MonAugMon2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

སྤྱི་ཚོགས་བརྒྱུད་ལམ་ཁག་དང་ནང་ཆོས་ཀྱི་རྩ་འཛིན་ཁག་ལག་བསྟར།

སྤྱི་ཚོགས་བརྒྱུད་ལམ་ཁག་དང་ནང་ཆོས་ཀྱི་རྩ་འཛིན་ཁག་ལག་བསྟར།

སྤྱི་ཚོགས་ནང་གི་བརྒྱུད་ལམ་ཁག་ཡར་ཐོན་ཕྱིན་པའི་དུས་སྐབས་འདིར་ནང་ཆོས་ཀྱི་རྩ་འཛིན་ཁག་ལག་བསྟར་དགོས་གལ། དཔེར་ན། ངོ་དེབ་དང༌། ཊུ་ཝི་ཊར། (twitter) ལག་ཐོག་ཁ་པར་ཐོག་ནས་གང་སར་བརྡ་འཕྲིན་གཏོང་བ་སོགས་དྲ་རྒྱ་དང་དེང་དུས་ཀྱི་འཕྲུལ་ཆས་ཐོག་ནས་ལོ་རྒྱུས་ཀྱི་ཁ་ཕྱོགས་དེ་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཡར་ཐོན་ཆེན་པོ་ཕྱིན་པའི་དུས་སྐབས་ཤིག་ཏུ་རིམ་གྱིས་འགྱུར་ལྡོག་བྱུང་ཞིང༌། དེས་མི་རྣམས་ཕན་ཚུན་འབྲེལ་བ་བྱེད་ཕྱོགས་ཐད་འགྱུར་བའམ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

དེར་མ་ཟད་ཨ་ཡ་པོ་ཌོའི་(iPods) ཐོག་ནས་ཉིན་གང་གཞས་ཉན་པ་དང་གཟུགས་མཐོང་རྩེད་མོ་རྩེ་བ་སོགས་ཉིན་རེ་ལས་མ་བསྡད་པར་བེད་སྤྱོད་བྱེད་ཤུགས་ཆེ་རུ་འགྲོ་གི་ཡོད། དེར་བརྟེན་འཕྲུལ་ཆས་ཐོག་ནས་གཞས་དང༌། རྩེད་མོ། བརྡ་འཕྲིན་གཏོང་བ། ཕན་ཚུན་འབྲེལ་བའི་བརྒྱུད་ལམ་དེ་དག་མེད་ན་ད་ལྟའི་ཆར་མི་མང་པོ་ཞིག་དུས་ཚོད་མ་འཁྱོལ་བའི་གནས་སྟངས་ཤིག་ཏུ་གྱུར་ཡོད། ཡར་རྒྱས་དེ་དག་རེ་རེར་བཟང་ཕྱོགས་དང་ངན་ཕྱོགས་ཀྱི་ཤུགས་རྐྱེན་གཉིས་ཀ་ལྡན་ཡོད། གང་ལྟར་ཡང་ཡར་རྒྱས་དེ་དག་གིས་མི་རྣམས་ལ་ཤུགས་རྐྱེན་གཏིང་ཟབ་པ་བྱིན་དང་སྦྱིན་བཞིན་པ་ཡིན། སྤྱི་ཚོགས་འགྱུར་བ་འགྲོ་བ་ལས་བྱུང་བའི་བཟང་ཕྱོགས་ཀྱི་ནུས་པ་གོང་མཐོར་གཏོང་རྒྱུ་དང་ངན་ཕྱོགས་ཀྱི་ནུས་པ་ཉུང་དུ་གཏོང་རྒྱུའི་ཐད་ནང་ཆོས་ཀྱིས་ཕན་ཐོགས་ཇི་ལྟར་ཡོད་མེད་ཐད་ངས་ཞིབ་འཇུག་དང་དཔྱད་ཞིབ་བྱ་རྒྱུ་དེ་ངས་གལ་ཆེན་པོ་ཞིག་ཏུ་མཐོང༌། དེར་བརྟེན་སྔོན་ལ་ངས་སྤྱི་ཚོགས་ནང་གི་བརྒྱུད་ལམ་ཁག་གི་བཟང་ཕྱོགས་ཀྱི་ཤུགས་རྐྱེན་དང༌། དེ་ནས་ངན་ཕྱོགས་ཀྱི་ཤུགས་རྐྱེན་འགའ་ཞིག ཡར་རྒྱས་དེ་ལྟར་འགྲོ་བཞིན་པའི་སྐབས་འདིར་ནང་ཆོས་ཀྱིས་ལེགས་སྐྱེས་གང་འབུལ་ཐུབ་སྐོར་ཐད་ཞུ་གི་ཡིན།

དྲག་སྤྱོད་རིང་ལུགས་པ་དང༌། གནམ་གཤིས་འགྱུར་ལྡོག རྡུལ་ཕྲན་མཚོན་ཆ་ཁྱབ་གདལ་དུ་འགྲོ་བ། གོ་ལའི་དཔལ་འབྱོར་སོགས་ཉམས་རྒུད་འགྲོ་བ། ལས་ཀ་མི་འཐོབ་པ་སོགས་དཔལ་འབྱོར་གྱི་དཀའ་ངལ་གྱི་འཇིགས་སྣང་འཕྲད་བཞིན་པའི་སྐབས་འདིར། མིའི་སེམས་ནང་རྒྱུན་དུ་རང་ཉིད་གལ་ཆེན་པོ་མིན་པ་དང༌། སྟོབས་ཤུགས་མེད་པ། ཁེར་རྐྱང་སོགས་ཀྱི་ཚོར་སྣང་ཡོང་གི་ཡོད། ངོ་དེབ་ལྟ་བུའི་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་གི་ནང་སོ་སོའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་འདྲ་པར་འགའ་བཅུག་སྟེ། གྲོགས་པོ་ཚོར་སྟོན་པ་དང༌། གྲོགས་པོ་གྲོགས་མོས་འདྲ་པར་དེ་དག་མཐོང་སྐབས་དེའི་འོག་དགའ་རྟགས་བརྒྱབ་སྟེ་དགའ་བའི་རྣམ་འགྱུར་བསྟན་པ་ལས་ཚོར་བ་ཞིག་སྦྱིན་གྱི་ཡོད། ཕྱོགས་གཅིག་ནས་དེ་དག་ལ་བརྟེན་ནས་སོ་སོ་འཛམ་གླིང་འདིའི་ནང་ཅི་ཡང་མི་འཇོན་པའི་ནུས་མེད་ཅིག་ཏུ་མཐོང་འཇུག་གི་ཡོད་པར་ལྟ་བུར་མངོན།

དེ་ལྟར་དགའ་རྟགས་རྒྱག་པ་ལྟ་བུའི་བརྒྱུད་ལམ་གྱི་སྐྱོན་ནམ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ནི་རང་མཐོང་རྫུན་མ་ཞིག་སྦྱིན་སྲིད། འོན་ཀྱང་དེས་རང་སེམས་རང་ལ་ཤོར་བས་གཅེས་འཛིན་ (narcissism) སླེབས་ཐུབ། ད་དུང་དགའ་རྟགས་བརྒྱབ་སྟེ་དགའ་པོ་འདུག་ཅེས་བརྗོད་པ་དེ་ཕྱི་ཚུལ་ཙམ་དུ་དོན་མེད་འགྱུར་སྲིད། དེར་མ་ཟད་མིའི་བསམ་པར་ངོ་དེབ་ཐོག་ཏུ་གྲོགས་པོ་མང་པོ་དང་དགའ་རྟགས་མང་པོ་ཡོད་པ་རྣམས་དངོས་ཀྱི་གྲོགས་པོའི་སྤུས་ཀ་དང་བཅོས་མིན་གྱི་དྲང་བདེན་ལས་གལ་ཆེ་བར་སྙམ་སྲིད། (ཅི་སྟེ་དགའ་རྟགས་གང་ཡང་མ་བྱུང་ཚེ་སེམས་མི་སྐྱིད་པ་ཆགས་ཀྱི་ཡོད།) དཔེར་ན། ཉིན་དགུང་ཁ་ལག་འདི་ཟས་པ་ཡིན་ཟེར་བ་སོགས་རང་གིས་བྱེད་བཞིན་པའི་ཆོ་མེད་པའི་གནས་ཚུལ་དེ་འདྲ་ཕན་ཚུན་གཏོང་རེས་བྱས་ན། སྙིང་པོ་མེད་པའི་སྐད་ཆ་བཤད་དེ་འདྲ་བཤད་ནས་རང་གཞན་གཉིས་ཀའི་དུས་ཚོད་ཆུད་ཟོས་སུ་གཏོང་གི་ཡོད། ངག་ཀྱལ་ལམ་ཆོ་མེད་པའི་གཏམ་ནི་ནང་ཆོས་ནང་ནས་གསུང་པའི་ངག་གི་མི་དགེ་བ་བཞི་ལས་གཅིག་ཡིན། དེས་ཆོ་མེད་པ་རྣམས་ཆོ་ཡོད་པར་བརྩི་གི་ཡོད།

དེར་བརྟེན་ནང་ཆོས་ཀྱིས་དེའི་ཐད་ལེགས་སྐྱེས་གང་འབུལ་རྒྱུ་ཡོད་དམ་ཞེ་ན། ནང་པའི་གཞུང་ནས་གསུང་པའི་སྙིང་རྗེའི་སྒོམ་གྱིས་ང་ཚོ་ཚང་མ་མཐའ་གཅིག་ཏུ་གཞན་གྱི་བཀའ་དྲིན་ལ་བརྟེན་པའི་ཚུལ་གྱི་ཐོག་ནན་ཏན་གནང་གི་ཡོད། ང་ཚོས་བཟའ་བ་དང་ལོངས་སུ་སྤྱོད་བཞིན་པ་ཚང་མ་གཞན་གྱི་འབད་བརྩོན་ལ་བརྟེན་ནས་བྱུང༌། དེར་བརྟེན་ང་ཚོ་ཚང་མ་ཕན་ཚུན་འབྲེལ་ཡོད། དེ་དངོས་གནས་རེད། རང་ཉིད་ཐེ་བའི་མི་རེ་ངོ་རེས་གང་བྱེད་པ་དེས་གཞན་གྱི་ཚེ་སྲོག་ལ་ལེགས་སྐྱེས་འབུལ་གྱི་ཡོད། ཟས་རིགས་འདེབས་མཁན་དང༌། དེ་དག་འོར་འདྲེན་བྱེད་མཁན། འོར་འདྲེན་བྱེད་སའི་ལམ་བཟོ་མཁན། འོར་འདྲེན་བྱེད་པོ་འཕྲུལ་འཁོར་བཟོ་མཁན། འཕྲུལ་འཁོར་འཚོང་མཁན་སོགས་ཚང་མ་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ཡོད། རང་ཉིད་སྐྱིད་པོ་བཟོ་ཆེད་ང་ཁྱོད་ལ་དགའ་པོ་ཡོད་ཅེས་བརྗོད་དེ་དགུང་ཟས་མཉམ་དུ་བཟས་ནས་སོ་སོའི་གནས་སྟངས་ཡོད་པ་སྟོན་མཁན་གྱི་གྲོགས་པོ་དེ་འདྲ་དགོས་ཀྱི་མེད། ང་ཚོ་དང་ཕན་ཚུན་གཅིག་ལ་དཅིག་རྟེན་གྱི་འབྲེལ་བ་ཡོད།

