རྒྱུས་རིང་ཤོས་ལྡན་ཡོད།

དེས་ནི་མི་རྣམས་ཀྱི་གཉིད་དང་། དབུགས་འབྱིན་རྔུབ་ལ་སོགས་པར་སྟངས་འཛིན་བྱེད། བར་ཀླད་ནི་ཀླད་སྙིང་དང་ཀླད་ཆེན་གཉིས་ཀྱི་བར་དུ་གནས་ཤིང་། འདིའི་རྒྱབ་ཟུར་ལས་གྱེས་པ་ཀླད་འཇོང་གོང་མ་ཞེས་མཐོང་ཚོར་ལྡོག་འཕྲོའི་ལྟེ་གནས་སུ་གྲགས་པ་དང་། ཀླད་འཇོང་འོག་མ་ཞེས་ཐོས་ཚོར་ལྡོག་འཕྲོའི་ལྟེ་གནས་གཉིས་སུ་ཡོད།

ཀླད་ཆུང་ནི་ཀླད་སྙིང་གི་རྒྱབ་ཕྱོགས་སུ་ཀླད་ཟམ་དང་འབྲེལ་བའི་ཚུལ་གྱིས་ཡོད་ལ། དེས་ཀླད་ཆེན་དང་ཀླད་སྙིང་། རྒྱུངས་པ་རྣམས་དང་འབྲེལ་བ་ཡོད་པའི་འགུལ་སྐྱོད་བརྡ་འཕྲིན་དག་གནས་སོ་སོར་སྐྱེལ་ཞིང་། རྟོག་མེད་ཀྱི་ཤེས་པ་ལའང་སྟངས་འཛིན་བྱེད་པ་ཡིན། ཀླད་ཆེན་ནི་ཀླད་མཐིལ་སྦྲེལ་ཕུང་ལ་བརྟེན་ནས་གཡས་གཡོན་གཅིག་ཏུ་འབྲེལ་བ་ལས་གྲུབ་ཅིང་། ཀླད་ཆེན་གཡས་གཡོན་གཉིས་ཀྱི་བར་གཞུང་སྲུང་ཀྱིས་ཆོད་ཅིང་། ཀླད་ཆུང་དང་ཀླད་ཆེན་གཡས་གཡོན་གཉིས་ཀྱི་བར་གཞུང་སྲུབ་ཀྱིས་ཆོས་ནས་ཡོད་དོ།

ཀླད་ཆེན་གཡས་གཡོན་གཉིས་ཀྱི་ཕྱི་རིམ་ལ་ཀླད་ཞོ་སྐྱ་བོ་དང་། ཀླད་ཆེན་གྱི་ཕྱི་ཤུན་ཡང་ཟེར། དེའུ་འོག་ན་རྒྱུངས་དཀར་པོ་ཆགས་ཡོད།

ཀླད་པའི་ནང་རྙོག་གྲ་ཆེ་ཤོས་དེ་ཕྱི་ཤུན་དུ་ཡོད་ཅིང་། འདི་ནི་འགྲོ་བ་མིའི་རིགས་ཀྱི་བསམ་གཞིགས་བྱེད་པའི་ལས་ཁུངས་ཨ་མ་དེ་ཡིན། སྲབ་མཐུག་ཧའོ་སྨིས་ millimeter གཅིག་ནས་བཞིའི་པར་ཡོད་པའི་ཀླད་ཤུན་ཟེར་བ་དེ་ནི་ལོ་རྒྱུས་ཀྱི་དབང་དུ་བྱས་ན་འགྲོ་བ་མིའི་རིགས་ཀྱི་ཀླད་པ་ཆེ་རུ་འགྲོ་བའི་བརྒྱུད་རིམ་ཁྲོད་ནས་ཆགས་པ་ཞིག་ཡིན་ལ། གཏན་ཚིགས་སོགས་མིའི་རིགས་ཀྱི་ཆུ་ཚད་ཅུང་མཐོ་བའི་བསམ་བློའི་རིམ་པ་རྣམས་གནས་འདི་དང་འབྲེལ་བ་ཡོད། གཟུགས་མཐོང་བ་དང་། སྒྲ་མཉན་པ་དང་། སྐད་ཆ་ཤོད་པ་སོགས་དང་། ཚོར་བ་དང་འདུ་ཤེས་ཕལ་མོ་ཆེ་གནས་འདི་ལས་འབྱུང་བ་མ་ཟད། ཀླད་པའི་ནང་ལོགས་ཀྱི་བརྡ་འཕྲིན་སྣ་ཚོགས་ལེགས་སྒྲིག་བྱེད་པའི་ནུས་པ་དང་ལྡན་པར་བཤད། ཕྱི་ཤུན་གྱི་ནང་ཐམས་ཅད་དབང་རྩའི་རྒྱུ་གཞིར་གྲགས་པའི་ཕྲ་ཕུང་གིས་ཁྱབ་ཅིང་། རྒྱ་ཁྱོན་ཆེ་ཆུང་ཁབ་རྩེ་ཙམ་གྱི་གནས་སུ་དབང་རྩའི་ཕྲ་ཕུང་སུམ་ཁྲི་ཙམ་ཤོང་བ་དང་། དབང་རྩའི་རྒྱུ་གཞིའི་ནང་གི་སུམ་ཆ་གཉིས་ཙམ་གྱིས་ས་ཁོངས་འདིར་ལས་ཀ་བྱེད་བཞིན་ཡོད།

