MonSepMon2017

སྤེལ་དུས་མཐའ་མ།11:04:15 AM GMT

རྩོམ་གསར།:

བོད་ཀྱི་ལོ་རྒྱུས་རིག་པའི་ནང་མི་ཉག་གི་གནས་ཚུལ་དང་མི་ཉག་སྐོར་གྱི་མིང་ཚིག་འགར་དཔྱད་པ།

མི་ཉག་རྒྱལ་པོའི་མཁར་རྫོང༌།

བོད་ཀྱི་མེས་པོ་མིའུ་གདུང་དྲུག་གི་ནང་ཚན་རྨུ་དང་ལྒ་ལྡོང་གསུམ་ལས་མཆེད་པའི་མི་ཉག་ནི།ཤར་རྒྱ་ཡུལ།ལྷོ་འཇང༌།ནུབ་སྟོད་བོད།བྱང་སོག་པོ་བཅས་ཀྱི་བར་དུ་ཆགས་ཤིང༌།མདོ་སྨད་གྷ་སོགས་ལ་མི་ཉག་དང༌།མདོ་སྟོད་ཁམས་ཀྱི་མི་ཉག་བཅས་ལ་མི་ཉག་ཆེན་པོ་ཞེས་གྲགས།

སྟོད་བོད་སིལ་བུར་ཐོར་བའི་དུས་སུ་ཡང་མི་ཉག་ཉམས་མེད་པར་སྟོབས་ཤུགས་ཆེ་རུ་ཕྱིན།རབ་བྱུང་དང་པོའི་ཆུ་སྤྲེལ་ལོར༼ ༡༠༣༢ ༽རྒྱའི་གོང་མ་སུང་གི་རྒྱལ་རབས་བཞི་པའི་ལག་ནས་དབང་ཆ་བླངས་ཏེ་རབ་བྱུང་བཞི་པའི་མེ་ཕག་ལོའི༼ ༡༢༢༧ ༽བར་ལོ༡༩༥ལ་རྒྱས་ས་བཟུང༌།མི་ཉག་སི་ཧུ་རྒྱལ་པོ་ནས།རྒྱལ་རྒོད་རྡོ་རྗེ་དཔལ་གྱི་བར་རྒྱལ་རབས་དགུ་བྱོན།རྡོ་རྗེ་དཔལ་ལ་སོག་སྐད་དུ་ཤྲི་ཏུར་གོ་ཐུལ་ཀེན་ཧན་ཀན་ཟེར།རྒྱས་སི་ཧུའི་ཧུ་སྒྲ་ལ་བརྟེན་ནས་ཧུ་དབང་ཞེས་ཟེར།

མི་ཉག་རྒྱལ་རབས་དྲུག་པའི་དུས་སུ་རྒྱལ་ས་གྷ་རུ་སྤོས་ཤིང༌།རྒྱལ་རྒྱུད་མང་དུ་འཕེལ་བར་བརྟེན་རྒྱལ་པོའི་དབོན་རྒྱུད་འབངས་འཁོར་བཅས་པ་འགའ་ཞིག་སྟོད་མངའ་རིས་སུ་སོང་ནས་སྟག་སྡེ་སེང་གེ་ལུང་དུ་གཞིས་ཆགས།རྗེས་ནས་མར་ཡོང་སྟེ་ས་སྐྱའི་ཡོན་བདག་བྱང་པ་དཔོན་དུ་གྱུར་པ་དང༌།གཙང་ས་སྐྱའི་ཡོན་བདག་རྒྱལ་རྩེ་ཆོས་རྒྱལ་གྱི་གདུང་རྒྱུད་ཀྱང་ཁམས་མི་ཉག་ནས་གཙང་ལ་སོང་བའི་ཤར་ཁ་བའི་རྒྱུད་པ་ཡིན་པར་མ་ཟད།འབྲུག་པ་དང་འབྲས་ལྗོངས་ཀྱི་རྒྱལ་རྒྱུད་རྣམས་ཀྱང་མི་ཉག་རྒྱལ་པོ་ལས་མཆེད་པར་གྲགས།