ནང་པའི་ལྟ་གྲུབ་ནང་ནས་ཀུན་རྫོབ་ཏུ་ཡོད་པའི་བདག་དང་རྣམ་རྟོག་གིས་བཏགས་པའི་བདག་རྫུན་མ་སྟེ་འགག་བྱའི་བདག་གཉིས་ཀྱི་དབར་ཁྱད་པར་ཕྱེས་ནས། དངོས་པོའི་གནས་ཚུལ་དེའི་ཐོག་ནས་གཞན་དང་འབྲེལ་བ་ཚོར་གྱི་ཡོད། ཀུན་རྫོབ་པའི་བདག་ནི་ང་འདིར་ཡོད། ང་སྡོད་ཀྱི་ཡོད། ང་སྐད་ཆ་ཤོད་ཀྱི་ཡོད། ང་གཉིད་ཁུག་གི་ཡོད་སོགས་བརྗོད་པའི་བདག་དེ་ཙམ་ཡིན། འགག་བྱའི་བདག་ནི་རྣམ་རྟོག་གིས་སྒྲོ་བཏགས་ཏེ། ང་ཚོས་སོ་སོ་གལ་ཆེན་པོ་ཡིན་བསམ་པ་དང༌། ངས་དགུང་ཟས་གང་བཟས་ཚང་མས་ཤེས་དགོས་སྙམ་གྱི་ཡོད། དེ་ལྟའི་བདག་དེ་དངོས་པོའི་གནས་ཚུལ་ལ་མེད་པར་སྒྲོ་བཏགས་ཙམ་ཡིན། དེར་བརྟེན་ནང་ཆོས་ཀྱིས་མ་གཞི་ཀུན་རྫོབ་པའི་བདག་དེ་གཞི་གྲུབ་ཡོད་ཀྱང༌། རྣམ་རྟོག་གིས་བཏགས་པའི་བདག་དེ་འཁྲུལ་སྣང་ཙམ་ཡིན། བློས་བཏགས་པ་ཙམ་རེད། དེས་ན་གལ་སྲིད་ང་ཚོས་རང་རྒྱུད་ཞུ་དག་བཏང་སྟེ་རང་ཉིད་གཅེས་པར་འཛིན་པའི་འཁྲུལ་སྣང་དེ་ལས་ཟློག་ཐུབ་ན། རང་གིས་གང་བྱས་པ་དེ་མི་ཚང་མར་གལ་ཆེན་པོ་དང་ཕན་ཐོགས་ཆེ་བ་ཞིག་ཡོང་ཐུབ་པ་དང༌། ཀུན་རྫོབ་ཏུ་ཡོད་པ་དེར་ངེས་ཤེས་རྙེད་ན། གཞན་དང་འབྲེལ་བའི་ཚོར་བ་ཞིག་ངང་གི་འོང་ཞིང༌། དོན་དངོས་དེ་ཤེས་པས་རྟོག་པས་བཏགས་པའི་བདག་དེ་འདྲ་མེད་པ་རྟོགས་ནུས། ཀུན་རྫོབ་ཏུ་ཡོད་པའི་བདག་དང་འབྲེལ་ནས་རང་ཉིད་ཇི་ཙམ་བརྟན་པོ་ཚོར་བས་དེ་ངོ་མ་ཡིན་པ་ཤེས་ཏེ་ཡོད་པ་སྒྲུབ་མི་དགོས། གཞན་གྱིས་དེ་ལྟར་རེད་ཅེས་ཁུངས་སྐྱེལ་བྱེད་དགོས་པ་མེད།

ད་དུང་ནང་ཆོས་ཀྱིས་ང་ཚོར་དྲང་པོ་དགོས་པ་སློབ་ཀྱི་ཡོད། ཕྱི་ཚུལ་ཙམ་ནས་ཁྱོད་ལ་དགའ་པོ་ཡོད་ཅེས་བརྗོད་རྒྱུའི་ཚབ་ཏུ་གཞན་གྱི་དགོས་མཁོ་ལྟར་ང་ཚོས་གཞན་ལ་རོགས་རམ་བྱ་རྒྱུའི་སླད་དུ་ཡིག་ཐོག་ཏུ་དོན་ཡོད་པ་ཞིག་བྲིས་ན་བཟང༌། ངའི་བསམ་པར་དེ་ནི་ང་ཚོས་འབྲེལ་བ་བྱེད་ཕྱོགས་ཐད་གལ་ཆེན་པོ་ཞིག་ཡིན། ངོ་མཚར་ཆེ་མདོག་གིས། འདི་རླབས་ཆེན་རེད་ཟེར་བ་སོགས་ཁ་ཙམ་གྱིས་ངོ་བསྟོད་བྱེད་པ་ནི་ཆོ་མེད་པ་རེད། མཁྱེན་གསལ་ལྟར། འཕྲུལ་ཆས་ངེས་ཅན་ཞིག་གི་སྟེང་མཛུབ་མོས་གནོན་ཐེངས་གཅིག་ལ་ང་ཁྱོད་ལ་དགའ་པོ་ཡོད་བརྗོད་ཀྱི་ཡོད། དེ་དངོས་གནས་ཚོར་བ་ཞིག་དང་འབྲེལ་མེད། དེ་ལྟ་བུའི་ཆོ་མེད་པའི་གཏམ་ངས་དེ་རིང་ཁ་ལག་འདི་འདྲ་ཞིག་ཟས་པ་ཡིན་ཞེས་བརྗོད་ཡུལ་བཅུ་ཙམ་ཡོད་ཀྱང་རིམ་བཞིན་སྙིང་པོ་མེད་པ་དང་དགོས་པ་མེད་པ་ང་ཚོས་ཕྱིས་སུ་ཤེས་ཀྱི་ཡོད།

གཞན་ཡང་སྤྱི་ཚོགས་ནང་གི་བརྒྱུད་ལམ་ཁག་གི་ཁེ་ཕན་ཞིག་ནི། ཉིན་གཅིག་ལྟར་ལས་ཀར་ཕྱིན། དེ་ནས་ནང་དུ་ཕྱིར་ལོག་མཁན་གྱི་ཁེར་རྐྱང་དུ་འཚོ་གནས་བྱེད་མཁན་ཚོར་ཡོད། སྤྱི་ཚོགས་ནང་གི་འབྲེལ་ལམ་གྱིས་ཁོང་ཚོར་རང་ཉིད་ཚོགས་པའི་ཆ་ཤས་ཤིག་ཡིན་པ་ཚོར་འཇུག་གི་ཡོད། དེ་ལ་བརྟེན་ནས་བདེ་བའི་ཚོར་བ་ཞིག་སྦྱིན་གྱི་ཡོད། མདོར་ན་ང་ཚོ་མི་ཡིན་པའི་ཆ་ནས་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན། དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པ་ཚོར་གྱི་ཡོད། སྐྱོན་ཅིག་ནི་སོ་སོ་གང་དུ་གཏོགས་པའི་ཚོགས་པ་དེའི་ཚོགས་མི་དང་ལྷན་དུ་དོན་སྙིང་ལྡན་པའི་འབྲེལ་བ་བྱེད་མི་བྱེད་ཐེ་ཚོམ་རེད། ཚོགས་པའམ་སྡེ་ཚན་དེའང་སྙིང་པོ་མེད་པའི་ལས་དོན་ཞིག་ལ་མགོ་འཁོར་བའང་སྲིད།

ནང་ཆོས་ཀྱིས་ཆོས་གྲོགས་ལ་གཙིགས་ཆེན་པོ་གནང་གི་ཡོད། སོ་སོ་ཚོགས་པ་ཞིག་གི་ཆ་ཤས་ཡིན་པ་ཚོར་ཐུབ་ན་དགེ་མཚན་ཆེ། དགོན་སྡེ་ཁག་ནང་ང་ཚོས་དེ་འདྲ་བྱེད་པ་གསལ་པོ་རེད། འཛམ་གླིང་ནང་གི་ནང་པའི་ཆོས་ཚོགས་ཁག་ཏུ་དེ་འདྲ་ཡོད། འོན་ཀྱང་དེ་ལྟར་བྱེད་པར་ནང་པའམ་ཆོས་ཕྱོགས་སྡེ་ཚན་ཞིག་གི་ཆ་ཤས་ཡིན་མི་དགོས། ཕན་ཚུན་རོགས་རམ་སླད་བཟང་སྤྱོད་རིན་ཐང་དང་འབད་བརྩོན་གྱི་ཐོག་ནས་མཉམ་རུབ་ཡོང་གི་ཡོད། གཞན་ཡང་སྤྱི་ཚོགས་ཤིག་གི་ཁོངས་མི་བྱེད་འདོད་ན། སྤྱི་ཚོགས་དེ་བཟང་པོ་དང་དགེ་བའི་སྤྱོད་པས་ཟིན་པ་ཡོད་ན་ཕན་རླབས་ཤིན་ཏུ་ཆེ།

དེ་མིན་གྱི་ཁེ་ཕན་གཅིག་ནི་ནང་མིའི་བར་འབྲེལ་ལམ་ཉེ་པོ་ཆགས་ནས་ཚང་མས་གང་བྱེད་པ་ཤེས་རྟོགས་ཐུབ། དེ་ནི་དམིགས་བསལ་ཨེ་ཤི་ཡའི་ཁྱིམ་ཚང་ཁག་ནང་ཕན་ཐོགས་ཆེ། ཨ་ཤི་ཡའི་མི་རྣམས་ཀྱིས་སོ་སོའི་ཁྱད་རྣམ་དེ་རྒྱུན་དུ་ཁྱིམ་མི་ཚང་མའི་ཐོག་གཞི་བཅོལ་བ་ལས་སོ་སོ་སྒེར་ངོས་ནས་བརྩི་གི་མེད་པ་དང༌། མི་རབས་རྒན་པ་རྣམས་ཀྱིས་གཞོན་པ་རྣམས་ཧ་ལམ་ཁོ་རང་ཚོའི་རྒྱུད་འཛིན་པ་ལྟ་བུར་བརྩི་གི་ཡོད། དེར་བརྟེན་ངོ་དེབ་བམ་གང་ཡིན་ཀྱང་དེ་དག་གི་ཐོག་ནས་ཚང་མས་གང་བྱེད་པ་དེ་ཚང་མས་ཤེས་ཀྱི་ཡོད་ཅེས་ནང་མི་ཚོས་ཚོར་གྱི་ཡོད། དེ་ཕན་ཐོགས་ཆེ། དེའི་སྐྱོན་ཞིག་ནི་ང་ཚོས་སོ་སོ་སྒེར་གྱི་གསང་བ་ཚང་མ་ཉར་ཐུབ་ཀྱི་མེད། ང་ཚོས་ངོ་དེབ་དང་གློག་འཕྲིན་བརྒྱུད་དེ་མི་ཞིག་དང་ཕན་ཚུན་འབྲེལ་བ་བྱེད་ཐུབ་ཀྱང༌། སོ་སོའི་ངོས་ནས་གསང་བ་ཡིན་བསམ་པའི་གནད་དོན་འགའ་ཞིག་སོ་སོའི་ཆོག་མཆན་ནམ་མོས་མཐུན་མེད་པར་གཞན་བརྒྱུད་དེ་གང་སར་ཁྱབ་འགྲོ་གི་ཡོད། དེའི་ཕྱིར་སྒེར་གྱི་འཕྲིན་བརྡ་དང༌། གློག་འཕྲིན་རྣམས་ཅུང་འཚམ་པ་ཡོད། འོན་ཀྱང་དེ་དག་ཀྱང་སྐབས་རེ་ཆོ་མེད་གཏམ་འཆལ་དུ་འགྱུར་ཉེན་ཡོད།

