ThuJunThu2017

སྤེལ་དུས་མཐའ་མ།11:49:25 AM GMT

རྩོམ་གསར།:

སྣ་ཚོགས་ཤེས་བྱ།

དམངས་རྩོམ་ཁེད་བཤད་བརྒྱ་བ་ཞེས་བྱ་བ་བཞུགས་སོ།

དམངས་རྩོམ་ཁེད་བཤད་བརྒྱ་བ་ཞེས་བྱ་བ་བཞུགས་སོ།

༡  ཁ་ཕར་འཁོར་གྱི་སྟག་འདྲ་འདྲ།  ཚུར་འཁོར་གྱི་གཟིག་འདྲ་འདྲ།  ཕྱིང་ཆུས་ཕྱིང་ལོ་འདྲ་འདྲ།  དགའ་ལྡན་སྨྱུ་གུ་འདྲ་འདྲ།
༡  ཁེད་ལན།  པུ་ཤུད།
༢  རྒྱབ་ན་རྒྱལ་བ་རིགས་ལྔ་ཡོད།  དེ་མ་ཁེད་རྒྱ་སྡེ་ལེབ་ཀྱིས་དགོས།  སྐེ་ན་བྱུ་རུའི་ཕྲེང་བ་ཡོད།  དེ་མ་ཁེད་རྒྱ་སྡེ་ལེབ་ཀྱིས་དགོས། ༢  ཁེད་ལན།  པུ་ཤུད།
༣  རི་གསུམ་གྱི་རྩེ་ན།  ལྷས་ཀྱ་མ་ཀྱི་ཁུག་གི་ནང་ན།  བྱ་ངང་དཀར་གྱི་ཕྲུ་གུ་ཁ་བཀད་ནི་མང་ར་འཕུར་ནི་དཀོན།
༣  ཁེད་ལན།  ནས་བརྔོ་བ།
༤  ཕ་རིའི་གད་པ་ཆ་རྒྱན།  ཚུར་རིའི་གད་པ་ཆ་རྒྱན།  འོ་མའི་ལུང་བ་དར་ཆགས།
༤  ཁེད་ལན།  འོ་མ་དཀྲུགས་པ།
༥  ཕ་རིའི་གད་པ་ཆ་རྒྱན།  ཚུར་རིའི་གད་པ་ཆ་རྒྱན།  མ་མོ་ཇོ་རིས་མ་བཅིར་རྒྱན།
༥  ཁེད་ལན།  ཤིག་བསད་པ།
༦  ཕ་རི་ནས་མི་ལྔ་ཡོང་།  ཚུར་རི་ནས་མི་ལྔ་ཡོང་།  གདོང་ལག་ངར་མགོ་ནས་གྲོས་ཤིག་བྱས།  གྲོས་ཁ་མ་འགྲིག་ཐར་སེ་སོང་།
༦  ཁེད་ལན།  ལྷམ་སྒྲོག་སྡོམ་པ།
༧  ཞི་ལི་ནག་རིས་ཇག་ལ་སོང་།  རྟ་དམར་དུམ་ཚིགས་དེད་ནས་ཡོང་།
༧  ཁེད་ལན།  ལྕགས་དབྱུག་གིས་མེ་དྲུས་པ།
༨  རྐོ་རྐོའི་ནང་གི་རིལ་རིལ་བོ།  མི་ལྔ་ཡོང་ནས་བླངས་བུ་ཐལ།  ལ་དམར་ཁུག་ལ་བཏུམས་བུ་ཐལ།  གཤིན་རྗེའི་འཕྲང་ལ་འཇའ་བུ་ཐལ།
༨  ཁེད་ལན།  རྩམ་པ་ཟོས་པ།
༩  གསེར་གྱི་རྔ་མོང་གི་ཁ་གདངས།  གོང་མ་རྒྱལ་མོའི་ལུག་འདྲོགས།