སྟོད་དབུས་གཙང་དུ་བསྟན་པ་བསྣུབས་ཤིང༌།རིག་གནས་ཉམས་རྒུད་ཚབས་ཆེན་པོ་བྱུང་བའི་སྐབས་སུ་ཡང༌།མི་ཉག་ཕན་ཁོན་གྱི་དགོན་སྡེ་མང་ལ།རིག་གནས་ཀྱི་འཆད་ཉན་ཡང་ཤིན་ཏུ་དར།དཔེར་ན།ཇོ་བོ་རྗེ་བོད་ལ་མ་ཕེབས་གོང་ནས་རྒྱ་གར་དུ་བྱོན།དཔལ་ནཱ་ལེནྡྲར་མཁན་པོ་ཡུན་རིང་བཞུགས་ཏེ་རྒྱ་གར་ལ་སྐུ་གཤེགས་པའི་ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས།བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་དཔོན་གོ་རོང་སེང་གེ་གྲགས་དང༌།ཀྭ་འོད་མཆོག་གྲགས།ད་དུང་ལྗང་ལོ་ཙཱ་བ་དང་ཤར་པ་བ་ཆེན་པོ།ཕྱིས་ཀྱི་མི་ཉག་མཁས་པ་མི་ལྔ་སོགས་མཁས་གྲུབ་དུ་མ་བྱོན།བོད་ཀྱི་རིག་གནས་ཁྱབ་གདལ་དུ་སྤེལ་བར་མཛད་རྗེས་འགྲན་ཟླ་བྲལ་བ་བཞགས་པཎ་ཚ་ཞང་དང་སོག་རྒྱལ་བར་གྱི་སྒྲ་སྒྱུར་པ་ཡང་མི་ཉག་གི་མི་ཁོ་ན་ཡིན།དེའི་ཕྱིར་མི་ཉག་གི་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་ནང་གི་གཙོ་བོའི་ཆ་ཞིག་ཡིན་ནོ།།

བོད་ཀྱི་ལོ་རྒྱུས་རིག་པའི་དཔེ་ཆ།རྒྱལ་རབས་དང་དེབ་ཐེར།ཆོས་འབྱུང་དང་ཡིག་ཚང་རུས་མཛོད་དང་དགོན་ཁག་གི་གདན་རབས་སོགས་དཔྱད་གཞི་མང་ཆེ་བའི་ནང་མི་ཉག་སྐོར།མི་ཉག་རྒྱལ་རབས་ཟེར་བ་དང༌།མི་ཉག་ལོ་རྒྱུས་ཟེར་བ།ཁྱད་པར་དཔའ་བོ་རིན་པོ་ཆེའི་གསུང་མཁས་པའི་དགའ་སྟོན་དུ་མི་ཉག་ཆོས་འབྱུང་གནང༌།མི་ཉག་ཏུ་དམ་པའི་ཆོས་ཇི་ལྟར་དར་བའི་ཚུལ་རྒྱས་ཙམ་གསུངས་ཡོད་ཀྱང༌།མི་ཉག་འདི་བོད་ཀྱི་ལོ་རྒྱུས་ཀྱི་གྲུབ་ཆ་གཙོ་བོར་བྱས་ཏེ་གོ་རིམ་ལྡན་ལ་ཆ་ཚང་བ་ཞིག་སུས་ཀྱང་བཤད་མེད་ཅིང༌།མི་ཉག་རྒྱལ་རབས་ཟེར་བ་ཡང༌།མི་ཉག་ཙེན་ཙེ་ཤེས་རབ་ཡེ་ཤེས་ཀྱི་ངག་ནས་བརྒྱུད་པའི་གཏམ་རྒྱུད་ལྷ་སྒྲུང་ལྟ་བུ་དེ་བསྐྱར་ཟློས་ཁོ་ན་མཛད་འདུགའདིར་མི་ཉག་གི་གནས་ཚུལ་ལོ་རྒྱུས་དངོས་དང་མཐུན་ཞིང་ཚན་རིག་ལྡན་པར་ཞིབ་འཇུག་བྱ་ཕྱིར་ཐོག་མར་མི་ཉག་རྒྱལ་པོའི་མཚན་གྱི་སྐོར་ལ་ཅུང་ཟད་དཔྱད་ན།

མི་ཉག་སི་ཧུ་རྒྱལ་པོ་ཞེས་པ་ནི།མི་ཉག་སྐད་དུ་སི་ཉིན་མོ་དང་ཧུ་མཚན་མོའི་དོན་ཡིན་པས།ཉིན་མཚན་ལྟོས་མེད་དེ་དུས་ལྟོས་མེད་ཀྱི་རྒྱལ་པོ་ཞེས་སྨོན་ཚིག་གི་སྒོ་ནས་བསྟོད་པ་སྟེ།རྒྱས་གོང་མར་ཁྲི་ལོ་ཟེར་བ་དང་འདྲ།བོད་ཡིག་གི་དཔྱད་གཞི་འགར་སིའུ་ཞེས་དང༌།སི་ཁྲོན་ནས་བཏོན་པའི་རྒྱ་བོད་ཡིག་ཚང་དུ་གྲི་རྒྱུ་ཞེས་པ་སོགས་ནི་སི་ཧུའི་སྒྲ་ཟུར་ཆག་པ་ཡིན་ནོ།།