ནང་ཆོས་ཀྱིས་ང་ཚོར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་རྒྱུད་ལ་སྦྱོང་ཐབས་སློབ་ཀྱི་ཡོད། འདིའི་ཐད་སྒེར་དང་སྤྱི་གང་ཡིན་པའི་དབར་ཁྱད་པར་འབྱེད་ཀྱི་ཡོད། དཔེར་ན། སྔགས་ཀྱི་ནང་ང་ཚོས་ཆོས་ངེས་ཅན་འགའ་ཞིག་སྒེར་རམ་གསང་རྒྱ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། གཞན་གྱིས་ང་ཚོས་གང་བཤད་པ་རྣམས་ལ་གོ་ནོར་དང་ལོག་སྤྱོད་བྱེད་སྲིད་པ་ཡིན། དེ་ནས་ཤེས་རབ་དེ་སོ་སོའི་མི་ཚེའི་ནང་གི་ཁྱབ་ཁོངས་ཀུན་ལ་རྒྱ་སྐྱེད་གཏོང་ཐུབ། དེ་ནི་རང་གིས་རང་ཚོད་འཛིན་དགོས་པའི་གནད་དོན་ཙམ་ཡིན། གལ་སྲིད་རང་ངོས་ནས་སོ་སོའི་ངོ་དེབ་ཐོག་གང་ཡང་རུང་བ་འཇུག་འདོད་ན། དེ་མི་ཚང་མས་མཐོང་རྒྱུ་ཡིན་པས་སྔ་ས་ནས་ཤེས་པ་དགོས། དེ་མིན་ཁ་ཐུག་གློག་འཕྲིན་བཏང་ན་ལེགས།

ཊུ་ཝི་ཊར་ (twitter) ལ་མཚོན་ན། དེའི་ཐོག་ནས་ང་ཚོས་འཕྲིན་ཐུང་དེ་འདྲ་གཏོང་རེས་བྱེད་ཀྱི་ཡོད། ཊུ་ཝི་ཊར་ཐོག་ནས་སོ་སོས་དད་མོས་བྱེད་སའི་མི་གཞན་གྱི་སོསོར་ཡ་ལན་བྱེད་པ་མཐོང་སྐབས། དེས་རྐྱེན་ཁེར་རྐྱང་གི་ཚོར་བ་ཞི་ནས་སོ་སོ་གཅིག་པུ་མིན་བསམ་པའི་ཚོར་བ་སྐྱེ་བ་དང་གཞན་དང་མཉམ་དུ་འགྲོག་འདྲིས་མང་བ་ཡོད་གི་ཡོད། དེའི་སྐྱོན་ནི་སོ་སོས་དགའ་མོས་བྱེད་སའི་མི་དེའི་མིག་དཔེའམ་བསླབ་བྱར་བརྩི་འཇོག་བྱས་ཏེ་སོ་སོའི་རྒྱུད་ཀྱི་སྟོབས་ཤུགས་ཡར་རྒྱས་གཏོང་ཐབས་མ་བྱས་པར། ཚོར་བ་བདེ་པོ་ཙམ་ཡོང་བའི་ཆེད་དུ་བེད་སྤྱོད་བྱེད་སྲིད། མི་མང་པོ་ཞིག་ལ་ཊུ་ཝི་ཊར་ཐོག་ནས་ྋགོང་ས་མཆོག་གམ་དེ་མིན་གྱི་ཕུལ་བྱུང་ངམ་རླབས་ཆེན་གྱི་མི་སྣའི་དྲུང་ནས་ཡ་ལན་འཐོབ་ཀྱི་ཡོད།

ནང་ཆོས་ནང༌། ང་ཚོར་བླ་མའི་རྣལ་འབྱོར་ཞེས་བྱ་བ་ཞིག་ཡོད་པའི་ནང༌། དགེ་བའི་བཤེས་གཉེན་དེའི་སྐུ་གསུང་ཐུགས་གསུམ་དང་སོ་སོའི་ལུས་ངག་ཡིད་གསུམ་ངོ་བོ་དབྱེར་མེད་དུ་འཇུག་པའི་དམིགས་ཡུལ་ཐོག་ནས། སོ་སོའི་དགེ་བའི་བཤེས་གཉེན་གྱི་དྲུང་ནས་ཐོབ་པའི་སེམས་ཤུགས་སམ་སྙིང་སྟོབས་དེ་གོང་མཐོར་གཏོང་གི་ཡོད། དེ་ཡང་ཞིབ་ཏུ་བརྗོད་ན། རང་གི་མི་ཚེའི་ནང་ཁ་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་སོ་སོའི་བྱེད་སྟངས་དང༌། སྐད་ཆ་ཤོད་སྟངས། བསམ་བློ་གཏོང་སྟངས་རྣམས་བླ་མ་ནང་བཞིན་ཡོང་ཐབས་བྱེད་པའི་དོན་རེད། དེ་ལྟའི་ཐབས་ཤེས་དེ་ཆོས་ཕྱོགས་ཀྱི་བླ་མ་ཙམ་མིན་པར། ཊུ་ཝི་ཊར་བརྒྱུད་ཐུག་པའི་རང་གིས་དགའ་མོས་བྱེད་སའི་མི་རྣམས་ལའང་གཅིག་མཚུངས་ལག་བསྟར་བྱེད་ཆོག གཞན་ཡང་གལ་སྲིད་ཊུ་ཝི་ཊར་བརྒྱུད་རང་ལ་བཟང་ཕྱོགས་སམ་བློ་སེམས་འགུལ་ནུས་ཀྱི་བརྡ་འཕྲིན་དེ་འདྲ་འབྱོར་སྐབས། དེའི་དོན་སོ་སོའི་མི་ཚེའི་ནང་ཉམས་སུ་ལེན་དགོས་པ་ལས་འཕྲལ་དུ་ཚོར་བ་བདེ་བ་ཙམ་ཡོང་བའི་ཆེད་དུ་སྤྱོད་མི་ཉན།

གཞན་ཡང་ཁེ་ཕན་གཅིག་ནི་ངོ་ཚ་ཅན་གྱི་མི་རྣམས་གཞན་དང་མཉམ་དུ་ནམ་རྒྱུན་ལས་འབྲེལ་བ་ལྷུག་པོ་དང་ཁ་གསང་པོའི་ངང་བྱེད་ཐུབ་པ་དང༌། ལྷག་པར་དུ་སྐད་རིགས་མི་གཅིག་པའི་གྲོགས་པོ་ཞིག་ལ་འབྲེལ་བ་བྱེད་པའམ་ཡང་ན་སོ་སོའི་ཕ་སྐད་མ་ཡིན་པའི་སྐད་ཡིག་གཞན་ཞིག་གི་ཐོག་ནས་ཡིག་འབྲེལ་བྱེད་པའི་ཐད་ཕན་རླབས་ཆེ། མི་རྣམས་ཀྱིས་ངག་ཐོག་ལས་ཡིག་ཐོག་ཏུ་འབྲེལ་བ་ལེགས་པ་བྱེད་ཐུབ་ཀྱི་ཡོད། དེའི་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཞིག་ནི་གདོང་དང་གདོང་ཐུག་ནས་འབྲེལ་བ་བྱེད་པའི་ང་ཚོའི་ནུས་པར་འགོག་རྐྱེན་བཟོ་ཞིང༌། གདོང་དང་གདོང་ཐུག་ནས་འབྲེལ་བ་བྱེད་སྐབས་ཀྱི་ཚོར་སྣང་དེ་བརླག་སྲིད། དཔེར་ན། དྲ་རྒྱའི་ཐོག་ནས་སོ་སོའི་ངོ་བོ་དངོས་སུ་མ་བཤད་པར་འབྲེལ་བ་བྱེད་སྐབས་གཞན་ཞིག་གིས་བརྡ་འཕྲིན་ནམ་ཡ་ལན་བློ་ལ་མི་འཐད་པ་ཞིག་འབྱོར་ཚེ། དེ་ལ་ལན་མི་འདེབས་པའམ་ཀམ་པུ་ཊར་གསོད་འདོད་ཡོང་གི་ཡོད། དེ་ནི་དངོས་གནས་དཀའ་ངལ་ཆེན་པོ་ཞིག་རེད།

ཕྱོགས་གཞན་ཞིག་ནས་ནང་ཆོས་ཀྱིས་ང་ཚོར་རང་ལ་ཡོན་ཏན་མེད་བཞིན་དུ་ཡོད་པར་ཟོག་རྫུ་བྱེད་རྒྱུ་མེད་པ་དང༌། སོ་སོར་སྐྱོན་ཡོད་བཞིན་དུ་སྦས་ཐབས་བྱེད་རྒྱུ་མེད་པའི་རྒྱུ་མཚན་སློབ་ཀྱི་ཡོད། སོ་སོས་སོ་སོར་དྲང་པོ་བྱེད་པའི་ཐོག་ནས་གལ་སྲིད་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཐོག་འདེངས་སྤོབས་ཞིག་རྙེད་ན། དེ་ནས་འཚོ་བ་དངོས་ཀྱི་ནང་ལག་བསྟར་བྱ་རྒྱུ་རྒྱ་སྐྱེད་གཏོང་དགོས་ཀྱི་ཡོད། དེར་བརྟེན་གཞན་དང་མཉམ་དུ་འབྲེལ་བ་བྱས་ནས་རང་ལ་གདེང་ཚོད་འཐོབ་རྒྱུར་བརྒྱུད་ལམ་དེ་དག་ཕན་ཐོགས་ཆེན་པོ་ཡོད། གདེང་རྙེད་པའི་རྗེས་ད་གཟོད་ཕྱིར་ཐོན་ནས་གདོང་དང་གདོང་ཐུག་སྟེ་འབྲེལ་བ་བྱེད་དགོས། སོ་སོའི་ཀམ་པུ་ཊར་གྱི་རྒྱབ་ཏུ་ཡིབས་ནས་སྡོད་རྒྱུ་མེད།