༩  ཁེད་ལན།  ཉི་མ་ཤར་བ།
༡༠  ནག་པོ་སྟོང་ལྡན་གྱི་སྟེང་དུ།  གྲུ་གུ་རང་འཁྱིལ་ཞིག
༡༠  ཁེད་ལན།  རིལ་མའི་སྟེང་དུ་ཁྱི་ཉལ་བ།
༡༡  ལྕགས་ཀྱི་ལུང་བ་མེ་ཤོར།  ཨོ་རྒྱན་པད་མའི་རྟ་འགྲོགས།  གུ་རུ་སི་ཏུ་ཐང་ལ་བརྒྱབ།
༡༡  ཁེད་ལན།  བོའུ་བརྒྱབ་པ།
༡༢  རྐང་གཅིག་ལག་གཉིས་ཤིང་གི་སྡེར་མོ་ཅན།
༡༢  ཁེད་ལན།  སྒྲོག
༡༣  བུ་མོ་སྤུན་གསུམ་གྱི་བར་ན་བྱུ་རུ་སྡེར་གང་ཡོད།
༡༣  ཁེད་ལན།  ཐབ་ཀ།
༡༤  ཤིང་གི་ཀྱ་མ་ཀྱི་ཁུག་ན།  སྨན་གྱི་ཐམ་ཚ་ཐུམ་ཚིགས་ཡོད།
༡༤  ཁེད་ལན།  སྟ་རུ།
༡༥  དང་མ་ལུག་ཕོ་ཐུང་གི་སྙིང་འདྲ་འདྲ།  བར་མ་ཤྭ་བརྒྱད་པའི་རྭ་འདྲ་འདྲ།  མཐའ་མ་བན་རྒན་སེར་པོའི་རོ་འདྲ་འདྲ།
༡༥  ཁེད་ལན།  གཅིམ།
༡༦  སེམས་ཅན་ཐམས་ཅད་ཉལ་ནས་ཤི།  སེར་དྲ་རྒྱིད་རིང་ལངས་ནས་ཤི།
༡༦  ཁེད་ལན།  སྤོས།
༡༧  སྔགས་རྒན་རལ་བ་གཟེད་རྒྱན།  ཡོན་བདག་ཐང་ལ་ཅལ་རྒྱན།
༡༧  ཁེད་ལན།  ཟོག་གིས་ལྕི་བ་བཏང་བ།
༡༨  ཨ་འདེ་གད་པའི་ངོ་ན།  དབུ་འདེ་རྒྱལ་མཚན་ཞིག་ཡོད།
༡༨  ཁེད་ལན།  བྱེའུ་ཚང་།
༡༩  ཕ་ག་ལ་གི་ལིས་རྔ་ཞིག་རྡུང་།  མ་ཡུམ་ཆེན་སྒྲོལ་མས་ཆབ་ཅིག་བརྒྱབ།  བུ་བློ་རིག་ཅན་པོས་གསའ་ཞིག་བསྒར།
༡༩  ཁེད་ལན།  འབྲུག་ཆར་ཐོག་གསུམ།
༢༠  གྲ་བཞའ་གྲུ་བཞི་ཤོ་འདྲ་འདྲ།  ཁ་དོག་ཡག་ལ་འཇའ་འདྲ་འདྲ།
༢༠  ཁེད་ལན།  ཐང་ག
༢༡  ཨ་ཁུ་ཚང་གི་ཀ་ཡི་ཀ་ཤུལ་ན།  ཟོ་སྟོང་བརྒྱ་ར་བརྒྱད་ཅུའི་ཁ་ཡར་ལ་འཁོར།
༢༡  ཁེད་ལན།  ཕུར་ཤུལ།
༢༢  ཨ་ཁུ་ཚང་གི་འཚེར་ཤུལ་ན།  བག་མ་ཆ་རིས་མས་ང་སྒུག་ན་ང་སྒུག་ཟེར་རུང་།  སྒུག་བསྡད་ན་ཡོང་རྒྱུ་མེད་ཀི།
