SunFebSun2017

སྤེལ་དུས་མཐའ་མ།08:34:18 AM GMT

རྩོམ་གསར།:

ཁང་དམར་རྫོང་གི་གླང་མཐོང་གཞིས་ཀའི་གནའ་དེང་།

གླང་མཐོང་གཞིས་ཀ་ནི་ཕ་ལྷ་གཞིས་ཀ་ལས་རིམ་པ་གཅིག་གིས་མཐོ་བ་ཡོད།

གཞིས་ཀའི་བཀོད་པ་དང་གནས་ཡུལ་ལ་ལྟ་བ།

གཞིས་རྩེ་ས་ཁུལ་གྱི་གནའ་བོའི་གཞིས་ཀའི་སྐོར་གླེང་སྐབས་མི་རྣམས་ཀྱིས་ལམ་སེང་ཕ་ལྷ་གཞིས་ཀ་བསམ་བློར་འཁོར་བ་ལས་ཁང་དམར་རྫོང་དུ་ཡོད་པའི་གླང་མཐོང་གཞིས་ཀའི་སྐོར་ཤེས་མཁན་ཉུང་ངུ་ཡིན། དེ་ཡང་ཁང་དམར་རྫོང་གི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། གླང་མཐོང་གཞིས་ཀ་ནི་ཕ་ལྷ་གཞིས་ཀ་ལས་རིམ་པ་གཅིག་གིས་མཐོ་བ་ཡོད་ལ་གླང་མཐོང་གཞིས་ཀའི་དེ་སྔའི་བརྗིད་ཉམས་ནི་ཕ་ལྷ་གཞིས་ཀ་ལས་ཞན་པ་གཏན་ནས་མེད། འོན་ཀྱང་གླང་མཐོང་གཞིས་ཀའི་གནས་ཡུལ་ལུང་ཁུག་ཡིན་པའི་ཐོག་མིག་སྔའི་བར་ཉམས་གསོ་བྱེད་མྱོང་མེད་པས་ཧ་ཅང་རྙིང་ཞིང་གོག་ཧྲུལ་གྱི་རྣམ་པར་གནས་པས་གླང་མཐོང་གཞིས་ཀ་དེ་བཞིན་མི་རྣམས་ཀྱི་སྣང་ངོར་མིང་གྲགས་དེ་ཙམ་མེད་པར་གནས།


བོད་ཀྱི་གཞིས་ཀའི་སྐོར་གླེང་སྐབས་རྟག་ཏུ་མི་རྣམས་ཀྱི་བློ་ངོར་རྒྱལ་རྩེའི་ཕ་ལྷ་གཞིས་ཀ་འཆར་ངེས་རེད། འོན་ཀྱང་ཁྱེད་ཀྱིས་ཕ་ལྷ་གཞིས་ཀའི་ནང་གི་རིག་དངོས་མང་པོ་ཞིག་གཞིས་ཀ་གཞན་ཞིག་ནས་བྱུང་བ་སྟེ། དེ་ནི་ཕ་ལྷ་གཞིས་ཀ་ནས་བར་ཐག་སྤྱི་ལེ་༥༠ཡང་མེད་པའི་ཁང་དམར་རྫོང་ས་ཕུད་སྒང་ཤང་གི་གླང་མཐོང་གཞིས་ཀ་ནས་བྱུང་བ་ཞིག་ཡིན་པ་ཤེས་མི་སྲིད། གླང་མཐོང་གཞིས་ཀ་ནི་གཞིས་རྩེའི་ཁང་དམར་རྫོང་ས་ཕུད་སྒང་ཤང་གི་རི་ལྡེབས་ཤིག་ཏུ་གནས་པས་གལ་སྲིད་གཞན་གྱིས་ལམ་རྒྱུས་མ་བྱས་ན་གྲོང་ཚོའི་དབུས་ནས་དེའི་རྗེས་ཤུལ་མཐོང་དཀའ་བ་ཞིག་ཡོད་ཅིང་། ཧ་ཅང་གུ་དོག་པའི་སྲང་ལམ་ནང་ཕར་ཀྱོག་ཚུར་ཀྱོག་བྱས་ཏེ་དེའི་མདུན་དུ་སླེབས་སྐབས་ཁེར་རྐྱང་ཡུལ་པོའི་རྣམ་པ་ཞིག་རང་ཤུགས་སུ་འཆར་ཡོང་།