ད་དུང་ཁེ་ཕན་གཅིག་ནི་ཊུ་ཝི་ཊར་དང་གློག་འཕྲིན་གྱིས་ང་ཚོར་སོ་སོའི་བསམ་ཚུལ་ཕན་ཚུན་མྱུར་དུ་སྐྱེལ་བ་དང་དེ་ལ་བརྟེན་ནས་ང་ཚོས་འབྲེལ་ལམ་ཚགས་ཚུད་པ་བྱེད་ཐུབ་ཀྱི་ཡོད། དུས་ཚོད་མང་པོ་བཏང་ནས་ཁ་པར་དང་གཟུགས་མཐོང་གླེང་མོལ་བྱེད་དགོས་རྒྱུ་མེད། དེ་བཞིན་འགྲུལ་བཞུད་བྱེད་པའམ་གནས་སྟངས་ཛ་དྲག་ཅིག་གི་ནང་ཡོད་སྐབས་ཕན་ཐོགས་ཆེན་པོ་ཡོད། གཞན་ལས་ཛ་དྲག་གི་བརྡ་འཕྲིན་ཡང་འབྱོར་ཐུབ། དེར་བརྟེན་ཕན་ཐོགས་པོ་ཡོད། འོན་ཀྱང་དེའི་སྐྱོན་ནི་དག་ཆའང་ཞིབ་ཚགས་པོ་མ་བྲིས་པར་ཚིག་ཁ་ཤས་ནང་སོ་སོའི་བསམ་ཚུལ་ཤོད་པས་གནད་ལ་ཁེ་པོ་དང་ཆ་ཚང་བ་ཞིག་ཤོད་རྒྱུའི་ནུས་པ་བརླག་འགྲོ་གི་ཡོད་པ་དང༌། སོ་སོས་དོ་སྣང་བྱེད་པའི་ནུས་པའང་ཉམས་རྒྱུ་རེད། ས་ཆ་གང་དུ་ལས་ཀ་གང་བྱེད་ནའང་ཞིབ་ཚགས་པོ་མེད་པར་ཚང་མ་འཁྱུག་ཙམ་ནང་ཚར་གྱི་ཡོད།

གཞན་དང་མཉམ་དུ་དོན་དང་ལྡན་པའི་འབྲེལ་ལམ་བྱེད་རྒྱུ་དང་གཞན་ལ་རོགས་རམ་བྱ་རྒྱུར་ནང་ཆོས་ཀྱིས་དམིགས་བསལ་དོ་གལ་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་ཊུ་ཝི་ཊར་ལྟ་བུའི་ཐོག་ནས་བརྡ་འཕྲིན་འབྲི་རྒྱུར་ཡིག་འབྲུ་ཚད་ངེས་ཅན་ཞིག་ཡོད། དངོས་སུ་འབྲེལ་ལམ་བྱུང་སྐབས་དགོས་མེད་ཀྱི་ཚིག་རྙོག་ལྟ་བུ་གཙང་སེལ་བྱས་ཏེ་དོན་སྙིང་ཡོད་པ་ཞིག་ཡོང་བར་སྦྱོང་བརྡར་གཏོང་གི་ཡོད། འོན་ཀྱང་ང་ཚོས་གཟབ་གཟབ་བྱེད་དགོས། དེར་བརྟེན་ཊུ་ཝི་ཊར་ཐོག་ནས་དོན་དང་ལྡན་པའི་འབྲེལ་བ་བྱེད་སྲིད་ཀྱང་འབྲེལ་ལམ་ཡང་དག་པ་ཞིག་ཡོང་མི་ཐུབ།

ང་ཚོས་སེམས་རྩེ་གཅིག་ཏུ་སྒྲིམ་རྒྱུ་དང་བརྗོད་དོན་གང་ཡིན་ཀྱང་དེའི་སྙིང་པོ་ལེན་རྒྱུར་ནང་ཆོས་ཀྱིས་ཕན་རླབས་ཆེ་བའི་ཐབས་ལམ་མང་པོ་ལམ་སྟོན་བྱེད་ཀྱི་ཡོད་པ་དང༌། དེ་བཞིན་ཏིང་ངེ་འཛིན་སྦྱོར་བར་ཕན་འདོགས་ཆེ་བའི་སྒོམ་གྱི་ཐབས་ལམ་མང་པོ་སློབ་ཀྱི་ཡོད། ངའི་བསམ་པར་འདི་ནི་མ་འོངས་པར་ནང་ཆོས་ཀྱི་བེད་སྤྱོད་བྱེད་ངེས་པའི་གནད་དོན་གལ་ཆེན་པོ་ཞིག་ཏུ་འགྱུར་གྱི་རེད་བསམ་གྱི་འདུག དཔེར་ན། གསར་འགྱུར་ཁག་ལ་བལྟས་ན། གསར་འགོད་པ་ཚོས་གནད་དོན་ཞིག་གླེང་བ་དང་དུས་མཚུངས་རླུང་འཕྲིན་སོགས་ཀྱི་ཐོག་ནས་གནས་ཚུལ་གཞན་ཞིག་གླེང་སྟེ། སྐབས་རེ་དུས་གཅིག་ལ་གནས་ཚུལ་གཉིས་སམ་གསུམ་བརྙན་འཕྲིན་ཐོག་ནས་ཐོན་གྱི་ཡོད། དེར་བརྟེན་མི་རྣམས་བློ་རྩེ་གཅིག་ཏུ་སྒྲིམ་ཐུབ་རྒྱུ་ཁག་པོ་ཆགས་ཀྱི་ཡོད། ཁོང་ཚོའི་དོ་སྣང་ཏོག་ཙམ་འདིར་སྤྲད་པ་དང༌། ཏོག་ཙམ་ཞིག་དེར་སྤྲད་དེ་འཆར་སྣང་སོགས་མྱུར་དུ་འགྱུར་བ་འགྲོ་གི་ཡོད། དེར་བརྟེན་སེམས་རྩེ་གཅིག་ཏུ་གཏོད་རྒྱུར་གནོད་སྐྱོན་ཆེ། འོན་ཀྱང་ངས་བཤད་པ་བཞིན་གལ་སྲིད་མི་རྣམས་རང་རྒྱུད་ཡར་རྒྱས་གཏོང་འདོད་ན། དེའི་ཕྱིར་ནང་ཆོས་ཉིད་ཕན་རླབས་ཆེ་བ་ཞིག་ཡིན། དོན་དངོས་སུ་གསར་འགྱུར་བརྒྱུད་ལམ་ཁག་གི་ཤུགས་རྐྱེན་ལ་བརྟེན་ནས་མི་རྣམས་ཀྱི་དོ་སྣང་བྱེད་པའི་ནུས་པའི་ཚད་ཉམས་རྒུད་ཕྱིན་ནས་དཀའ་ངལ་ལ་གདོང་ལེན་བྱ་རྒྱུར་ཁག་པོ་བྱུང་གི་ཡོད། འོན་ཀྱང་དེའི་ཐད་མུ་མཐུད་འབད་བརྩོན་བསྟེན་དགོས།

གཞན་ཡང་ལག་ཐོག་ཁ་པར་གྱི་ཐོག་ནས་ང་ཚོས་ས་ཕྱོགས་གང་སར་དུས་ངེས་མེད་དུ་འབྲེལ་བ་སོགས་བྱེད་ཐུབ་ཀྱི་ཡོད། དེའི་སྐྱོན་ཞིག་ནི་འཕྲུལ་ཆས་དེ་དག་གི་གདོང་ཤེལ་ཐོག་ནང་རང་བཞིན་གྱིས་འོད་འཁྱུགས་ཏེ། གློག་ཆས་དང་ཡོ་བྱད་དེ་དག་གིས་རང་གི་རྣམ་དཔྱོད་དམ་དོ་སྣང་འཕྲོགས་པ་དང་རང་ཉིད་དེ་ལ་ལངས་ཤོར་ཏུ་འཇུག་གི་ཡོད། ཡིད་དབང་འཕྲོག་པ་ཞིག་ཏུ་སྣང༌། སྦེར་ལིན་ (Berlin) གྲོང་ཁྱེར་གྱི་ས་འོག་མེ་འཁོར་ནང་མོ་གྲ་ཚང་མའི་ནང་གཟུགས་མཐོང་བརྙན་འཕྲིན་བཙུགས་ཏེ། གསར་འགྱུར་དང༌། ཁྱབ་བསྒྲགས། གནམ་གཤིས་སྔོན་བརྡ་སོགས་སྟོན་གྱི་ཡོད། སོ་སོས་དེ་ལ་མ་བལྟས་ནའང༌། ལྟ་དགོས་པ་ཁེལ་གྱི་ཡོད། དེར་བརྟེན་སོ་སོ་འབུ་སྲིན་ནམ་དུད་འགྲོ་ལྟ་བུ་ཆགས་ཏེ་དེ་དག་གི་དབང་དུ་སོང་ནས། མ་བལྟས་པར་འདུག་རྒྱུ་ཁག་པོ་ཡོང་གི་ཡོད།

དེ་ག་ནང་བཞིན་ལག་ཐོག་ཁ་པར་དང་ཀམ་པུ་ཊར་གྱི་གདོང་ངོས་རྣམས་ཡིད་དུ་འོངས་བ་ཡོད་སྟབས་ང་ཚོ་སྐྱག་ལང་ཤོར་གྱི་ཡོད། སྐྱག་ལང་ཤོར་སླ་པོ་ཡོད་པའི་རྐྱེན་གྱིས་རྟག་ཏུ་ཡིག་འཕྲིན་འབྱོར་ཡོད་མེད་བལྟས་ནས་གང་ཡང་མ་འཕྱུག་པ་བྱེད་ཀྱི་ཡོད། དེའི་ཁར་སེམས་ནང་རྟག་ཏུ་ཚོར་བ་བརྟན་པོ་མེད་པ་ཞིག་སྐྱེ་བ་དང༌། ཁ་པར་ལག་པའི་ནང་ཉིན་གང་བཟུང་ནས་བཅོས་མའི་བརྟན་ཆ་ཞིག་ཐོབ་ཀྱི་ཡོད། དེས་ཧིན་དྷུའི་གྲྭ་པ་ (sadhu) རྣམས་ཀྱིས་ལག་པའི་ནང་གངྒའི་ཆུ་ཟོམ་གང་ཁྱེར་ནས་འགྲོ་བ་ང་རང་ལ་དྲན་སྐུལ་བྱེད་ཀྱི་འདུག མི་རྣམས་ཀྱིས་རྟག་པར་ལག་ཏུ་དེ་ལྟར་ཁྱེར་དགོས་ཀྱི་ཡོད། དེ་ནས་ངོ་དེབ་ཐོག་རང་ལ་གཞན་གྱི་འཕྲིན་ཐུང་དེ་འདྲ་འབྱོར་ཡོད་མེད་ལྟ་བ་དང་དེ་དག་ཡིག་ལན་གཏོང་ཆེད་ཉིན་གང་གཏོང་བས་དུས་ཚོད་མང་པོ་ཆུད་ཟོས་སུ་གཏོང་གི་ཡོད། སྐབས་མང་ཆེ་བར་དེ་ལྟའི་ཡིག་འབྲེལ་ཚང་མ་ཆོ་མེད་པ་ཤ་སྟག་ཡིན།