༢༢  ཁེད་ལན།  ལྕི་བའི་སྟེང་ལ་འོ་མ་ཟགས་པ།
༢༣  ཨ་ཁུ་ཚང་གི་འཚེར་ཤུལ་ན།  གླང་རྒན་སྔོ་རིས་ཡིས་ཁོ་སྒུག་ན་ཁོ་སྒུག་ཟེར་ཡང་།  སྒུག་བསྡད་ན་ཡོང་རྒྱུ་མེད་ཀི།
༢༣  ཁེད་ལན།  ཐལ་སྤུངས།
༢༤   ཨ་ཅེ་རིང་བ་རིང་བ།  གློ་ཆ་མང་བ་མང་བ།
༢༤  ཁེད་ལན།  རྡང་།
༢༥  དཀར་རིས་ཆུ་ལ་ལྡིང་།  ནག་རིས་ཆུས་ཁུར།
༢༥  ཁེད་ལན།  ལུག་ཆུ་ལ་ལྡིང་ཞིང་རིལ་མ་ཆུས་ཁུར་བ།
༢༦  ར་མ་ལྕགས་ཀྱི་རྔ་མ་ཅན།
༢༦  ཁེད་ལན།  ཁོལ་མོ།
༢༧  ཁོག་སྟོང་མཆུ་ཕྲ།  ཤི་བོ་གསོན་པོ།
༢༧  ཁེད་ལན།  ཁོལ་མོ།
༢༨  རྒྱ་གར་ཡུལ་ནས་གོས་ཤིག་ཉོས།  གོས་ཕྱི་ནང་མ་ཤེས་ད་རུང་ཡོད།
༢༨  ཁེད་ལན།  སྟོད་ཚིལ།
༢༩  ཀོ་བའི་གཞུ།  དུང་གི་མདའ།  གསོམ་པ་གཡང་དཀར་གི་འབེན།
༢༩  ཁེད་ལན།  འོ་མ་བཞོ་བ།
༣༠  ཟོག་མ་དེད་པའི་ལུང་བ་ལྕི་བས་བཀང་།
༣༠  ཁེད་ལན།  ས་འབུར།
༣༡  ཁ་ཚང་གི་ཐལ་ཐོག་ལ།  སྣ་ཚང་གི་ལ་ལོ་ཡོང་ནས།  ལག་ཚང་གིས་བཅད་ནས་བུད་ཐལ།
༣༡  ཁེད་ལན།  སྣབས་ཕྱིས་པ།
༣༢  རྡོ་ཐོག་གི་སྡོང་བོ་ཁེར་སྐྱེས།
༣༢  ཁེད་ལན།  མཆི་གུ།
༣༣  སི་ལི་སི་ལི་ཧོས་འདེབས་པོ།  ཁ་ཕྱིང་ཐོ་ཞིག་གི་གཅད་རྒྱུ་བོ།  རས་ཁ་གང་ཁུག་ལ་གཅུད་རྒྱུ་བོ།  རོ་ཏ་ལེན་ནང་ལ་བསྡུ་རྒྱུ་བོ།
༣༣  ཁེད་ལན།  དྲིལ་བུ།
༣༤  གཡག་རྒན་མ་འགུལ་གཟེ་ཁ་འགུལ།
༣༤  ཁེད་ལན།  ཁ་ཚབ།
༣༥  དྲིན་ཅན་ཕ་མ་རྩེ་ཁ་ཅན།  རྒྱུད་ཀྱི་བུ་ཕྲུག་ཕོ་ཐེ་ཅན།
༣༥  ཁེད་ལན།  སྟ་རུ།
༣༦  འགྲམ་ཡས་མེད་པའི་རྩྭ་གཟན།
༣༦  ཁེད་ལན།  ཟོ་ར།
༣༧  གཡག་རྒན་མ་འགུལ་ནང་ཁྲོལ་འགུལ།
༣༧  ཁེད་ལན།  སྦྲ་ནང་གི་མི།
