ThuAugThu2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

ནོར་བུ་གླིང་ག

ཏཱ་བླ་སྐུ་ཕྲེང་རིམ་བྱོན་གྱི་དབྱར་ཀའི་བཞུགས་གནས་དང་གཞུང་སྲོལ་མཛད་སྒོ་ཁག་གནང་ཡུལ་ཡིན།

ནོར་བུ་གླིང་ག་ནི་ལྷ་ས་གྲོང་ཁྱེར་གྱི་ནུབ་ངོས་སྤྱི་ལེ་གསུམ་ཙམ་གྱི་སར་གནས་ཤིང་། དེ་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ལོ་རབས་ལྔ་བཅུའི་ནང་ཐོག་མར་སྐྲུན་འགོ་ཚུགས།

ནོར་གླིང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་སུམ་ཅུ་སོ་དྲུག་ལྷག་ཙམ་ཟིན་ཞིང་ཁྱོན་བསྡོམས་ཁང་མིག་སུམ་བརྒྱ་བདུན་ཅུ་དོན་བཞི་ཙམ་ཡོད་པ་དང་། དེ་ནི་སྡེ་ཚན་ཆེན་པོ་གཉིས་སུ་དབྱེ་བར་ཤར་ངོས་སུ་ནོར་བུ་གླིང་ག་དང་། ནུབ་ངོས་སུ་སྤྱན་བསལ་གླིང་ག་ཆགས་ཡོད། ནོར་བུ་གླིང་གའི་བཟོ་སྐྲུན་གཙོ་བོ་ནི་སྐལ་བཟང་ཕོ་བྲང་དང་། སྤྱན་བསལ་ཕོ་བྲང་། རྟག་བརྟན་མི་འགྱུར་ཕོ་བྲང་བཅས་ཡིན།

སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ལོ་རབས་ལྔ་བཅུའི་སྔོན་དུ་ད་ལྟའི་ནོར་གླིང་ཆགས་ཡུལ་འདི་ལྗོན་ཤིང་གླ་བ་སོགས་སྐྱེ་ཤིང་སྣ་ཚོགས་ཀྱིས་ཁེངས་པའི་“ལྷོ་ནུབ་གླ་བའི་ཚལ་”ཞེས་སྐྱེད་ཚལ་ཉམས་དགའ་བ་ཞིག་ཡིན། ནོར་བུ་གླིང་ག་ཞེས་པའི་ཐ་སྙད་བྱུང་ཚུལ་ཐད་སྔར་གྱི་དུས་ཤིག་གི་ཚེ་ན་ལྷོ་ནུབ་གླ་བའི་ཚལ་གྱི་མཁའ་དབྱིངས་ནས་གློ་བུར་དུ་འབྲུག་ལྡིང་། འཇའ་དབྱིབས་ནོར་བུ་འདྲ་བ་ཞིག་ལྟ་སྣང་དུ་མངོན་པས་ས་ཆ་དེར་མི་ཁག་གཅིག་གིས་ནོར་བུ་གླིང་ག་ཞེས་འབོད་པར་བརྟེན་རིམ་བཞིན་ཐ་སྙད་དེ་རྒྱུན་འབྱམས་སུ་ཐོགས་པ་རྒན་རབས་རྣམས་ཀྱི་ངག་སྒྲོས་སུ་གྲགས།