རང་རྒྱུད་དུ་རང་ཉིད་གལ་ཆེན་པོར་བརྩི་བའི་ཚོར་བ་ནོར་བ་ཞིག་ཡོད་པའི་ཐོག་ནས། མི་སུ་འདྲ་ཞིག་ཡིན་རུང་དུས་ཚོད་ངེས་མེད་ཅིག་གི་ནང་ཁ་པར་ཐོག་ནས་འཕྲིན་ཐུང་སྐུར་བ་དང་སྐད་ཆ་བཤད་དེ་ཁོང་ཚོའི་སྐབས་སུ་བབས་པའི་ལས་ཀ་ངས་མཚམས་འཇོག་བྱེད་དུ་འཇུག་ཐུབ་ཅེས་བསམ་གྱི་ཡོད། ད་དུང་སྤྱོད་པ་རྩུབ་པོ་དང་སྤྱི་ཚོགས་ལ་རྒྱབ་འགལ་བྱེད་འདོད་ཡོང་སྲིད། གང་ཡིན་ཟེར་ན། ང་ཚོ་མི་གཞན་ཞིག་དང་མཉམ་དུ་ཡོད་བཞིན་པའི་སྐབས། མི་གཞན་ཞིག་ལ་ཁ་པར་ཐོག་ནས་འཕྲིན་ཐུང་གཏོང་བའམ་སྐད་ཆ་ཤོད་ཀྱི་ཡོད། དེ་ནི་གཞོན་སྐྱེས་ཚོའི་བྱེད་ལུགས་ཡོངས་གྲགས་ལྟ་བུ་རེད།

གཞན་ཡང་ནང་ཆོས་ཀྱིས་ང་ཚོའི་རྒྱུད་ཀྱི་འདོད་ཆགས་ཉུང་དུ་གཏོང་ཐབས་སློབ་ཀྱི་ཡོད། འདོད་ཆགས་ཞེས་པ་གང་རེད་དམ། འདོད་ཆགས་ནི་ཡུལ་ཞིག་ལ་ཁྱད་ཆོས་བཟང་པོ་མེད་བཞིན་དུ་ཡོད་པར་སྒྲོ་འདོགས་པའི་བློ་ཞིག་ཡིན་ཅིང༌། སྐབས་རེ་ཡིད་དུ་འོང་ཚད་ལས་བརྒལ་བའི་སྒྲོ་འདོགས་ཀྱི་ཡོད་པ་དང་མི་ལེགས་པའི་ཆ་རྦད་དེ་སྣང་ཆུང་བཏང་ནས། ཆགས་ཡུལ་དེ་བློས་གཏོང་ཐུབ་ཀྱི་མེད། དེ་ལ་འདོད་ཆགས་ཟེར། གལ་སྲིད་སྤྱི་ཚོགས་ཀྱི་བརྒྱུད་ལམ་དེ་དག་གི་ཁེ་ཕན་ཐད་དོན་དངོས་དང་མཐུན་པའི་ལྟ་ཚུལ་བཟུང་ན། གཏན་གཏན་ཁེ་ཕན་ཡོད། ཆབས་ཅིག་དེའི་སྐྱོན་ཡང་ངོས་འཛིན་དགོས། དེ་ལྟར་བྱས་ན་འདོད་ཆགས་དང་རྣམ་གཡེང་གི་དབང་དུ་མི་འགྲོ་བར་ཕན་ཐོགས་ཡོད།

གཞན་ལ་བསམ་ཤེས་དང༌། ཆོ་མེད་པའི་གླེང་མོལ་བྱས་ཏེ་གཞན་གྱི་ལས་དོན་ལ་བར་ཆད་བཟོ་བ་དང་གཞན་གྱི་དུས་ཚོད་འཕྲོ་བརླག་གཏོང་རྒྱུ་མེད་ཅེས་ནང་ཆོས་ཀྱིས་སློབ་ཀྱི་ཡོད། ངག་ཀྱལ་གྱི་ཉེས་དམིགས་ལ་ལྟ་སྐབས། དེ་གནོད་འཚེ་ཅན་ཡིན་པའི་རྒྱུ་མཚན་གང་རེད། ངག་ཀྱལ་ཞེས་པས་ཆོ་མེད་པར་ཆོ་ཡོད་པར་བསམ་པ་ཙམ་མིན་པར། གཞན་ལ་བར་ཆད་བཟོ་གི་ཡོད། ང་ཚོས་རང་གཞན་གཉིས་ཀའི་དུས་ཚོད་འཕྲོ་བརླག་གཏོང་གི་ཡོད། ལྷག་པར་དུ་ལས་དོན་གལ་ཆེན་པོ་ཞིག་སྒྲུབ་བཞིན་པའི་མི་གཅིག་ལ་ཆོ་མེད་པའི་སྐད་ཆ་བཤད་དེ་ལས་ཀ་བྱེད་མ་བཅུག་ན་ཉེས་དམིགས་ཤིན་ཏུ་ཆེ། དེར་བརྟེན་དེའི་ཚུལ་ནང་ཆོས་ནང་ནས་སློབ་སྦྱོང་བྱས་ན་དགེ་མཚན་རླབས་ཆེ།

དེ་མིན་གྱི་ཁེ་ཕན་གཅིག་ནི་སྤྱིར་བཏང་འཛམ་གླིང་ནང་སྤྱི་ཚོགས་ཀྱི་བརྒྱུད་ལམ་དང༌། ཨེ་པོ་ཌོ་ (iPods) གཟུགས་མཐོང་རྩེད་མོ་སོགས་ཀྱིས་དཀའ་ངལ་ཤུགས་ཆེན་པོ་འཕྲད་བཞིན་པའི་སྐབས། མི་རྣམས་ཀྱིས་དེ་དག་ལ་འཇུག་པའི་དོ་སྣང་ཚོད་འཛིན་ཐུབ་པ་དང་སོ་སོའི་ལས་དོན་ཐད་ཤུགས་སྣོན་ཆེ་བ་སྤྲོད་ཐུབ་པ་ཡོང་གི་ཡོད། དེ་ལྟར་བྱས་ན་སྤྱིར་འཛམ་གླིང་གི་དཀའ་ངལ་དང་སྒོས་སུ་སོ་སོ་སྒེར་གྱི་དཀའ་ངལ་བསམ་བློ་འཁོར་ནས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་སྐབས་སྐྱབས་བཅོལ་སའམ་ཡིབ་ས་ལྟ་བུ་ཞིག་མཁོ་སྤྲོད་བྱེད། འཛམ་གླིང་ཧྲིལ་པོའི་དཀའ་ངལ་དང་སྒོས་སུ་ལས་ཀ་མ་ཐོབ་པ་ལྟ་བུའི་སོ་སོའི་དཀའ་ངལ་རྣམས་ཧ་ཅང་རྙོག་འཛིང་ཆེ་བ་ཞིག་ཡིན། དེར་བརྟེན་དཀའ་ངལ་དེ་ལྟའི་སྐབས་ཀམ་པུ་ཊར་ཐོག་ནས་རང་གི་གྲོགས་པོ་དང་ཡང་ན་རྩེད་མོ་དེ་འདྲ་རྩེད་ནས་སེམས་གནས་སྐབས་གཡེང་འཇུག་གི་ཡོད། ཡང་ན་གཞས་ཉན་པ་སོགས་བྱེད་ཀྱི་ཡོད། དེར་བརྟེན་དེ་ལྟའི་རྩེད་རིགས་དང་བརྒྱུད་ལམ་ལ་བརྟེན་ནས་སོ་སོའི་སེམས་ནང་ཅུང་བཟོད་ཡངས་པའམ་སྲུང་སྐྱོབ་ཡོད་པ་ལྟ་བུ་ཚོར་གྱི་ཡོད།

དེ་ནས་དེར་སྐྱོན་ག་རེ་ཡོད་ཅེ་ན། སྐྱོན་ནི་དཀའ་ངལ་འཕྲད་སྐབས་དེ་ལ་གདོང་ལེན་མ་བྱས་པར་གཡོལ་ཐབས་བྱེད་པ་དེ་ཡིན། དེའི་ཕྱིར་ནང་ཆོས་ནང་ནས་བདེན་པ་བཞི་བསྟན་ཡོད། དེ་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་དེ་ཡིན། སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ནི་ང་ཚོར་དཀའ་ངལ་འཕྲད་སྐབས་དཀའ་ངལ་དང་དོན་དངོས་ངོས་འཛིན་བྱས་ཏེ་དེ་དག་ལ་གདོང་ལེན་བྱེད་དགོས་པའི་ཚུལ་གསུང་ཡོད། དཀའ་ངལ་འཕྲད་སྐབས་གདོང་ལེན་བྱེད་དགོས་པ་ལས་གཡོལ་ཐབས་སོགས་བྱེད་མི་ཉན། དེས་ན་གདོང་ལེན་ཇི་ལྟར་བྱེད་དགོས་སམ་ཞེ་ན། དེའི་རྒྱུ་རྩད་གཅོད་བྱེད་དགོས། དེའི་ཕྱིར་བསམ་བློ་བཏང་ནས་བརྟག་དཔྱད་བྱེད་དགོས། ཕྱིའི་རྒྱུ་རྐྱེན་ཙམ་མིན་པས་རྒྱུ་ངོ་མའམ་རྩ་བ་དེ་འཚོལ་དགོས། རྒྱུ་གཅིག་ཁོ་ན་ལ་སྐྱོན་འཛུགས་མ་བྱས་པར་དཀའ་ངལ་དེ་རྒྱུ་དང་རྐྱེན་མང་པོ་ཞིག་ལ་བརྟེན་ནས་བྱུང་བ་ཤེས་དགོས། དེ་ནས་དཀའ་ངལ་དེ་སེལ་ཐབས་ཡོད་པ་ཤེས་དགོས། རྒྱུ་དེ་མེད་པ་བཟོས་ན་ཡང་བསྐྱར་མི་འབྱུང་བའི་ཐབས་འཚོལ་དགོས།

ནང་པའི་ཉམས་ལེན་ནང་ཞུགས་ན། དངོས་གནས་གཏིང་ཟབ་པོ་དང་གལ་ཆེ་བའི་གནས་དོན་ཞིག་ནི། དཀའ་ངལ་དང་སྡུག་བསྔལ་དེ་དག་མེད་པ་བཟོ་རྒྱུ་ཡོད་པ་དང་མེད་པ་བཟོས་རྗེས་ཡང་བསྐྱར་འབྱུར་མི་སྲིད་པའི་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་དགོས། དེ་ཡང་ང་ཚོའི་སྡུག་བསྔལ་རྣམས་ཆུང་རུ་གཏོང་ཐབས་ཙམ་མིན་པར་རྩ་བ་ནས་མེད་པ་བཟོ་རྒྱུའི་ཐབས་ལམ་དེ་དག་ཉམས་སུ་ལེན་དགོས། ཆུང་དུ་ཙམ་བཏང་ན་ཡང་བསྐྱར་འབྱུང་བ་ཡིན། དེར་བརྟེན་སྡུག་བསྔལ་རྩ་བ་ནས་མེད་པ་བཟོས་ཏེ་གནས་སྟངས་ཡག་ཤོས་དེ་མངོན་འགྱུར་ཐུབ་ཐབས་བྱེད་དགོས། དེ་ནི་ནང་ཆོས་ཀྱི་གནད་དོན་གཙོ་བོ་དེ་མ་ཡིན། ང་ཚོས་སྡུག་བསྔལ་བཀག་པའི་འགོག་པ་དངོས་དེ་འཐོབ་ཚུལ་ཤེས་རྟོགས་བྱུང་སྐབས། དེ་འཐོབ་བྱེད་གང་ཡིན་པ་ཤེས་ཐུབ། དེ་འཐོབ་བྱེད་ནི་ལམ་བདེན་ཡིན། འདིར་ལམ་ཞེས་པ་ནི་ལུས་ངག་ཡིད་གསུམ་གྱིས་བྱ་བ་བྱེད་སྟངས་ལ་གོ་དགོས། དེ་ཡང་རྩ་བའི་ཆ་ནས་ང་ཚོའི་རྒྱུད་ཀྱི་མ་རིག་པའམ་ལོག་རྟོགས་དང་དངོས་སུ་འགལ་བའི་ཡུལ་གྱི་གནས་ལུགས་རྟོགས་པའི་ལམ་ཞིག་ཡིན། དེར་བརྟེན་མ་རིག་པའི་དབང་གིས་དཀའ་ངལ་ཇེ་མང་དུ་གཏོང་རྒྱུའི་ཚབ་ལ་ང་ཚོས་ལམ་དེ་སྐྱེ་ཐབས་བྱེད་དགོས། གལ་སྲིད་ང་ཚོར་ལམ་མམ་ཤེས་རབ་དེ་ཡོད་ན། དཀའ་ངལ་ནམ་ཡང་མི་འབྱུང་བ་ཡིན།