༣༨   ཨ་འགྲོ་འགྲོ་ན་ཨ་འགྲོ་འགྲོ།  ཨ་འགྲོའི་བཅིབས་པ་སྔོ་ར་འགྲོ།  རྒྱབ་ཀི་རྒྱབ་ཀི་ཇེ་འགྲོ་རེད།
༣༨  ཁེད་ལན།  ལྕགས་བུར།
༣༩  དབྱར་ཟླ་གསུམ་ལ་མཚམས་ལ་བསྡད།  དགུན་ཟླ་གསུམ་ལ་གྲུབ་རྟགས་བསྟན།
༣༩  ཁེད་ལན།  ལྕགས་བུར།
༤༠  མཛུབ་མེད་དོང་རྐོ།
༤༠  ཁེད་ལན།  ཐིགས་ཆུ།
༤༡  ལག་མེད་ཐབ་ཕྱགས།
༤༡  ཁེད་ལན།  ཆུ་དར།
༤༢  ཀ་ར་མ་བཀུག་ར་མ།  ཉིན་བཞུར་མ་མཚན་བཞུར་མ།
༤༢  ཁེད་ལན།  ཆུ།
༤༣  ཆུང་ནི་དེའི་ཆུང་མེད།  རྐེ་ཤེད་ལ་དེའི་ཆེ་མེད།
༤༣  ཁེད་ལན།  འཁྱག་ལོ།
༤༤  རྣོ་ནི་དེའི་རྣོ་མེད།  སྡུག་ཐུག་ན་ཤོག་བུའང་མི་ཆོད།
༤༤  ཁེད་ལན།  མིག
༤༥  ཆུང་ནི་དེའི་ཆུང་མེད།  སའི་མི་རྒོད་ཏོག་སེ་ལེན།
༤༥  ཁེད་ལན།  ཡོབ་ཆེན།
༤༦  རིང་ནི་དེའི་རིང་མེད།  ཁྱི་མོ་དམར་ལི་མའི་ཕོ་ར་མི་ཐུག
༤༦  ཁེད་ལན།  ལམ།
༤༧  ཁབ་སྐུད་པས་མ་བཙེམ་ཀི་ལྷམ་ལི་པོ་པོ།
༤༧  ཁེད་ལན།  རྨིག་པ།
༤༨  ཁབ་སྐུད་པས་མ་བཙེམ་ཀི་ལྷམ་པ་དཀར་པོ།
༤༨  ཁེད་ལན།  ཀ་རུ།  འཛི།
༤༩  ཡ་ཁ་ར།  མ་ཁ་ཤ།  ལྕེ་འདམ་བག
༤༩  ཁེད་ལན།  མཛུབ་གུ།
༥༠  ཁྱོད་མ་འགུལ་མིན་ནས་ང་ལྷུང་རྒྱུ་རེད།
༥༠  ཁེད་ལན།  ཟིལ་བ།
༥༡  ཁྱོད་ཕར་ལ་སོང་།  ང་ཁྱོའི་ཤུལ་ལ་ཡོང་དགོས་ཀི།
༥༡  ཁེད་ལན།  རྨིག་རྗེས།
༥༢  རྟ་དཀར་དཀར་ཞིག་ལ་འཚེར་རྒྱུ་མེད།  འཚེར་དུས་ཤི་ནི་ཡིན།
༥༢  ཁེད་ལན།  དཀར་ཡོལ།
༥༣  ཚེ་གང་བོར་བཙོས་རུང་ཉིན་གཅིག་ལ་ཟ་རྒྱུ་མེད།
༥༣  ཁེད་ལན།  བ་མའི་ཁ་ལེབ།
༥༤  སྟོད་ན་རྒྱལ་བོའི་ཆང་དཀར་བཞེས།  སྨད་ན་སྤྲང་བོའི་ལག་གཡུག་བྱེད།
༥༤  ཁེད་ལན།  ལུ་གུས་ནུ་མ་ནུ་ཞིང་རྔ་མ་གཡུགས་པ།