གླང་མཐོང་གཞིས་ཀ་ནི་ད་ཆ་དོན་དངོས་ཐོག་ཉེན་ཁ་ཡོད་པའི་ཁང་པར་གྱུར་བ་དང་ཆར་རླུང་གིས་བརྡུངས་པས་ཁང་པ་ཁག་གཅིག་ཐོག་རྡིབ་ཤོར་ཡོད། ད་དུང་བཅིངས་འགྲོལ་བཏང་རྗེས་གཞིས་ཀ་དེ་ཉེ་འཁོར་གྱི་གྲོང་མིས་བཟུང་སྤྱོད་བྱས་ཏེ་ཐ་ན་སྒོ་རའི་ནང་ཕྱུགས་རིགས་འཇུག་ས་བྱས་པ་དང་། ཡུན་རིང་ཉམས་གསོ་མ་བྱུང་བ། ད་དུང་གཞིས་ཀའི་ནང་གི་རིག་དངོས་བོར་བརླག་ཏུ་སོང་བས་ད་ཆ་ལྷག་པ་ནི་འཛུགས་སྐྲུན་དངོས་པོ་ཙམ་དུ་ཟད།

གཞིས་ཀའི་ཐོག་སོ་དང་པོ་ནི་འཁེལ་འཐག་བྱེད་ས་ཡིན་པ་དེའི་ཐོག་ངོས་སུ་ཧ་ལམ་ལི་སྨི་༣༠གཡས་གཡོན་གྱི་གདུང་མ་ཞིག་བཀལ་ཡོད་ཅིང་། སྒོ་འཛུལ་སྐབས་སྒུར་སྒུར་བྱེད་དགོས་ཀྱི་ཡོད་པ་རེད། གནམ་གཤིས་ཀྱིས་རྐྱེན་པས་ཁང་པའི་ནང་ཧ་ཅང་སྐམ་ཤས་ཆེ་བ་དང་ས་ངོས་སུ་ད་དུང་བྱ་སྤུ་དང་ངོས་མི་ཟིན་པའི་སྲོག་ཆགས་ཀྱི་པགས་སྤུ་ཡོད་ལ་འཁེལ་འཐག་བྱེད་སའི་ཁང་པའི་གྱང་ངོས་སུ་སྣུམ་བཞུ་འཇོག་ས་བཅས་མཐོང་རྒྱུ་ཡོད། ཐོག་སོ་གཉིས་པ་ནི་ཞིང་ལས་ཡོ་བྱད་དང་སྤྱོད་ཆས་སྣ་ཚོགས་འཇོག་ཉར་བྱེད་ས་ཡིན་པ་དང་ཁང་པ་རེའི་ཆེ་ཆུང་ནི་ཧ་ལམ་སྨི་ངོས་གྲུ་བརྒྱད་དགུ་ཡོད་པ་དང་སྒེའུ་ཁུང་མེད་པ་རེད། ཐོག་སོ་གསུམ་པར་སླེབས་སྐབས་མཐོང་རྒྱ་ཆེ་བ་དང་དཀར་ཆ་དོད་པོར་གྱུར་ཅིང་། གཅིག་བྱས་ན་སྦྱིན་བདག་གིས་ཐོག་སོ་དང་པོ་དང་གཉིས་པའི་ཞིང་བྲན་སྡོད་སར་མཛེས་བཟོ་བྱེད་འདོད་ཀྱི་བསམ་པ་མེད་ལས་ཆེ།

ཐོག་སོ་གསུམ་པའི་སྦྱིན་བདག་སྡོད་སར་གཞི་ནས་མཛེས་བཟོ་བྱ་རྒྱུར་དང་དོད་ཆེན་པོ་བྱས་ཡོད།
གླང་མཐོང་གཞིས་ཀ་ནི་གླང་མཐོང་ཁྱིམ་རྒྱུད་ཀྱི་མ་གཞིས་ཡིན་པས་དེ་ནི་སྐུ་དྲག་གི་གཟིམ་ཤག་ཡིན་ལ་ཁོངས་གཏོགས་གཞིས་ཀ་ཁག་གི་དོ་དམ་ལྟེ་གནས་ཀྱང་ཡིན།

གཞིས་ཀ་དེར་ལོ་ངོ་༥༠༠ལྷག་ཙམ་གྱི་ལོ་རྒྱུས་ཡོད་པས་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཀྱི་གཞིས་ཀའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་དཔང་རྟགས་ཤིག་ཡིན། ལོ་རྒྱུས་ཐོག་བོད་ཀྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཀྱི་དཔེ་མཚོན་གཞིས་ཀ་ཞིག་གི་ངོས་ནས་གླང་མཐོང་གཞིས་ཀའི་གཞི་ཁྱོན་ཧ་ཅང་ཆེན་པོ་ཡོད་པ་དེ་གྲུམ་པ་གཡུ་མཚོའི་ཤར་ངོས་སུ་འགྱིང་ངེར་གནས་ཡོད་ཅིང་། དེ་ནི་ཁང་དམར་རྫོང་ཁོངས་ཀྱི་དམངས་སྤྱོད་འཛུགས་སྐྲུན་ཁྲོད་ཀྱི་གཞི་ཁྱོན་ཆེ་ཤོས་དེ་ཡིན།