སྤྱི་ལོ ༡༧༥༡ ལོར་བོད་སྡོད་ཨམ་བན་ནས་གྲོས་འགོ་བཏོན་པ་བཞིནཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་མཆོག་གནས་འདིར་ཆབ་བཞུགས་འཕྲོད་བསྟེན་མཛད་ཡུལ་བཞུགས་སྒར་དབུ་གཡབ་ཕོ་བྲང་ཞེས་པ་གསར་རྒྱག་བྱས། ནོར་བུ་གླིང་གའི་མཁར་ལ་སྔ་བ་དེ་ཡིན། དེ་ནས་ལོ་བཞི་སོང་རྗེས་བོད་རབ་བྱུང་བཅུ་གསུམ་པའི་ཤིང་ཕག་སྤྱི་ལོ ༡༧༥༥ ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོས་སྐལ་བཟང་ཕོ་བྲང་ཕྱག་བཏབ། དེ་ནི་ནོར་ར་བུ་གླིང་གའི་ནང་གི་ཕོ་བྲང་སྔ་ཤོས་དེ་ཡིན། ཕོ་བྲང་འདི་རྡོ་རྩིག་ཐོག་ཚད་རིམ་པ་གཉིས་ལྡན་གྱི་ཐོག་ནང་དུ་མཆོད་ཁང་དང་། སྲུང་མ་ཁང་། ཚོམས་ཆེན། གཟིམ་ཆུང་། ཕྱག་དཔེ་ཁང་སོགས་ཡོད་པས་འདིར་ཏཱ་བླ་སྐུ་ཕྲེང་རིམ་བྱོན་གྱི་དབྱར་ཀའི་བཞུགས་གནས་དང་གཞུང་སྲོལ་མཛད་སྒོ་ཁག་གནང་ཡུལ་དུ་གྱུར། ཏཱ་བླ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐུ་ཐོག་ཏུ་སྐལ་བཟང་ཕོ་བྲང་རྒྱ་སྐྱེད་མཛད་པ་དང་ཕྱོགས་མཚུངས་སྲིད་སྐྱོང་དེ་མོ་བདེ་ལེགས་རྒྱ་མཚོས་ཐུགས་འགན་བཞེས་ཏེ་སྔར་སྐུ་ཕྲེང་བདུན་པ་མཆོག་ཆབ་བཞེས་འཕྲོད་བསྟེན་གནང་ཡུལ་རྫིང་བུ་དེ་རྒྱ་སྐྱེད་དང་འབྲེལ་དེ་གར་སྤྲོ་ཁང་ལྷུན་གྲུབ་དགའ་ཚལ་གསར་རྒྱག་མཛད།

བོད་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་སྤྱི་ལོ ༡༩༢༢ ལོར་ཏཱ་བླ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་ནོར་གླིང་བཞུགས་སྒར་སླར་ཡང ༡༩༢༧ ལོར་རྒྱ་སྐྱེད་ཀྱིས་ནུབ་དུ་སྤྱན་བསལ་ཕོ་བྲང་ཐོག་བརྩེགས་གསུམ་དང་ལྡན་པ་གསར་བཞེངས་ཐོག་རྩི་ཤིང་མེ་ཏོག་རིགས་ཀྱང་མང་པོ་འདེབས་འཛུགས་མཛད། སྤྱན་བསལ་གླིང་ག་དང་སྤྱན་བསལ་ཕོ་བྲང་ཞེས་པའི་མཚན་གྱི་འབྱུང་ལུགས་ནི་ཕོ་བྲང་འདིའི་ཨར་པོའི་དོ་དམ་སྤྱི་ཁྱབ་སྐུ་བཅར་ཐུབ་བསྟན་ཀུན་འཕེལ་ལ་སྤྱི་ཚོགས་ཐོག་སྤྱན་བསལ་ཀུན་འཕེལ་ལགས་ཞེས་འབོད་ཀྱི་ཡོད་པས་ཕོ་བྲང་དང་བཞུགས་གླིང་གི་མཚན་དུ་ཡང་སྐབས་དེའི་ཨར་པོའི་དོ་དམ་སྤྱི་ཁྱབ་ཀྱི་མཚན་དོད་ནས་དྲས་ཏེ་སྤྱན་བསལ་ཕོ་བྲང་ཞེས་ཀུན་གྱིས་འབོད། བོད་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་སྤྱི་ལོ ༡༩༥༤ ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོས་སླར་ཡང་བྱང་ངོས་སུ་རྟག་བརྟན་མི་འགྱུར་ཕོ་བྲང་གསར་བཞེངས་མཛད་ནས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་པའི་མིས་བཟོས་བཞུགས་གླིང་ཉམས་དགའ་པ་འདི་གྲུབ།

ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་འདི་བཞིན་བཟོ་སྐྲུན་གྱི་བཀོད་པ་ཤིན་ཏུ་ཕུན་སུམ་ཚོགས་པ་ལྷའི་གཞལ་ཡས་ཁང་ས་གཞིར་འཕོས་པ་ལྟ་བུ་ཞིག་ཡོད་པས་སྐལ་བཟང་ཕོ་བྲང་དང་། སྤྱན་བསལ་ཕོ་བྲང་སོགས་ལས་ཀྱང་དེ་བས་བརྗིད་ཆགས་ཡིད་དབང་འཕྲོག་པར་སྣང་། ཕོ་བྲང་འདིའི་ནང་གཟིམ་ཆུང་ཁག་དང་། ཚོམས་ཆེན། མཆོད་ཁང་སོགས་བསྡོམས་ཁང་མིག་བཞི་བཅུ་སྐོར་ཡོད་ལ། ཡང་སྟེང་དུ་གདུགས་དང་། རྒྱལ་མཚན། འཁོར་ལོ། རི་དྭགས་ཕོ་མོ། བྱ་ཤང་ཤང་། བཀྲ་ཤིས་རྫས་རྟགས་བརྒྱད་ཀྱིས་བརྒྱན་པའི་སྤེན་བད་སོགས་ཀྱིས་ལེགས་པར་སྤྲས་ཤིང་ཕྱི་ནང་གི་བཟོ་ཁྱད་དང་། མཛེས་བཀོད་ཤིན་ཏུ་ལྟ་ན་སྡུག་ཅིང་བོད་ལུགས་ཨར་སྐྲུན་གྱི་ལག་རྩལ་ཆ་ཡོངས་སུ་རྫོགས་པའི་ཁྱད་ཆོས་ཀྱི་ཐོག་ནས་བོད་མི་རིགས་རང་ཉིད་ཀྱི་རྒྱ་མཚོ་ལྟར་གཏིང་ཟབ་པ་དང་། ཉི་ཟླ་ལྟར་འོད་འཚེར་བའི་རིག་གཞུང་ཁྱད་དུ་འཕགས་པ་ཡོད་པ་མཚོན་ཐུབ།

ཕོ་བྲང་ནང་གི་གཟིམ་ཆུང་སོ་སོའི་སྐྱ་ལྡེབས་སུ་ལྡེབས་བྲིས་ངོ་མཚར་ཅན་དུ་མ་བཞུགས་པ་དཔེར་ན། གཟིམ་ཆུང་ཕྱག་དཔེ་ངོ་མཚར་སྣང་བསལ་གྱི་ནུབ་སྐྱར་སྟོན་པ་བཅོམ་ལྡན་འདས་འཕགས་ཡུལ་གྱི་གནས་ཆེན་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་ན་སྐྱིལ་མོ་ཀྲུང་དུ་བཞུགས་པ། གཡས་གཡོན་དུ་མཆོག་ཟུང་གཉིས་དང་། མདུན་དུ་འཁོར་ལྔ་སྡེ་བཟང་པོ། མཐའ་སྐོར་དུ་རྒྱན་དྲུག་མཆོག་གཉིས་སོགས་ནི་དེང་དུས་ཀྱི་བྲིས་ཆ་ལྟ་བུར་མཚོན་པར་བྱས། གཞན་ཡང་ཚོམས་ཆེན་སྲིད་ཞི་འདོད་རྒུ་འཁྱིལ་བའི་ནང་ནུབ་སྐྱ་ནས་འགོ་བཙུགས་ཏེ་ཤར་སྐྱའི་བར་མུ་འབྲེལ་རི་མོའི་རྣམ་པ་དང་མཚུངས་པའི་བོད་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཧྲིལ་པོ་མདོར་བསྡུས་སུ་བྲིས་ཡོད།

དེའི་ནང་གཙོ་བོ་བོད་ཀྱི་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་ཚུལ་དང་། པུར་རྒྱལ་གྱི་འཕེལ་འགྲིབ། བསྟན་པ་སྔ་དར་ཕྱི་དར་དང་། གསང་སྔགས་གསར་ཪྙིང་དར་ཚུལ། དེ་བཞིན་ཆོས་ལུགས་གྲུབ་མཐའ་ཁག་དར་ཚུལ། གཞན་ཡང་སྤྱི་ལོ ༡༣༩༡ ལོར་ཏཱ་བླ་སྐུ་ཕྲེང་དང་པོ་རྒྱལ་བ་དགེ་འདུན་གྲུབ་པ་སྐུ་བལྟམས་པ་ནས ༡༩༥༥ ལོར་ཏཱ་བླ་སྐུ་ཕྲེང་བཅུ་བཞི་པ་མཆོག་པེ་ཅིང་ནས་བོད་དུ་ཕྱིར་ལོག་ཕེབས་པའི་གནས་ཚུལ་བཅས་ཏཱ་བླ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ལ་སོགས་ཁྱོན་བསྡོམས་རི་མོ་ལེ་ཚན་སུམ་བརྒྱ་བཅུ་མེད་གཅིག་བྲིས་ཡོད། ལྡེབས་བྲིས་དེ་དག་གིས་བོད་ཀྱི་སྤྱི་ཚོགས་ཀྱི་འཚོ་བའི་ཁྱད་ཆོས་དངོས་གསལ་པོར་མཚོན་ཡོད་པས་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་འགྲོ་ལུགས་ཞིབ་འཇུག་བྱེད་རྒྱུའི་རྒྱུ་ཆ་ལེགས་པོ་ཞིག་ཡིན།