དེར་བརྟེན་ངོ་དེབ་ཐོག་བབ་ཅོལ་སྨྲ་བ་དང་རོལ་རྩེད་བརྩེད་དེ་སེམས་གཡེང་བཅུག་སྟེ་དཀའ་ངལ་ལས་གཡོལ་ཐབས་མ་བྱས་པར་གདོང་ལེན་བྱེད་དགོས། འོན་ཀྱང་བརྒྱུད་ལམ་དེ་དག་གནས་སྐབས་སུའང་བེད་སྤྱོད་བྱེད་མི་ཉན་ཞེས་བརྗོད་ཀྱི་མེད། གལ་སྲིད་མི་ཞིག་གིས་སྐྱབས་གཞན་ཞིག་འཚོལ་བར་ཕྱིན་ན། འགྲིག་གི་རེད། དེ་གནས་སྐབས་ཙམ་རེད། ཕྱི་ཚུལ་ཙམ་རེད་ཅེས་ནང་པའི་གཞུང་ནང་བློ་ལ་འཐད་པོ་ཞིག་གསུང་གི་ཡོད། འོན་ཀྱང་དེ་ལྟའི་སྐྱབས་དེ་དོན་དམ་པའི་སྐྱབས་སུ་འཛིན་རྒྱུ་མེད། སྐྱབས་ཞེས་པའི་དོན་ནི་རང་གི་མི་ཚེའི་ནང་ཡང་དག་པའི་ལམ་སྟོན་མཁན་དང་དཀའ་ངལ་ལས་རྣམ་པར་རྒྱལ་ཐབས་སྟོན་མཁན་ཞིག་ལ་གོ །

གཞན་ཡང་དེའི་ཁེ་ཕན་ལ་བལྟས་ན། ཕྱོགས་གཅིག་ནས་ངོ་དེབ་དང་ཊུ་ཝི་ཊར་སོགས་དྲ་རྒྱའི་བརྒྱུད་ལམ་ཁག་གིས་ང་ཚོའི་དུས་ཚོད་མང་པོ་འཕྲོ་བརླག་གཏོང་གི་ཡོད་ནའང༌། ཕྱོགས་གཞན་ཞིག་ནས་གནས་ཚུལ་རྣམས་མི་མང་པོ་ཞིག་ལ་ཁྱབ་སྤེལ་གཏོང་ཐུབ་ཀྱི་ཡོད། དཔེར་ན། ཆབ་སྲིད་དང་ཆོས་ཕྱོགས་ཀྱི་གནས་ཚུལ་སྤེལ་རྒྱུ་ལྟ་བུ། སོ་སོའི་གྲོགས་པོ་དང་མི་གཞན་ལ་སྤྱིར་བཏང་ཕན་ཐོགས་ཆེན་པོ་ཡོང་སྲིད་པའི་དྲ་ཚིགས་དེ་འདྲ་རྒྱུད་མཐུད་དམ་ངོ་སྤྲོད་བྱེད་འཇུག་གི་ཡོད། དེར་བརྟེན་རང་གཞན་གཉིས་ཀའི་བློ་རྒྱ་འབྱེད་རྒྱུར་ཕན་ཆེ། དེའི་སྐྱོན་ཞིག་ནི་དེས་ད་དུང་ངན་ཕྱོགས་ནས་དྲིལ་བསྒྲགས་བྱེད་པ་དང་ཞེ་སྡང་སོགས་སློང་ཆེད་བེད་སྤྱོད་བྱེད་སྲིད་པ་ཡིན་པས། གནད་དོན་ཧ་ཅང་ཚབས་ཆེན་པོ་ཞིག་ཡིན། ངོ་དེབ་སོགས་གཅིག་པུ་མིན་པར་ད་དུང་དྲ་ལམ་གཞན་བརྒྱུད་དེ་ཡོང་སྲིད།

དྲ་རྒྱ་སོགས་ཀྱི་ཐོག་གནས་ཚུལ་ཧ་ཅང་མང་བས་ང་ཚོས་བླང་དོར་ཚུལ་བཞིན་དུ་བྱ་རྒྱུའི་གནད་དོན་དེ་གལ་ཆེན་པོ་དང་ཁག་པོ་ཞིག་ཆགས་ཡོད། དྲ་རྒྱར་རྒྱུས་མངའ་ཡོད་པ་དང་དེའི་ཐད་ཞིབ་འཇུག་བྱེད་མྱོང་བའི་མི་འགའ་ཞིག་གིས་དྲ་རྒྱའི་ཐོག་ནས་གཞན་གྱིས་གུ་གལ་ (Google) ཁ་ཕྱེས་པ་དང་དེའི་གདོང་ངོས་ནས་རང་གི་དྲ་ཚིགས་འཆར་བ་བཟོ་རྒྱུའི་ལྐོག་གཡོའམ་ངན་བྱུས་འདིང་བ་ཤེས་ཀྱི་ཡོད། དེ་ནི་ལྐོག་གཡོ་ཙམ་ཡིན། གདོང་ངོས་ཀྱི་གསར་འགྱུར་རམ་གནས་ཚུལ་དེ་ལེགས་ཤོས་ཡིན་པའི་ངེས་པ་མེད། དེ་ནི་ཚབས་ཆེན་པོ་ཞིག་རེད། གུ་གལ་གྱི་འཚོལ་ཞིབ་བྱེད་སའི་ནང་ནང་ཆོས་བྲིས་ན། ནང་ཆོས་དང་འབྲེལ་བའི་རྩོམ་ཡིག་ས་ཡ་མང་པོ་མཐོང་རྒྱུ། དེར་བརྟེན་དེ་དག་ཚང་མ་དབྱེ་བ་ཇི་ལྟར་འབྱེད་ཐུབ་བམ། གང་ཡིན་ཟེར་ན། མང་པོ་ཞིག་བེད་སྤྱོད་མེད་པའམ་ཕན་ཐོགས་མེད་པ་དང༌། ཁ་ཤས་ཤིག་ཡིད་རྟོན་རུང་བ་དང༌། ཁ་ཤས་ཡིད་རྟོན་མི་རུང་བ་དེ་འདྲ་ཡོད།

དང་པོ་ངོ་དེབ་སོགས་བརྒྱུད་རང་གིས་གང་བཏང་པ་དང་བསྐུར་བའི་བྱ་སྤྱོད་ཀྱི་ཀུན་སློང་ལ་ནང་པས་གལ་ཆེན་པོ་བརྩི་གི་ཡོད། ང་ཚོའི་ཀུན་སློང་གང་འདྲ་ཡོད། ཀུན་སློང་ནི་ནང་ཆོས་ཀྱིས་གལ་ཆེན་པོར་འཛིན་གྱི་ཡོད། གང་ཡིན་ཟེར་ན། དེ་ལ་རྣམ་པ་གཉིས་ཡོད། དང་པོ་ནི་ང་ཚོའི་དམིགས་ཡུལ་གང་རེད། ལམ་རིམ་ནང་བསྟན་པ་བཞིན། ང་ཚོས་མངོན་མཐོའི་སྐྱེ་བ་ལེན་རྒྱུར་དམིགས་སམ། ཐར་པ་འཐོབ་རྒྱུར་དམིགས་སམ། ཐམས་ཅད་མཁྱེན་པ་འཐོབ་རྒྱུར་དམིགས་སམ་ཞེས་པ་ལྟ་བུ་རེད། གཉིས་པ་ནི་རྒྱུ་མཚན་འཚོལ་རྒྱུ་དེ་རེད། དམིགས་ཡུལ་དེ་སྒྲུབ་རྒྱུར་འབད་བརྩོན་བྱེད་པའི་རང་གི་བསམ་བློའི་རྒྱབ་ལྗོངས་ཀྱི་སྐུལ་འདེད་ག་རེ་རེད་དམ། སྡུག་བསྔལ་ལ་རྒྱབ་ཀྱིས་ཕྱོགས་པའི་ངེས་འབྱུང་རེད་དམ། དེ་ལ་བརྟེན་ནས་ཐར་པ་དོན་དུ་གཉེར་རམ། ཡང་ན་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བའི་ཀུལ་སློང་དེ་སྙིང་རྗེ་དང༌། བརྩེ་བ། བྱང་ཆུབ་སེམས་རེད་དམ། ཡང་ན་ངན་འགྲོར་འཇིགས་ནས་དེ་ལས་ཐར་པའི་ལམ་ཡོད་པ་ཤེས་ནས་མངོན་མཐོའི་གོ་འཕང་དོན་གཉེར་བྱེད་པ་ཡིན་ནམ། དེ་ལས་གལ་ཆེ་བ་ཞིག་ནི་དམིགས་ཡུལ་དེ་བསྒྲུབས་པའི་རྗེས་བྱ་བ་གང་བྱེད་དམ། ངའི་བསམ་པར་དེ་ཡང་ཀུན་སློང་གི་ཆ་ཤས་ཤིག་རེད། གལ་སྲིད་བྱང་ཆུབ་སེམས་ཀྱི་དམིགས་ཡུལ་གྲུབ་ན་ག་ཚོད་ཐུབ་ཐུབ་ཀྱིས་གཞན་དོན་བྱེད་རྒྱུ་རེད། ཐམས་ཅད་མཁྱེན་པ་འཐོབ་རྒྱུའི་དམིགས་ཡུལ་ཡོད་ན་བྱང་ཆུབ་སེམས་ཀྱིས་དེ་སྒྲུབ་པར་བྱེད།