༥༥  རྩ་བ་གཅིག་ལ་རྩེ་མོ་སྟོང་།  རྩེ་མོ་སྟོང་ལ་ཁང་བཟང་སྟོང་།  ཁང་བཟང་སྟོང་ལ་ལྷ་ཕྲུག་སྟོང་།
༥༥  ཁེད་ལན།  ནས་སྙེ།
༥༦  ཤིང་ཐོ་ཐོ་ཞིག་ལ་འབུ་ཐོ་ཐོ་གཉིས་ཀྱི་བཏོག་རེས་བྱས།
༥༦  ཁེད་ལན།  ཌ་རུ།
༥༧  གླང་རྒན་སྔོ་རར་ཨ་སྤུ་བྱིས་སྤུ་ཁལ་གཅིག་བཀལ།  བཅོམ་ལྡན་འདས་ཀི་སྣེ་ཁྲིད།  ཤྰཀྱ་ཐུབ་པས་ཟླར་བརྒྱབ།
༥༧  ཁེད་ལན།  ཉི་ཟླ་སྐར་གསུམ།
༥༨  ལྭ་སྐྱ་ཅན་གྱིས་སྔོན་མ་བྱས།  ལྭ་དམར་ཅན་གྱིས་བར་མ་བྱས།  ལྭ་ནག་ཅན་གྱིས་གཞུག་མ་བྱས།
༥༨  ཁེད་ལན།  མེ་ཤོར་བ།
༥༩  དབྱར་གྱི་དུས་སུ་འབྲི་ཞིག་བཤས།  སྟོད་ཚིལ་ཉི་མར་སྐེམ་རྒྱུ་ཡོད།  མཁལ་ཚིལ་སྣོད་ལ་བསྡུ་རྒྱུ་ཡོད།  ཆུ་སེར་ཐང་ལ་ཕོད་རྒྱུ་ཡོད།
༥༩  ཁེད་ལན།  འོ་ཕྱུར་མར་དྭངས།
༦༠  ཕྱི་ཀ་ལིའི་གུར་ཁང་ཕུག་འདྲ་བོ།  ནང་ཀ་ཐུང་ཞིག་གིས་བཀར་འདྲ་བོ།
༦༠  ཁེད་ལན།  ཤྭ་མོ།
༦༡  ཁེད་ཀྱི་ཕ་ཅི་ཁེད།  ཁེད་ཀྱི་མ་ཅི་ཁེད།  ཁེད་རྡོ་རབ་རིག་ཅི་ཁེད།  ཁེད་མ་ཚབ་ཚུབ་ཅི་ཁེད།
༦༡  ཁེད་ལན།  གནམ་ས་སྐར་མ་ཁ་བ།
༦༢  ཨ་མྱེ་ཉལ་ཡག་བྱོས།  ཕྱིང་དཀར་འགེབ་ཡག་བྱོས།
༦༢  ཁེད་ལན།  ཞོ་བསྙལ་བ།
༦༣  མྱི་བརྒྱའི་དཔོན་པོ་སྣ་བུག་སུམ་ར་ཅན།
༦༣    ཁེད་ལན།  རྒྱ་དཔོན།
༦༤  རྒྱའི་བོང་ལུ་ཤིང་གི་ཐོད་ཁེབ་ཅན།
༦༤  ཁེད་ལན།  བོང་རྣ།
༦༥  གཅིག་གིས་དོམ་ལོང་དོམ་ལོང་ཟེར།  གཅིག་གིས་ནུས་མེད་ནུས་མེད་ཟེར།  གཅིག་གིས་ཆི་ཅ་ཆི་ཅ་ཟེར།  གཅིག་གིས་དྲག་གི་དྲག་གི་ཟེར།
༦༥  ཁེད་ལན།  རྔ་རྡུང་བ།  དྲིལ་བ་གཡུག་པ།  བུབས་རྡུང་བ།  ཌ་རུ་གཡུག་པ།
༦༦  ཁིས་ཁ་ཞིག་གིས་དམའ་རྒྱོ་ལྟོས།  རྐང་ཐང་གཉིས་ཀི་མགྱོགས་རྒྱོ་ལྟོས།