ནོར་བུ་གླིང་གར་ལྕགས་རི་ཕྱི་ནང་གཉིས་ཡོད་པ་དང་ཕྱོགས་བཞིར་སྒོ་མོ་ཆེ་བཞི་དང་། གཞུང་སྒོའི་གཡས་གཡོན་དུ་རྡོའི་སེང་གེ་བརྗིད་ཉམས་དང་ལྡན་པ་གཉིས་ཡོད། རྡོ་སེང་དེ་གཉིས ༡༩༤༠ ཙམ་ལ་གྲ་བཞི་ནས་དབོར་སྐད། ཕྱི་ལྕགས་རི་དཀར་པོ་དང་ནང་ལྕགས་རི་སེར་པོའི་ནང་དུ་ཧ་ཅང་མཛེས་བཀོད་ལྡན་པའི་ཕོ་བྲང་ཁག་ཁྲ་ལྷམ་མེར་གནས་ཡོད་པ་དང་། ལྕགས་རིའི་ཕྱི་ནང་སོ་སོའི་ནང་རོལ་དུ་ངོས་འཇམ་པའི་རྡོ་གཅལ་དང་། ལམ་གཡས་གཡོན་དུ་དྲི་ངད་ལྡན་པའི་མེ་ཏོག རྣམ་པར་བཀྲ་ཞིང་ཕྱོགས་མཚམས་ཀུན་ཏུ་དུས་བཞིར་མི་ཉམས་པའི་སྔོ་ལྗང་ཅན་གྱི་ལྷ་ཤིང་ཤུག་པ་དང་། སྨྱུག་མ། འབྲས་ལྡན་ཤིང་སྣ་ཚོགས་ཀྱིས་དཀྲིགས་པ། ངོས་འཇམ་པའི་ས་གཞི་སྔོ་ལྗང་ནེའུ་གསིང་རྨ་བྱའི་མགྲིན་པ་ལྟར་མཛེས་པའི་དབུས་ནས་ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན་གྱི་རྒྱུ་བ་སྙན་པ། དེ་བཞིན་རྡོ་གཅལ་གྱི་ལམ་སྣེ་སོ་སོར་རྣམ་པར་བཀྲ་བའི་མེ་ཏོག་རྒྱ་སེ་ཐག་འཁྱུད་ཀྱི་སྒོ་མོ་གཞུ་དབྱིབས་ཅན་དང་ལྡན་པ་སོགས་ལྷའི་སྐྱེད་མོས་ཚལ་དང་གཉིས་སུ་མ་མཆིས་པ་མཛེས་སྡུག་ངོ་མཚར་དུ་མས་ཕྱུག་པ་ཞིག་ཡོད་པ་དེའི་ནང་རིན་ཐང་ཆེ་བའི་རྩི་ཤིང་མེ་ཏོག་རིགས་མི་འདྲ་བ་དྲུག་ཅུ་རེ་གཉིས་ཙམ་དང་། གཅན་གཟན་རི་དྭགས་དང་། བྱ་རིགས་ལ་སོགས་པ་སྤྱན་གཟིགས་སྲོག་ཆགས་རིགས་མི་འདྲ་བ་ཁག་བཅོ་ལྔ་ལྷག་ཙམ་ཡོད། བཅིངས་འགྲོལ་བཏང་རྗེས་དང་ལྷག་པར་དུ་སྤྱི་ལོ ༡༩༨༨ ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚོན་དུ་གཏོགས་ཏེ་མི་དམངས་སྲིད་གཞུང་ནས་ནོར་བུ་གླིང་གར་བདག་སྐྱོང་ཉམས་གསོ་ལེགས་པར་མཛད་སྟབས་ད་ཆ་ནོར་བུ་གླིང་གའི་ཕོ་བྲང་ལ་སོགས་པ་འདི་རྣམས་སྔར་བས་མཛེས་སྡུག་ཡིད་དབང་འཕྲོག་ཅིང་བོད་རིགས་མི་དམངས་རྣམས་ཀྱི་སྤྲོ་སྐྱིད་གཏོང་ཡུལ་གཙོ་བོ་ཞིག་ཡིན།

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།