གལ་སྲིད་ང་ཚོས་སོ་སོའི་གྲོགས་པོ་རྣམས་ཀྱི་ཆེད་དུ་ངོ་དེབ་དང་ཊུ་ཝི་ཊར་སོགས་ཀྱི་ཐོག་ལ་གནས་ཚུལ་ག་རེ་འཇུག་གི་ཡོད་ཀྱང༌། ཀུན་སློང་ཡག་པོ་དགོས་རྒྱུ་གལ་ཆེན་པོ་རེད། ངས་དེ་དག་བཅུག་དགོས་པའི་རྒྱུ་མཚན་ག་རེ་རེད། དེ་རིང་དགུང་ཟས་འདི་བཟས་པ་ཡིན། ང་འདི་ལ་དགའ་པོ་ཡོད་ཅེས་མི་ཚང་མར་བཤད་ན་ཁེ་ཕན་ག་རེ་ཡོང་ངམ། ཡང་ན་ངས་གློག་བརྙན་འདི་བལྟས་པ་ཡིན། ཡག་པོ་མི་འདུག་ཅེས་བཤད་ན་ཕན་ཐོགས་ག་རེ་ཡོད་དམ། དམིགས་ཡུལ་ག་རེ་རེད། དེ་བྱེད་པའི་དམིགས་དོན་གང་རེད། དེ་ལྟར་བྱས་ན་གཞན་ལ་ཕན་ཐོགས་ག་རེ་ཡོང་གི་རེད། དེ་དག་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། གལ་སྲིད་ནང་ཆོས་ཉམས་ལེན་པ་ཞིག་ཡིན་ན། ཆོ་མེད་གཏམ་གླེང་གི་ཚབ་ཏུ་བརྒྱུད་ལམ་དེ་དག་ཕན་ཐོགས་ཆེན་པོ་ཡོད་པའི་ལམ་ཞིག་ཏུ་བཀོལ་སྤྱོད་བྱེད་ངེས་རེད།

གཞན་ཡང་ཁེ་ཕན་ཞིག་ནི་དཔེར་ན་ཊུ་ཝི་ཊར་ལ་མཚོན་ན། མི་རྣམས་ཀྱིས་སོ་སོའི་བསམ་ཚུལ་ཕན་ཚུན་བརྗེ་ལེན་ཐུབ་ཀྱི་ཡོད། ངོ་དེབ་ཐོག་ནས་ང་འདི་ལ་དགའ་པོ་ཡོད་ཟེར་བ་སོགས་ཆོ་མེད་གཏམ་གླེང་ནའང༌། ཊུ་ཝི་ཊར་ཐོག་ནས་དེ་རིགས་ལ་ཡ་ལན་སུ་གཅིག་གིས་ཀྱང་བྱེད་ཀྱི་མེད། དེ་ཕན་ཐོགས་པོ་ཡོད། ལྷག་པར་དུ་གནད་དོན་ཞིག་ལ་རླུང་ལངས་པ་དང་ཁོང་ཁྲོ་བཟའ་ནས་སོ་སོའི་སེམས་ཀྱི་ན་ཚ་དེ་ཕྱིར་འདོན་འདོད་པའི་སྐབས་ཕན་ཐོགས་ཆེ། གང་ཡིན་ཟེར་ན། སོ་སོར་གཞན་གྱིས་འཕྲལ་དུ་ཡ་ལན་གང་ཡང་མི་བྱེད། སྐྱོན་ནི་མི་རྣམས་ཀྱིས་ལོག་སྤྱོད་བྱེད་སྲིད་པ་དང༌། གོང་ལྟར་ཞེ་སྡང་དང་དྲག་སྤྱོད་སློང་སྲིད།

དེར་བརྟེན་ཚང་མ་ཀུན་སློང་ལ་རག་ལས་ཡོད། བྱ་བ་ཞིག་མ་བྱས་པའི་སྔོན་དང་ངག་ནས་མ་སྨྲས་སྔོན་སོ་སོའི་ཀུན་སློང་ལ་བརྟག་པ་བྱེད་དགོས་པ་ནང་ཆོས་ཀྱིས་སློབ་ཀྱི་ཡོད། འབྲེལ་བ་བྱེད་སྟངས་ཐོག་ནས་བཤད་ན། འབྲེལ་བ་བྱ་ཡུལ་དེ་ངོ་ཤེས་དགོས་པ་དང་འབྲེལ་བ་བྱེད་སྟངས་དེ་ཐབས་མཁས་པོའི་ཐོག་ནས་བྱེད་དགོས་ཚུལ་སློབ་ཀྱི་ཡོད། ཐབས་མཁས་པོ་བྱ་རྒྱུ་དེ་གཙོ་བོ་ཡིན། འབྲེལ་བ་དང་གཞན་ལ་རོགས་རམ་བྱེད་པའི་ཐབས་ལམ་མཁས་པ་ཞིག་དགོས། དེའི་ཕྱིར་འབྲེལ་བ་བྱ་ཡུལ་རྣམས་གལ་ཆེན་པོ་ཆགས་ཡོད། གལ་སྲིད་ང་ཚོས་ང་མི་ཚེ་འདི་ལ་ཞེན་པ་གཏིང་ནས་ལོག་སོང༌། མི་ཚེ་ཞེས་པ་འཇིགས་སུ་རུང་བ་ཞིག་འདུག་ཅེས་སོགས་བརྗོད་ན་གཞན་ལ་ཤུགས་རྐྱེན་གང་འདྲ་སྦྱིན་གྱི་ཡོད། དེ་ལྟར་བྲིས་ན་ཕན་ཐོགས་ག་རེ་ཡོད། མ་གཞི་དེས་སོ་སོའི་སེམས་ངལ་ཅུང་བཟོད་ཡངས་སུ་གཏོང་སྲིད་ཀྱང༌། གཞན་ལ་ཕན་ཐོགས་ཅི་ཡང་མེད། དེར་བརྟེན་གཞན་གྱིས་རྣམ་འགྱུར་སྟོན་ཕྱོགས་དང་འབྲེལ་བའི་ནང་པའི་ཉམས་ལེན་གྱིས་ང་ཚོ་གཅིག་པུ་ཆེད་དུ་མ་ཡིན་པར་སེམས་ཅན་ཚང་མའི་ཁེ་ཕན་སླད་ལྟ་དགོས་པ་གསུང་གི་ཡོད།

གཞན་ཡང་ཊུ་ཝི་ཊར་གྱིས་གསར་འགྱུར་བརྒྱུད་ལམ་གཞན་ནང་མ་ཐོན་པའི་གནས་ཚུལ་འགའ་དེ་མ་ཉིད་དུ་ཤེས་སུ་འཇུག་གི་ཡོད། ལག་ཐོག་ཁ་པར་དང༌། པར་ཆས། ངོ་དེབ་ཐོག་ནས་འདྲ་པར་དང་བརྙན་པར་ག་རེ་བྱུང་བ་རྣམས་འཇུག་ཐུབ། དེར་བརྟེན་ཊུ་ཝི་ཊར་བེད་སྤྱོད་ཆེན་པོ་ཡོད། ལྷག་པར་དུ་དམག་འཁྲུག་དང༌། ངོ་རྒོལ་སོགས་བྱུང་སའི་ས་ཁུལ་ཁག་པོ་དེ་ཚོའི་ནང་ཕན་ཐོགས་ཆེན་པོ་ཡོད།

སྐྱོན་ནི་བརྒྱུད་ལམ་འདིའང་ཆོ་མེད་པའི་གཏམ་གླེང་ཆེད་དུ་བེད་སྤྱོད་བྱེད་སྲིད། མི་རྣམས་ཀྱིས་ཆོ་མེད་པའི་གནས་ཚུལ་ལམ་འདྲ་པར་དེ་འདྲ་བཅུག་སྟེ་ཐ་ན་འཆལ་སྤྱོད་ཀྱི་རྣམ་འགྱུར་དང་འབྲེལ་བའི་གཏམ་གླེང་བྱེད་སྲིད། ནང་ཆོས་ཀྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སློབ་པ་དང༌། དེ་ནི་ངའི་བསམ་གལ་ཆེན་པོ་རེད། ནང་པའི་ཁྱད་ཆོས་གཙོ་བོ་ཞིག་ཡིན། ཤེས་རབ་དེས་དངོས་པོའི་གནས་ལུགས་དང་རྣམ་རྟོག་གི་སྤྲོས་པ་ཙམ་རྣམ་པར་མ་འབྱེད་པར། ང་ཚོ་ཇི་ལྟར་གནས་པ་དང་འཛམ་གླིང་གི་གནས་སྟངས་རྣམས་ང་ཚོའི་རྣམ་རྟོག་གིས་ཇི་ལྟར་བཏགས་པ་སོགས་ལེགས་ཉེས་དབྱེ་བ་འབྱེད་པ་དང༌། འཇིག་རྟེན་གྲགས་པའི་ངོར་དོན་དང་ལྡན་པ་དང་མི་ལྡན་པ། གང་ཕན་ཐོགས་ཆེ་བ་དང་གང་གནོད་འཚེ་ཆེ་བ་སོགས་ཁྱད་པར་འབྱེད། དེ་ནི་ང་ཚོས་རྒྱུད་ལ་སྦྱོང་དགོས་པའི་གལ་ཆེའི་ཐབས་ཤེས་ཤིག་ཡིན།

མཐའ་མ་དེར་ཨེ་པོ་ཌོ་ (iPod) དང་འབྲེལ་བའི་ཁེ་ཕན་ཞིག་ནི་གླུ་གཞས་ཉན་རྒྱུ་དེ་རེད། སྦེར་ལིན་ (Berlin) དུ་ས་འོག་མེ་འཁོར་ནང་འགྲོ་བའི་སྐབས། མི་བརྒྱ་ཆ་བརྒྱད་བཅུ་ཙམ་གྱི་ཉན་ཆས་བརྒྱུད་གཞས་ཉན་གྱིན་འདུག ལམ་དུ་འགྲོ་བ་སོགས་ག་དུས་ཡིན་ཀྱང་གཞས་ཉན་གྱིན་འདུག དེར་བརྟེན་ཨེ་པོ་ཌོ་ཐོག་གཞས་ཉན་པ་ནི་གལ་ཆེན་པོ་ཞིག་ཆགས་ཏེ། སོ་སོས་གཞས་ག་རེ་ཉན་མིན་ལ་ལྟོས་ནས་གནོན་ཤུགས་ཡོད་པའི་ཚེ་སེམས་ནང་ངལ་གསོ་སྟེར་གྱི་ཡོད། ཡང་ན་གཞས་འཁྲུག་པོ་དེ་འདྲ་ཉན་ནས་དཀའ་ལས་ཁག་སྟེ་ནུས་པ་ཟད་པའི་སྐབས་ནུས་པ་སྤེལ་གྱི་ཡོད། དེར་བརྟེན་ཁེ་ཕན་ཡོད། འོན་ཀྱང་དེའི་སྐྱོན་ནི་བསམ་བློ་གཏོང་རྒྱུར་འགོག་རྐྱེན་བཟོ་བ་དང་སེམས་ཞི་ལྷོད་དམ་ལྷིང་པོ་ཡོང་རྒྱུར་བར་ཆད་བྱེད་ཀྱི་ཡོད།