ཀླད་ཆེན་གཡས་གཡོན་གཉིས་ཀྱི་ཕྱོགས་ངོས་མཐོ་དམན་མི་སྙོམས་པས་གཤོང་འབུར་གྱི་རྣམ་པ་ཅན་དུ་གནས་པས་ཀླད་གཤོང་དང་ཀླད་འབུར་ཞེས་སུ་བྱ། ཀླད་གཤོང་ལ་ནང་གསེས་ཀྱིས། དབུས་མདུན་གཤོང་། དཔྲལ་སྟོད་གཤོང་། དཔྲལ་སྨད་གཤོང་། དབུས་རྒྱབ་གཤོང་སོགས་སུ་དབྱེ་ཞིང་། ཀླད་འབུར་ལ། དབུས་མདུན་འབུར། དཔྲལ་སྟོད་འབུར། དཔྲལ་སྨད་འབུར། མུར་སྟེད་འབུར། མུར་སྨད་འབུར། དབུས་རྒྱབ་འབུར་སོགས་སུ་དབྱེ་བ་ཡིན། ཚོར་བ་ལ་དབང་བྱེད་པ་གཙུག་གི་འདབ་མའི་གནས། བརྡ་སྤྲོད་པ་ལ་དབང་བྱེད་པ་མུར་གོང་གི་འདབ་མའི་གནས། བརྩེ་དུང་ངམ་འདུ་ཤེས་ལ་དབང་བྱེད་པ་ལ་དབང་དཔྲལ་བའི་འདབ་མའི་གནས། མཐོང་ཚོར་ལ་དབང་བྱེད་པ་ལྟ་པའི་འདབ་མའི་གནས་རྣམས་སོ།

