FriAprFri2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

འབྱོར་ལྡན་ཁྱིམ་ཚང་ཞིག་གིས་གཉེན་སྟོན་དཀར་ཟས་ལ་བསྒྱུར་བ།

འབྱོར་ལྡན་ཁྱིམ་ཚང་ཞིག་གིས་གཉེན་སྟོན་དཀར་ཟས་ལ་བསྒྱུར་བ།

ཉེ་ཆར་བདག་གི་ཕ་ཡུལ་ཡིད་ལྷུང་སྨད་རྒྱུད་ཁྲོ་ཐུང་སྡེ་བ་ནས"སྐལ་རྣམ་ཚང"ཟེར་བའི་འབྱོར་ལྡན་ཁྱིམ་ཚང་ཞིག་གིས་གཉེན་སྟོན་གྱི་ལས་འགུལ་གཟབ་རྒྱས་ཤིག་སྤེལ་བ་རེད།  ལས་འགུལ་དེའང་མི་རིགས་གཞན་འགྱུར་གྱི་ཤན་ཤུགས་ཐེབས་པའི་དེང་དུས་ཀྱི་གཉེན་སྟོན་བྱེད་ལུགས་དག་དང་གཞི་ནས་མི་འདྲ་བར། བོད་རང་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་དང་གོམས་གཤིས།  ལྷག་པར་ཕ་ཡུལ་ཡིད་ལྷུང་གི་ས་ཆ་ན་ཆེས་དམིགས་བསལ་གྱིས་དར་བའི་གཉེན་སྟོན་ལུགས་སྲོལ་སོགས་ཀྱི་ཁྱད་ཆོས་རྣལ་མ་དག་མངོན་གསལ་དོད་པོ་བྱུང་བ་རེད།   གལ་ཏེ་ཕ་ཡུལ་ཡིད་ལྷུང་བའི་གཉེན་སྒྲིག་གི་ལུགས་སྲོལ་དང་སྟོན་ཐོག་གི་འགྲོ་སྟངས་སོགས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཚེ་ད་ཐེང་གི་ཡུལ་དངོས་དེར་སོང་ན་གྲུབ་འབྲས་བླ་ལྷག་ཅིག་ལེན་ཐུབ་ངེས་ཆགས་ཡོད།

དེ་ལས་ཀྱང་གཞན་དང་མི་མཚུངས་པའི་གླེང་རིན་ཡོད་པ་ཞིག་ནི།  གཉེན་སྟོན་སྐབས་ཀྱི་གསོལ་བ་ཡོད་ཚད་དཀར་ཟས་ཁོ་ན་ལ་བསྒྱུར་བ་དེ་རེད།  དེ་ནི་མཐུན་འབྱོར་དང་ཆ་རྐྱེན་གྱིས་ཀུན་ནས་ཕྱུག་པའི་ཁོང་ཚང་ལ་སྐམ་ལུག་འགའ་བཤའ་རྒྱུ་མེད་སོང་བས་མ་རེད་ལ། ཤ་ཁོག་འགའ་ཉོ་བྱེད་མེད་སོང་བས་ཀྱང་ག་ལ་ཡིན་ཏེ་མ་རེད། དེ་ནི་ཁོང་ཚོས་གཞན་གྱི་ཚེ་སྲོག་ལ་བརྩི་བཀུར་བླ་ལྷག་ཅིག་དང་ལས་འབྲས་ཀྱི་རྣམ་བཞག་ལ་དོ་སྣང་དམིགས་བསལ་ཞིག་ཡོད་སོང་བས་རེད་ལ།  ལྷག་པར་རང་གི་དགའ་སྟོན་གྱི་ཆེད་དུ་གཞན་གྱི་ཚེ་སྲོག་མང་པོ་ཞིག་ཅི་འདོད་དུ་རླག་པ་ནི་གནས་ལུགས་དང་མི་མཐུན་ཞིང་དོན་དངོས་དང་མི་འགྲིག་པའི་ངེས་ཤེས་གཏིང་ཚུགས་ཤིག་རྙེད་ཡོད་པས་རེད།  ད་དུང་འབྱུང་འགྱུར་གྱི་ཡུལ་མི་ཚོས་ཀྱང་ལུགས་སྲོལ་འདི་ལ་འགྱུར་བ་ཨེན་ཙམ་རེ་དང་བསྒྱུར་བཅོས་ཕྲན་བུ་རེ་གཏོང་ཨེ་ཐུབ་ཀྱི་དམིགས་འདུན་གཙང་མ་ཞིག་དང་མིག་ལྟོས་བཟང་པོ་རེའང་བསྐྲུན་པ་རེད།  མ་ཟད་འདི་འདྲའི་དཀར་ཟས་དཀར་རྐྱང་གིས་གཉེན་སྟོན་ཞིག་རོལ་བ་ནི་ཕ་ཡུལ་གྱི་ཡུལ་ལུང་དག་ལ་བལྟས་ན་ཐེངས་དང་པོའང་ཆགས་ཡོད་པ་རེད་ཅེས་བཤད་ཆོག 