མི་མང་པོ་ཞིག་ལ་ཇར་མན་ (German) ནང་ང་ཚོས་རྣའི་འབུ་ (ear worm) ཞེས་འབོད་པ་དེ་ཡོད། དེ་ཡང་སོ་སོ་དགའ་མོས་ཆེན་པོ་ཡོད་པའི་གླུ་གཞས་བྱེ་བྲག་པ་ཞིག་དོར་མི་ཐུབ་པར་ཡང་ནས་ཡང་དུ་ཉན་གྱི་ཡོད། དེར་བརྟེན་རྒྱུན་དུ་གཞས་ཉན་པས་བསམ་བློ་གཏོང་རྒྱུར་འགོག་རྐྱེན་བཟོ་གི་ཡོད། དེར་བརྟེན་མི་ཚོས་གལ་སྲིད་གནད་དོན་བྱེ་བྲག་པ་ཞིག་ལ་བསམ་བློ་གཏོང་དགོས་ཚེ། ང་སྐྱིད་པོ་མེད་པ་འགྱུར་ངེས། དེས་ན་དེའི་ཐད་ལ་བསམ་བློ་གཏོང་འདོད་མེད་ཟེར་གྱི་ཡོད། དེ་ལྟར་བྱེད་པས་རང་གི་སེམས་ཡར་རྒྱས་གཏོང་བར་ཕན་ཐོགས་ཅི་ཡང་མེད། རྟག་ཏུ་སེམས་འཁྲུགས་ནས་སྡོད་དགོས་ཀྱི་ཡོད། སོ་སོའི་སེམས་རྒྱུད་ཡར་རྒྱས་གཏོང་བར། ངེས་པར་དུ་སྐད་ཅོར་ཉུང་དུ་བཏང་ནས་དོན་དང་ལྡན་པའི་བྱ་བ་ཞིག་བྱ་རྒྱུར་ཐབས་ཤེས་བྱེད་དགོས།

ནང་ཆོས་ཀྱིས་རང་སྒྲིག་སྲུང་སྟངས་སློབ་ཀྱི་ཡོད། རང་སྒྲིག་ཇི་ལྟར་ཡར་རྒྱས་གཏོང་ངམ་ཞེ་ན། བསྐྱར་དུ་སོ་སོའི་སྤྱོད་ཚུལ་གྱི་དགེ་སྐྱོན་ལ་བསམ་བློ་གཏོང་དགོས། དེར་བརྟེན་དགོས་ངེས་ཅན་གྱི་སྐབས་འབའ་ཞིག་ལ་གཞས་ཉན་ནས་སེམས་ཞི་བར་གནས་ཏེ་སྒོམ་ཉམས་ལེན་བྱེད་དགོས། བརྩོན་འགྲུས་སྐོར་གྱི་ནང་པའི་གསུང་གིས་ངལ་གསོ་ག་དུས་བྱེད་དགོས་ཚུལ་བཞིན་དུ་བསྟན། གལ་སྲིད་ཨུ་ཚུགས་ཚ་པོ་བྱས་ན། སྐྱོན་ཆེན་པོ་ཡོད། དེར་བརྟེན་མལ་གསོ་ག་དུས་རྒྱག་དགོས་པ་ཤེས་དགོས་པ་དང༌། ལོག་སྤྱོད་བྱ་རྒྱུ་མེད། སོ་སོ་ཕྲུ་གུ་ནང་བཞིན་བྱས་ཏེ་རྟག་ཏུ་མལ་གསོ་བརྒྱབ་ནས་སྡོད་རྒྱུ་མེད། མལ་གསོ་འཁྱུག་ཙམ་བྱས་ཏེ་གཉེན་པོ་བསྟེན་ཐབས་བྱེད་དགོས།

གླུ་གཞས་ཉན་པ་གཅིག་པུ་མིན་པར་བརྙན་འཕྲིན་ལྟ་བ་དང་ཌི་ཝི་ཌི་ (DVDs) སོགས་ཀྱི་ཐོག་གློག་བརྙན་ལྟ་བ་ལའང་དེ་ལྟར་བྱེད་དགོས། འཕྲུལ་ཆས་དེ་རིགས་ལ་ལང་ཤོར་ཐེབས་རྒྱུ་ལས་སླ་པོ་ཡོད། དུད་འགྲོ་ནང་བཞིན་ཚོད་འཛིན་མ་ཐུབ་ན་སྐྱོན་ཆེན་པོ་ཡོད། དེ་ལྟར་བྱེད་པའི་ཐབས་ཇུས་ནི་དུས་ཚོད་བགོ་འགྲེམས་ཡག་པོ་བྱེད་དགོས། ངས་དེ་རིང་དུས་ཚོད་འདི་ནས་འདི་བར་གཞས་ཉན་གྱི་ཡིན་སོགས་དུས་ཚོད་ཀྱི་རེའུ་མིག་བརྟན་པོ་ཞིག་བཟོ་དགོས།

རང་སྒྲིག་སྲུང་རྒྱུའི་བླང་དོར་གྱི་ཆོས་ནི་དགའ་བ་སྐྱེ་འོས་པ་ཞིག་ཡོད། དགེ་བཤེས་དབང་ཆེན་ལགས་དང་བཀའ་མོལ་ཞིག་ཞུ་རྒྱུ་བྱུང་བ་ངས་དྲན་གྱི་འདུག ཁོང་གི་སྐུ་ན་གཞོན་པའི་གླིང་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་རེད། སྐབས་དེར་ཁོང་གིས་གཙོ་བོ་ནི་མཚམས་ཤིག་བཟོ་དགོས་ཞེས་གསུངས་སོང༌། མི་འདྲ་མིན་ལ་མཚམས་དེའང་མི་འདྲ་བ་ཡོང་ངེས། གང་ཡིན་ཟེར་ན། གཞུང་མི་འདྲ་བ་དང་དགེ་རྒན་མི་འདྲ་བའི་དབང་གིས་སོ་སོས་མི་དགེ་བའི་སྤྱོད་ཚུལ་ཐད་ཀྱི་གོ་སྡུར་ལ་བལྟས་ན། འགྲེལ་བཤད་མི་འདྲ་བ་ཡོང་ངེས། མི་དགེ་བའི་སྤྱོད་ཚུལ་གང་ཡིན་གྱི་མཚམས་ཅུང་མི་འདྲ་བ་ཡོང་སྲིད། དཔེར་ན། ལོག་གཡེམ་ལ་མཚོན་ན། དེའི་ལོ་རྒྱུས་ལ་བལྟས་ན། གཞུང་མི་འདྲ་བའི་ནང་འགྲེལ་བཤད་མི་འདྲ་བ་སྐྱོན་ཡོད། དེར་བརྟེན་དགེ་བཤེས་དབང་ཆེན་ལགས་ཀྱིས། འདི་ཙམ་ཞིག་ངས་བྱེད་ཀྱི་ཡིན། འདི་ལས་མང་བ་བྱེད་ཀྱི་མིན་ཅེས་པའི་ས་མཚམས་ཤིག་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུང་སོང༌།

འདིའི་དགོས་དོན་ནི་གནས་སྟངས་དང༌། དངོས་པོ། འཚེ་བ་ཅན། སྐྱོན་ཅན་སོགས་གང་ཡིན་ལེགས་ཉེས་རྣམ་པར་འབྱེད་པའི་ཤེས་རབ་གོང་དུ་སྤེལ་རྒྱུ་དེ་རེད། སྐྱོན་ཆ་ཡོད་སྟབས་འདི་བྱེད་ཀྱི་མིན་ཅེས་གལ་སྲིད་ང་ཚོས་མཚམས་ཤིག་བཟོ་ཐུབ་ན། ས་མཚམས་ཆེ་ཆུང་ལ་མ་ལྟོས་པར། རང་གི་དགོས་པ་དང་ནུས་པ་སོགས་ལ་ལྟོས་ནས་རྒྱུ་མཚན་ལྡན་པའི་མཚམས་ཤིག་བཟོ་དགོས། བདུན་ཕྲག་གཅིག་རིང་དྲ་རྒྱ་ལ་ལག་པ་འཆང་གི་མིན་སོགས་ཐག་གཅོད་ཅིག་བྱེད་དགོས། དེས་ས་མཚམས་ཤིག་ནང་གནས་ཏེ་སྒྲིག་ལམ་ཡར་རྒྱས་གཏོང་གི་ཡོད། དེའང་ཁྲིམས་ལུགས་སམ་དཔོན་རིགས་སོགས་ཀྱི་བཙན་ཤེད་སོགས་ཀྱི་དབང་དུ་མ་སོང་བར། སོ་སོའི་རྣམ་དཔྱོད་ཐོག་ནས་ལེགས་ཉེས་དབྱེ་བ་འབྱེད་དགོས། འདི་བྱེད་ཀྱི་མིན། གང་ཡིན་ཟེར་ན། འདིས་སྡུག་བསྔལ་དང་དཀའ་ངལ་བཟོ་ངེས་ཅེས་རྒྱུ་མཚན་འདྲེན་དགོས། གལ་སྲིད་ང་ཚོས་ས་མཚམས་ཤིག་རྒྱུན་འཛིན་ཐུབ་ན། དགོས་པའི་དབང་གིས་རིམ་པས་དམ་དུ་དམ་དུ་གཏོང་ཆོག

དེ་བཞིན་སྐྱག་ལང་ཤོར་སླ་བའི་དེང་དུས་ཀྱི་འཕྲུལ་ཆས་སོགས་བེད་སྤྱོད་གཏོང་སྟངས་མཁས་པོ་བྱས་ན་ཕན་ཐོགས་ངེས་ཅན་ཞིག་ཡོད། གལ་སྲིད་རང་ངོས་ནས་ཚོད་འཛིན་ཐུབ་ན་འཕྲུལ་ཆས་དེ་དག་སྡུག་ཅག་གང་ཡང་མིན། སོ་སོའི་ངོས་ནས་བེད་སྤྱོད་བྱེད་ཚད་ཚོད་འཛིན་ཐུབ་ཕན་ཐོགས་ཆེན་པོ་ཡོད། དཔེར་ན། འཕྲུལ་ཆས་དེ་དག་གཞས་ཙམ་གྱི་ཆེད་དུ་བེད་སྤྱོད་མ་བཏང་བར་གསུང་ཆོས་ཉན་རྒྱུ་དང་ནང་ཆོས་ཉན་རྒྱུར་བེད་སྤྱོད་བཏང་ནས་ཕན་ཐོགས་ཡོད་པ་ཞིག་བྱེད་ཐུབ། དོན་དང་ལྡན་པ་ཞིག་ཡོང་བ་བྱེད་དགོས།

འདི་དག་ནི་འཛམ་གླིང་ནང་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་གང་ཞིག་ངས་ཁྱེད་རང་ཚོར་ཞུ་འདོད་པའི་ང་རང་གི་བསམ་ཚུལ་ཙམ་ཡིན། གང་ཡིན་ཟེར་ན། གལ་སྲིད་ང་ཚོས་ནང་པའི་ཆོས་འདི་གཞན་ཕན་གྱི་ཆེད་དུ་འོས་འཚམ་གྱི་སྒོ་ནས་གཞན་གྱིས་ལོངས་སྤྱོད་ཐུབ་ཆེད་འབེལ་པོ་བཟོ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་ན། དེང་སང་འཛམ་གླིང་ནང་འབྱུང་བཞིན་པའི་གནས་ཚུལ་ལ་རྒྱུས་མངའ་བྱེད་རྒྱུ་དང་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན། སྤྱི་ཚོགས་ནི་དེང་དུས་ཀྱི་འཕྲུལ་ཆས་དང་མཉམ་དུ་འགྱུར་ལྡོག་ཧ་ཅང་མགྱོགས་པོ་འགྲོ་གི་ཡོད། དེར་བརྟེན་ནང་ཆོས་ཀྱི་ངོས་ནས་སྤྱི་ཚོགས་ནང་ལེགས་སྐྱེས་འབུལ་ཕྱོགས་ཐད་ང་ཚོས་དོ་ཁུར་བྱེད་དགོས།།
ཡོང་ཁུངས་བྷར་ཛིན་བཤད་མཛོད།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།