དེ་དག་ལས། གཙུག་གི་འདབ་མའི་གནས་ཀྱིས་ནི་ན་ཟུག་དང་། རེག་ཚོར། རོ་མྱོང་། དྲོད་ཚད། གནོན་ཤུགས་ཀྱི་ཚོར་སྣང་བཅས་ལ་དབང་བྱེད་ཅིང་། རྩིས་རིག་དང་གཏན་ཚིགས་བཅས་ཀྱི་ཚོར་ཤེས་ཀྱང་གནས་འདི་ལ་འབྲེལ་བ་ཡོད། མུར་གོང་གོ་འདབ་མའི་གནས་ཀྱིས་ནི་སྒྲ་མཉན་པའི་ཚོར་ཤེས་ཀྱི་བརྡ་འཕྲིན་གཏོང་བ་ལ་འགན་ལེན་པ་དང་། ཞར་ལ་དྲན་པ་དང་བརྩེ་དུང་ལའང་སྟངས་འཛིན་བྱེད་ཀྱིན་ཡོད། གནས་འདི་ལ་གལ་ཏེ་རྨས་སྐྱོན་བྱུང་ན། བརྡ་འཕྲོད་པའི་ནུས་པ་ཉམས་ཤིང་། ཉན་ཚོར་དྲན་ཤེས་ཉམས་ནས་ལྐུག་ནད་ཅན་དུ་ཡང་འགྱུར། དཔྲལ་བའི་འདབ་མའི་གནས་ཀྱིས་ནི། བསམ་གཞིགས། འཆར་འགོད། སོ་སོའི་སྒེར་ཀྱི་བརྩེ་དུང་དང་དོན་གཉེར་སོགས་ལ་སྟངས་འཛིན་བྱེད་པ་ཡིན། གལ་ཏེ་གནས་འདི་ལ་རྨས་སྐྱོན་བྱུང་ན། བྱ་བ་སྒྲུབ་པ་སོགས་ཀྱི་ཚེ་མུན་ཐོམ་མེ་བའི་ཉམས་ཀྱིས་ཧུ་རེར་ལུས་པར་འགྱུར་ཞིང་། མིའི་སེམས་ཁམས་ཀྱི་འགུལ་སྐྱོད་ཀྱི་ཆ་ཐམས་ཅད་བརླག་པར་འགྱུར་ཞེས་ཟེར། ལྟག་པའི་འདབ་མའི་གནས་ཀྱིས་ནི་མཐོང་ཚོར་ལ་སྟངས་འཛིན་བྱེད་པ་ཡིན། གལ་ཏེ་གཙུག་གི་འདབ་མའི་གནས་དང་ལྟག་པའི་འདབ་མའི་གནས་གཉིས་ལ་རྨས་སྐྱོན་བྱུང་བའི་ཚེ་ཕྱོགས་ཚད་ཀྱི་ཆ་ངོས་ཟིན་པ་ལ་འགོག་རྐྱེན་ཐེབས་ཞེས་ཟེར་རོ།

ཀླད་པ་གཡས་གཡོན་གཉིས་ཀྱི་ཕྱི་ཤུན་གྱི་ས་ཁོངས་མི་འདྲ་བའི་ཆར། འགུལ་སྐྱོད་ཀྱི་གནས། ལུས་ཚོར་གྱི་གནས། མཐོང་ཚོར་གྱི་གནས། ཐོས་ཚོར་གྱི་གནས། མཉམ་འབྲེལ་གྱི་གནས་སོགས་དབང་རྩའི་ལྟེ་གནས་དག་ཡོད། དེ་དག་ལས་དང་པོ་འགུལ་སྐྱོད་ཀྱི་གནས་ཞེས་པ་ནི་ལུས་པོ་འགུལ་སྐྱོད་ལ་དབང་བྱེད་པའི་དབང་རྩའི་ལྟེ་གནས་ཡིན་ལ། དེ་ནི་དབུས་ཀླད་སྲུབས་ཀྱི་སྔོན་དང་ཀླད་ཤུན་གྱི་ནང་ན་ཡོད། ལུས་ཕྱི་ནང་གི་གནད་གང་ཡང་ཆ་མཉམ་པར་འདིའི་སྟངས་འཛིན་འོག་ཏུ་གནས་སོ།

གཉིས་པ་ལ་ལུས་ཚོར་གནས་ཞེས་པ་ནི་ལུས་ཀྱི་ཚོར་བ་སྣ་ཚོགས་ལ་དབང་བྱེད་པའི་དབང་རྩའི་ལྟེ་གནས་ཡིན་ལ། གཙུག་གི་འདབ་མའི་ཕྱི་ཤུན་གྱི་འོག་ཏུ་གསན་ཤིང་། གོང་གི་ཀླད་དབུས་ཀྱི་སྲུབས་དང་འགུལ་སྐྱོད་གནས་ཀྱི་ཁ་གཏད་དུ་ཡོད། འདིས་ནི་ལུས་ཀྱི་ཚོར་བ་ཡོད་ཚད་དེ། ཚ་གྲང་ཚོར་བ། གནོན་ཚོར། རེག་ཚོར་རམ་འཕྲད་ཚོར། ན་ཟུག་གི་ཚོར་སོགས་ཀ་ཆ་མཉམ་པར་སྟངས་འཛིན་བྱེད་དོ།