དེ་སྔའི་ཁང་དམར་གྱི་འབྱོར་ལྡན་མི་དྲག

གླང་མཐོང་ཁྱིམ་རྒྱུད་ཀྱི་མིང་ནི་ད་ཆའི་ཁང་དམར་རྫོང་གི་གླང་པ་དང་མཐོང་སྨོན་ཞེས་པའི་ས་ཆ་ཁག་གཉིས་ལས་ཐོགས་པ་ཞིག་ཡིན་ཅིང་། དེ་སྔའི་རྒྱལ་རྩེ་རྫོང་མངའ་འོག་གི་སྐུ་དྲག་ཁྱིམ་ཚང་༡༧གྱི་གྲས་ཤིག་ཡིན་པ་མ་ཟད། ཁང་དམར་རྫོང་ཁོངས་ཀྱི་སྐུ་དྲག་གི་ཁྱིམ་རྒྱུད་རྙིང་ཁུངས་ཅན་ཞིག་ཀྱང་ཡིན།

དུས་རབས་༡༩པའི་དུས་དཀྱིལ་དུ་གླང་མཐོང་ཁྱིམ་རྒྱུད་ཀྱི་མིས་བོད་ས་གནས་སྲིད་གཞུང་གི་རྩིས་དཔོན་གྱི་གོ་གནས་བཟུང་བ་དང་། ༡༨༧༩ལོའི་ཡས་མས་སུ་རྒྱལ་རྩེའི་རྫོང་དཔོན་གྱི་གོ་གནས་བཟུང་བས་རྫོང་དཔོན་གླང་མཐོང་བ་ཞེས་འབོད་སྲོལ་ཆགས་པ་དང་༡༨༨༢ལོར་རྒྱལ་རྩེར་ཆུ་སྐྱོན་བྱུང་སྐབས་རྒྱལ་རྩེའི་རྫོང་དཔོན་གླང་མཐོང་བས་བོད་ས་གནས་སྲིད་གཞུང་ལ་གནོད་འཚེའི་གནས་ཚུལ་སྙན་ཞུ་བྱས་པར་གྲགས། ༡༩༠༤ལོར་དབྱིན་ཇིས་བོད་ལ་བཙན་འཛུལ་བྱེད་སྐབས་གླང་མཐོང་བ་བོད་ས་གནས་སྲིད་གཞུང་གི་ཞལ་ལྕེ་བ་ཡིན་པ་དང་དེ་རྗེས་བླ་ཕྱག་གི་གོ་གནས་བཟུང་ནས་རྩེ་ཕོ་བྲང་དུ་ལྷ་ས་སྨོན་ལམ་ཆེ་མོའི་གཏོང་ཡོང་དོ་དམ་ཆེད་གཏོང་སྒྲིག་གཞིའི་འགན་ཁུར་བར་གྱུར།

གླང་མཐོང་བར་གཅུང་པོ་ཞིག་ཡོད་པ་དེའི་མིང་ལ་གླང་མཐོང་དོན་གྲུབ་རྡོ་རྗེ་ཟེར་བ་དང་༡༩༢༤ལོར་སྐྱིད་གྲོང་རྫོང་གི་རྫོང་དཔོན་བྱས། གླང་མཐོང་དོན་གྲུབ་རྡོ་རྗེའི་བུ་གླང་མཐོང་པདྨ་རྡོ་རྗེ་ནི་༡༩༡༤ལོར་སྐྱེས་པ་དང་༡༩༣༦ལོར་དཔོན་གནས་བཟུང་། ༡༩༤༠ལོའི་གཡས་གཡོན་དུ་སྨར་ཁམས་རྫོང་གི་རྫོང་དཔོན་བྱས། ༡༩༥༠ལོར་རིམ་བཞིའི་དཔོན་གནས་ཀྱི་ཐོག་ནས་མངའ་རིས་ཀྱི་སྤྱི་ཁྱབ་པ་བྱས་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་པདྨ་རྡོ་རྗེས་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་སྲིད་གྲོས་ཀྱི་ཨུ་ཡོན་བྱེད་མྱོང་ཡོད།

ཡོང་ཁུངས། དགེ་ཆོས་དྲ་བ།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།