དེར་རྟེན་འདི་ནི་ཅིས་ཀྱང་ཡི་རང་དང་དགའ་བསུ་གྲངས་མེད་ཞུ་འོས་ལ།  ལྷག་པར་ཚེ་སྲོག་གི་སྡེར་ཁ་བསྒྲིགས་ཤིང་དམར་ཟས་དམར་དྲི་ཡིས་ཁྱིམ་གཞི་གང་བའི་ཕ་ཡུལ་གྱི་གཉེན་སྟོན་རོལ་ཚུལ་དག་ལ་བསམས་ན་ཀུན་གྱིས་མིག་དཔེ་ཡང་བྱེད་འོས།  ད་དུང་སེམས་ཅན་ཐམས་ཅད་རང་གི་ཕ་མ་དུ་སྒོམ་པའི་མི་རྒྱུད་ཅིག་གིས་རང་གི་སྟོན་མོ་ཕ་མའི་ཤ་ཁྲག་གིས་མ་རོལ་བ་ནི་ཅི་འདྲའི་འོས་ཤིང་འཚམས་པའི་འགྲོ་ལུགས་ཤིག་རེད་ལ།   རང་དབང་དང་ཞི་བདེ་གླེང་བའི་མི་བུ་ཞིག་གིས་རང་གི་གསོལ་སྟོན་དམར་ཟས་དང་དམར་མཆོད་ཀྱིས་མ་རོལ་བ་ནི་ལྷག་ཏུ་ཁ་བཤད་དང་མཐུན་པའི་ལག་ལེན་ཞིག་ཀྱང་རེད།   ད་དུང་ཚེ་སྲོག་འདྲ་མཉམ་དང་ཐོབ་ཐང་གཅིག་མཚུངས་སུ་བཤད་པའི་དུས་སྐབས་ཤིག་ནས་གཞན་གྱི་ཚེ་སྲོག་གིས་རང་གི་དགའ་སྟོན་མ་བཤམས་པ་ནི་དེ་བས་ཀྱང་ཚུལ་མཐུན་དོན་གནས་ཀྱི་བྱེད་སྟངས་ཤིག་ཅི་ལ་མིན་ཨང་།

མ་ཟད་འདི་འདྲའི་སྟོན་ཐོག་གི་འདུ་འཛོམས་རྒྱས་པོ་ཞིག་ནས་དམར་ཟས་སྤངས་ཏེ་དཀར་ཟས་ཁོ་ནར་རོལ་བ་དེས་མ་མཐའ་ཡང་ཚེ་སྲོག་ཅི་ཙམ་ལ་རང་དབང་དང་བདེ་སྐྱིད་སྟེར་ཡོད་པ་རེད།  གཞན་གཉེན་ཐོག་གི་དམར་ཟས་ནི་ལྡབ་འགྱུར་གྱིས་ཉེས་དམིགས་ཆེ་བར་བཤད་ན།  མི་བུ་ག་ཚོད་ཅིག་ལ་སྡིག་ཟས་ཀྱིས་མ་འབགས་པའི་དགེ་ཕན་བསྐྲུན་ཡོད་པ་རེད།  འདི་འདྲའི་གནད་དོན་དང་ཁེ་ཕན་དག་ལ་ཞིབ་འདང་རེ་རྒྱག་ཚེ། ཁོ་བོས་ནི་ཡི་རང་དང་དགའ་བསུ་ཚད་མེད་ཞུ་འོས་པའི་ཆེས་རླབས་ཆེན་གྱི་བྱ་བཞག་ཅིག་ཏུ་མཐོང་བ་མ་ཚད།  ད་དུང་ཉེ་འཁོར་གྱིས་གཙོས་པའི་ཡུལ་མི་དག་གིས་ཀྱང་འདི་འདྲའི་གཞན་འཚེ་དང་སྡིག་ཉེས་ཀྱིས་མ་གོས་པའི་དཀར་ཟས་ཀྱི་གཉེན་སྟོན་གཙང་མ་རེ་རོལ་ཐུབ་པར་བྱུང་ན་ཅི་མ་རུང་སྙམ་ནས་ཡོད།

མ་གཞི་གཉེན་སྒྲིག་གི་སྟོན་ཐོག་རེ་ནས་ཉམ་ཆུང་གི་ཚེ་སྲོག་མང་པོ་ཞིག་རྩེད་དགོད་དང་ཧ་ཆའི་ཁྲོད་ནས་ཅི་དགར་རླག་བཞིན་པ་འདི་ལ་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་བརྩི་བ་ལས་ལུགས་གཉིས་གང་ཐད་ནས་འོས་དང་མི་འོས།  འཚམས་དང་མི་འཚམས་སོགས་ལ་བསམ་གཞིག་དང་ཞིབ་འདང་རྒྱག་མཁན་ཧ་ཅང་ཉུང་ལ།  རང་ཁ་མི་སོས་པའི་མེད་པོ་སྡུག་ཐུག་དག་ལའང་བཙན་གནོན་དང་དབང་ཤེད་ཀྱིས་སྒོ་བཤས་རྒྱུན་བཅད་དང་ཉོ་ཚོང་བཀག་སྡོམ་བྱེད་བཅུག་པའི་བླ་རྒན་ཚོས་ཀྱང་།  ལུགས་སྲོལ་འདི་དག་གི་ཐོག་ལ་ལག་བསྟར་དང་ནུས་པ་ཅི་ཙམ་འདོན་བཞིན་ཡོད་ཨང་།

གང་ལྟར་གཞན་གྱི་ཚེ་སྲོག་ལ་འདྲ་མཉམ་དུ་ལྟ་ཞིང་ཉམ་ཆུང་གི་ལས་དབང་ལ་བརྩི་བཀུར་བྱེད་མཁན་ཞིག་ཡིན་ཚེ།  འདི་དང་འདི་ལྟ་བུའི་བྱ་བཞག་དག་ལ་ཅིས་ཀྱང་ཡི་རང་དང་རྒྱབ་སྐྱོར་བྱེད་འོས་སོ།།

རྩོམ་འབྲི་བ།   •རོང་སྨྱུག
2016.8.30

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།