མི་ཉག་ཙ་མི་རྒྱལ་པོ་ཞེས་པ་དང༌།མི་ཉག་སྐད་དུ་ཙ་ནི་ས་དང་མི་ནི་གནམ་གྱི་དོན་ཡིན་པས།གནམ་སའི་བདག་པོའི་གནམ་སའི་རྒྱལ་པོ་ཞེས་རྒྱལ་པོའི་དབང་ཐང་ལ་བསྟོད་པའི་ཚིག་ཡིན།བོད་ཀྱི་ཡིག་རྙིང་འགར་ཙ་ར་མགོ་ཅན་བྲིས་ནས་རྩ་མི་ཤིང་མི་ཟེར་བ་སོགས་མཚར་གཏམ་འགའ་ཞིག་འཁོད་པ་ནི་ལོ་རྒྱུས་དངོས་དང་འབྲེལ་མེད་ཀྱི་གཏམ་ཁོ་ན་ཡིན་ནོ།

མི་ཉག་པས་གོང་མའི་རྒྱལ་ས་བླངས་རྗེས་མི་ཉག་ཏང་ཀུས་རྒྱལ་པོ་ཞེས་ཟེར།མི་ཉག་སྐད་དུ་ད་བར་དར་གོས་ལ་ཏང་སྐུས་ཟེར།དར་གོས་འབྱུང་ཁུངས་རྒྱ་ཡུལ་ཡིན་སྟབས་རྒྱའི་རྒྱལ་པོར་གྱུར་པ་ལ་ཏང་ཀུས་རྒྱལ་པོར་བོས་པ་ནི་དོན་དང་ལྡན་པའི་མིང་ཡིན།སྔོན་གྱི་བོད་ཡིག་རྣམས་སུ་ཏང་ཁུན་དང་ཏོང་ཁུན།ཐ་ན་ཡིག་རྙིང་འགར་རྒྱ་ཏོང་ཁུན་རྒྱལ་པོ་ཞེས་བྱུང་བ་ཚང་མ་ཏང་ཀུས་ཀྱི་ཟུར་ཆག་ཡིན་ལ་རྒྱ་ཡིག་ཏུ་ཏང་ཤང་ཞེས་པའང་ཏང་ཀུས་ཀྱི་མིང་ལས་བྱུང་བར་མངོན།

མི་ཉག་རྒྱལ་པོའི་རྒྱལ་ས་ཐ་མ་ནི་ལྒ་ཆུ་སྔོན་མདོ་ཡིན།ཆུ་ལ་མི་ཉག་སྐད་དུ་ཅུ་ཟེར།ཆུ་བོ་འདུས་མདོ་ལ་ཅུ་སྔོན་མདོ་ཞེས་པ་དང་ད་ལྟ་ཁམས་མི་ཉག་ལ་མང་པོ་ཡོད།ལྒ་ནི་བོད་ཀྱི་རུས་ཆེན་ལྒ་ལས་མཆེད་པའི་མི་ཉག་གིས་ཡུན་རིང་བཟུང་བའི་ཡུལ་ལ་རུས་མིང་གིས་དེ་སྐད་གྲགས།

བོད་ཡིག་ཏུ་ལྒ་ལ་གྷ་དང་སྒ་འགའ་སོགས་སྣ་ཚོགས་ཡོད་ཀྱང་དོན་གཅིག་པ་ཡིན།ཅུ་སྔོན་མདོ་ལ་བོད་ཡིག་ཏུ་སྒྲ་སྒྱུར་བྱས་ཏེ་སྐྱེ་དགུ་མདོ་དང་སྐྱེ་རྒུ་མདོ་ཞེས་བྲིས་ཤིང་སྒྲ་ཟུར་ཅུང་ཟད་ཉམས་འདུག

མདོ་སྟོད་ཁམས་ཀྱི་མི་ཉག་རྒྱལ་པོའི་རྒྱལ་ས་ནི་དར་རྩི་མདོ་སྟེ།མི་ཉག་སྐད་དུ་དར་ནི་གོས་དར་དང་རྩི་ནི་སྨན་གྱི་དོན་ཡིན་པས།རྒྱ་བོད་བར་གོས་དར་དང་སྨན་རྩྭ་བརྗེ་རེས་བྱ་བའི་མདོ་ཡིན་པས་དེ་སྐད་གྲགས།རྒྱ་ཡི་ཡིག་རྙིང་རྣམས་སུ་ཡང་ཏཱ་ཅན་ལུའུ་ཞེས་སྒྲ་སྒྱུར་བྱས་ཡོད།