གསུམ་པ་མཐོང་ཚོར་གྱི་གནས་ནི་མཐོང་བའི་ཚོར་བ་ལ་དབང་བྱེད་པའི་དབང་རྩའི་ལྟེ་བ་ཡིན་ཞིང་། དེ་ནི་ཀླད་པ་ཕྱེད་གཡས་གཡོན་གཉིས་ཀྱི་ལྟག་པའི་འདབ་མའི་གནས་ཀྱི་སྐྱི་མོའི་ནང་དུ་ཡོད། འདིས་མིག་གཉིས་ལ་གཡས་གཡོན་བསྣོལ་བའི་ཚུལ་གྱིས་སྟངས་འཛིན་བྱེད་ཀྱི་ཡོད་མོད། དབང་རྩའི་ལྟེ་བ་གཉིས་ཀ་ལའང་མིག་གཉིས་ཀར་སྟངས་འཛིན་བྱེད་པའི་ནུས་པ་དང་ལྡན་ནོ།

བཞི་པ་ཐོས་ཚོར་རམ་མཉན་ཚོར་གྱི་གནས་ནི་རྣ་བས་སྒྲ་ཐོས་པའི་ཚོར་བ་ལ་སྟངས་འཛིན་བྱེད་པའི་དབང་རྩའི་ལྟེ་གནས་ཏེ། ཀླད་པ་གཡས་གཡོན་གྱི་ཕྱི་འགྲམ་དང་། མུར་གོང་གོ་འདབ་མའི་གནས་སུ་ཡོད། གཡས་གཡོན་གྱི་ཀླད་པའི་ཐོས་ཚོར་གྱི་གནས་གཉིས་པོ་རྣ་བ་གཉིས་ཀའི་ཐོས་ཚོར་དབང་རྩ་དང་འབྲེལ་ཞིང་། གཉིས་ཀར་རྣ་བའི་སྒྲ་ཚོར་བ་ལ་སྟངས་འཛིན་གྱི་ནུས་པ་ཡོད། གལ་ཏེ་ཀླད་པ་གཡས་གཡོན་གང་རུང་གི་ཐོས་ཚོར་གྱི་གནས་ལ་རྨས་སྐྱོན་བྱུང་ཚེ། སོ་སོའི་ཐོས་ཚོར་ལ་ཤུགས་རྐྱེན་ཕྲན་བུ་ཡོད་དོ།

ལྔ་པ་མཉམ་འབྲེལ་གྱི་གནས་ནི། ནུས་པ་སྣ་མང་ཡོད་པའི་དབང་རྩའི་ལྟེ་གནས་ཤིག་སྟེ། ཀླད་པ་གཡས་གཡོན་གཉིས་ཀར་ཆ་མཉམ་པར་གནས་གཉིས་རེ་ཡོད་ལ། དེའི་ནང་ནས་གནས་དང་པོ་ནི་དཔྲལ་བའི་འདབ་མའི་གནས་ནས་འགུལ་སྐྱོད་ཀྱི་གནས་ཀྱི་བར་ལ་ཐུག་གི་བར་ངོས་ཆེ་ཚད་ཅིག་ཡོད་པ་ལ་བྱ་ཞིང་། འདི་ལ་མདུན་གྱི་མཉམ་འབྲེལ་གྱི་གནས་ཟེར། འདིའི་ནུས་པའི་གཙོ་བོ་ནི། གནད་དོན་ཐག་གཅོད་པའི་དྲན་པ་དང་བསམ་གཞིགས་ལ་དབང་བྱེད་དོ།

མཉམ་འབྲེལ་གྱི་གནས་གཉིས་པ་ནི། ཚོར་བའི་གནས་གཙོ་བོ་དག་གི་ཉེ་འཁོར་ན་ཡོད་དེ། དཔེར་ན། དཔྲལ་བའི་འདབ་མའི་གནས་འོག་གི་ཆ་མཐོང་ཚོར་དང་འབྲེལ་བའི་ཚུལ་དུ་ཡོད་པས་མཚོན་ལ། གལ་ཏེ་གནས་འདི་ལ་སྨས་སྐྱོན་བྱུང་ན། མཐོང་ཚོར་གྱི་ནུས་ཤུགས་ཇེ་ཞན་དུ་འགྲོ་བ་དང་། དངོས་གཟུགས་ཀྱི་དབྱིབས་མི་འདྲ་བ་དབྱེ་འབྱེད་དཀའ་བར་འགྱུར་རོ་ཞེས་བཤད་དོ།

ཡོང་ཁུངས། ཚན་རིག་དེབ་ཕྲེང་། (༡) ཀླད་ཆེན་དང་སེམས་ཀྱི་འབྲེལ་བ་ལ་དཔྱད་པ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།