ཧོར་གྱིས་མི་ཉག་གི་རྒྱལ་ས་འཕྲོག་རྗེས་ཁམས་མི་ཉག་འགོ་པར་དཔོན་ཟེར་བ་ལས་རྒྱལ་པོའི་ཐ་སྙད་མེད།སོག་པོ་ཉམས་པའི་རྗེས་སུ་ཁམས་མི་ཉག་དཔོན་ལ་ལྕགས་ལ་རྒྱལ་པོ་ཞེས་པའི་མཚན་གསོལ།ཏཱ་མིན་གོང་མས།མིན་ཀྲིང་ཐུའུ་སི་ཞེས་པའི་མཚན་གནས་གནང༌།རྒྱལ་རབས་ད་བར་རྒྱུན་མ་ཆད།ཕོ་བྲང་རིག་གནས་གསར་བརྗེ་སྐབས་རྩ་མེད་དུ་སོང་ཡང༌།ལྕགས་རིའི་ཞིག་རོ་ད་བར་ལྷག་ཡོད།བྱང་གི་མི་ཉག་སོག་པོས་གཏོར་བའི་རྗེས་སུ་མི་ཉག་སི་ཧུ་རྒྱལ་པོའི་བརྒྱུད་པ་འགའ་ཞིག་ཁམས་མི་ཉག་ལ་བྲོས་ཡོང་ནས་གཞིས་ཆགས།བསམ་དབང་གི་ཐང་དུ་སི་ཧུ་རྒྱལ་པོའི་ཕོ་བྲང་གི་གྱང་རོ་ད་བར་མཐོང་རྒྱུ་ཡོད་པ་མ་ཚད།ཐང་དེའི་འོག་གི་ལུང་པར་དེང་སང་སིའུ་རོང་ཟེར།སྐབས་དེར་ཁམས་མི་ཉག་གི་བྲག་འགོ་རྫོང་གི་སྨད་ཆ་དང་རྟའུ་རྫོང་ཚང་མ།རོང་བྲག་རྫོང་གི་སྟོད་ཆ།ཉག་རོང་དང་ཉག་ཆུ་རྫོང་གི་སྨད་ཆ།དར་མདོ་རྫོང་ཡོངས་རྫོགས།དགུ་རོང་རྫོང་ཕལ་མོ་ཆེ།རྨི་ལི་རང་སྐྱོང་རྫོང་གི་ཆ་ཤས།གཡག་རྔ་ཁོངས་ཀྱི་ཧྲི་མིའན་རྫོང་གི་སྟོད་ཆ་བཅས་ལ་ཆགས།མི་གྲངས་མང་ལ་གྲོང་ཚོ་དང་དགོན་སྡེ་ཡང་ཤིན་ཏུ་རྒྱས་ཡོད།འོན་ཀྱང་དུས་རབས་བཅུ་དྲུག་པ་བོད་རབ་བྱུང་བཅུ་པ་ཙམ་ནས་སོག་པོའི་དམག་ངན་གུ་ཤྲི་ཤོག་གིས་ཐེངས་མང་བརླགས་པར་བརྟེན།སྒར་དགོན་མ་ལུས་རྩ་གཏོར་དང༌།གྲོང་ཚོ་ཕལ་ཆེར་ཁང་རོ།ཞིང་ས་མང་ཆེ་བ་ས་རྒོད།རིག་གནས་ཀྱང་རྩ་མེད་གཙང་དག་བཏང་ནས།མུན་ནག་གི་གནས་ཤིག་ཏུ་གྱུར།མི་ཉག་གི་མི་བསད་འཕྲོ་ཉུང་ངུ་ལས་ལྷག་མེད་ཅིང་སྐད་ཀྱང་ཉིན་རེ་བཞིན་ཁྱབ་རྒྱ་ཇེ་ཆུང་དུ་གྱུར་རོ།།

སྤྱི་ལོ་བརྒྱ་ཕྲག་མང་པོ་དང་སྟོང་ཕྲག་སྔོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དུས་མི་མིང་དང་ས་མིང་སོགས་ཞིབ་འཇུག་བྱ་རྒྱུ་དེའང་གལ་ཆེན་པོ་ཡིན།དཔེར་ན་ལྒ་ཡི་རི་བོ་ཞིག་གི་མིང་ལ།པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་བཏོན་པའི《དེབ་ཐེར་དམར་པོའི》ལྡེབ་ཉེར་བདུན་པའི་ཡིག་ཕྲེང་ཐ་མར་སི་ནོའི་ཞྭ་ཞེས་དང༌།ལྡེབ་ཉེར་བརྒྱད་པའི་ཡིག་ཕྲེང་བཅུ་གཉིས་པར་སི་ནོའི་ནག་དང་མཆན་འགྲེལ༼ ༢༠༩ ༽པར་སི་ནོའི་ཤན་དང་ཧེའི་ནོའི་ཧྲན་ཞེས་དེབ་གཅིག་ཏུ་ཚིག་འབྲུ་མི་འདྲ་པ་བཞི་བྱུང་བ་དང༌།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བཏོན་པའི《རྒྱ་བོད་ཡིག་ཚང》དུ་སི་ནོའི་ཝ་ཞེས་འཁོད།འདིར་དེབ་ཐེར་དམར་པོའི་རྩོམ་པ་པོ་དང་མཆན་འགོད་པ་པོའི་དཔྱད་གཞིའི་ཡིག་ཆ་ནི་རིའི་མིང་ཞྭ་ནག་ཤན་ཧྲན་བཅས་ལ་བལྟས་ན་རྒྱ་ཡིག་ཡིན་པར་ཤིན་ཏུ་གསལ།མི་ཉག་སྐད་དུ་འབོ་ཞེས་དང་ནག་པོ་ལ་ཉིང་ཉིང་ཟེར།གལ་ཏེ༼ སེམས་ནག་པོའི་རི། ༽ཟེར་དགོས་ན་མི་ཉག་སྐད་དུ་འབོ་སེམས་ཉིང་ངམ་སེམས་ནག་ཅེས་པ་ལས།སི་ནོའི་ཤན་དང་སི་ནོའི་ཝ་སོགས་ཡོང་དོན་མེད།བོད་ཡིག་གི་དཔྱད་གཞི་རྣམས་དུས་ཡུན་རིང་ནང་ཕར་ཚུར་བཤུ་རེས་དང་པར་ཤིང་བརྐོ་བ་སོགས་ཀྱི་དུས་སུ་ཡིག་ནོར་ཤོར་བ་དང༌།འགའ་ཞིག་དང་པོ་ནས་མི་ཉག་སྐད་ཀྱི་སྒྲ་དག་པོར་འགོད་མ་ཐུབ་པ་སོགས་ཀྱིས།ལོ་རྒྱུས་ཀྱི་ཡིག་ཆ་རྣམས་སུ་མི་ཉག་སྐད་ཀྱི་མིང་ཚིག་མང་པོ་ཞིག་འཁོད་ཡོད་པའི་ནང་མིང་ཚིག་འགའ་ཞིག་ཡ་མ་ཟུང་ཞིག་ཏུ་གྱུར་ནས་གོ་རྒྱུ་མེད་པར་ཆགས་འདུགརྒྱ་ཡིག་ནི་མི་རིགས་གཞན་པའི་སྐད་སྒྲ་སྒྱུར་དག་མོ་ཡོང་དཀའ་བའི་ཐོག་ལྷོ་བྱང་ཀློག་སྟངས་ཀྱང་མི་འདྲ་བར་བརྟེན་མི་ཉག་སྐད་ལས་དེ་བས་ཀྱང་རྒྱང་རིང་དུ་སོང་འདུགདེའི་ཕྱིར་རང་རེས་ད་ལྟ་ལག་ཐོག་ཡོད་པའི་ཡིག་ཆའི་ཚིག་འགྲེལ་ཁོ་ནར་ཡིད་བརྟོན་ནས་ཞིབ་འཇུག་བྱས་ན།ལོ་རྒྱུས་ཀྱི་དོན་དངོས་དང་ཐག་ཇེ་རིང་དུ་སོང་ནས་མཐར་ངལ་བ་འབྲས་མེད་དུ་འགྱུར་ཉེན་ཡོད་པས་མི་ཉག་སྐད་དངོས་དང་ཞིབ་བསྡུར་ཐོགལྷག་བསམ་དག་པོས་དཔྱད་ན་མི་ཉག་གི་ལོ་རྒྱུས་ངོ་མ་རྟོགས་པ་ལ་ལམ་ཡངས་པོ་ཞིག་ཕྱེ་ཐུབ་ངེས་ཡིན་ནོ།།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།