༦༦  ཁེད་ལན།  ཌ་རུ།
༦༧  ཨ་དཀར་སུམ་ཅུ་ནད་ཀྱིས་བཟུང་།  སྨན་པ་སྐྱ་རིང་བསུ་ཀི་མི་ལྔ་སོང་།
༦༧  ཁེད་ལན།  སོ་བསལ་བ།
༦༨  ཟོ་དམར་ནང་གི་ཟས་བཙོག
༦༨  ཁེད་ལན།  སྣབས།
༦༩  ཟོ་དཀར་ནང་གི་ཟས་ཞིམ།
༦༩  ཁེད་ལན།  རྐང་།
༧༠  ཁབ་སྐུད་པས་མ་བཙེམ་པའི་ཧེར་ལི་གོང་སྔོན།
༧༠  ཁེད་ལན།  སེན་མོ།
༧༡  ཕྱེ་བརྡལ་སྔོན་པོའི་སྟེང་ན།  གོ་རེ་དྲོ་འཁྱག་གཉིས།
༧༡  ཁེད་ལན།  ཉི་ཟླ།
༧༢  ད་དམར་ཁ་རེ་ཁ་རེ།  ཤ་ཐིག་སྡེར་རེ་སྡེར་རེ།  རྩམ་པ་གཞོང་རེ་གཞོང་རེ།
༧༢  ཁེད་ལན།  མེ་ཨོང་ཐལ་གསུམ།
༧༣  ལུང་བ་ཕུ་མེད་མདོ་མེད་ཅིག་ཏུ།  རྟ་རྒན་རྔ་མེད་རྔོག་མེད་ཅིག
༧༣  ཁེད་ལན།  ཕྱི་བ།
༧༤  ཨ་ཐང་ཐང་གི་ཐང་དཀྱིལ་ན།  རྟ་མགོ་མང་བོས་འཚེར་ལྡིར་བྱེད།
༧༤  ཁེད་ལན།  འཚུབ་མ།
༧༥  ཨ་ཐང་ཐང་གི་ཐང་དཀྱིལ་ན།  ཐང་ག་མ་ཞིག་གི་འགྲམ་ཡས་ཡོད།
༧༥  ཁེད་ལན།  ཟླ་བ།
༧༦  ཨ་ཐང་ཐང་གི་ཐང་དཀྱིལ་ན།  ཐང་སྐྱ་ཝིར་རེས་སྐོར་རྒྱུག་བྱེད།
༧༦  ཁེད་ལན།  འཚུབ་མ།
༧༧  ཨ་ཐང་ཐང་གི་ཐང་དཀྱིལ་ན།  ཐང་རྟ་ཐོ་རུས་སྒྲོག་འགྲོས་བྱེད།
༧༧  ཁེད་ལན།  ཐེར་རྒྱ།
༧༨  ལྕགས་ཀྱི་སྒ་ཆ་ལྷུ་མང་མ།  གསེར་གྱི་ཞི་ལི་ཞེ་སྡང་ཅན།
༧༨  ཁེད་ལན།  བོའུ།
༧༩  རྩ་བ་གཅིག་ལ་རྩེ་མོ་ལྔ།  རྩེ་མོ་ལྔ་ལ་ལྷན་པ་ལྔ།
༧༩  ཁེད་ལན།  སེན་མོ།
༨༠  རྒྱ་རྒན་ཁ་ནག་ཅིག་གིས།  དབྱུག་པ་སྣེ་ནག་ག་ཞིག་བཟུང་ནས།  པུ་ཀྲི་ཏོ་ན་པུ་ཀྲི་ཏོ་ཟེར་གི།
༨༠  ཁེད་ལན།  ཕྱི་བ།
༨༡  སངས་རྒྱས་འཕུར་ལ་ཁད།  ཨག་བསྒགས་ནས་གསོད་ལ་ཁད། 
༨༡  ཁེད་ལན།  གྲོད་པུ།
༨༢  རྒྱ་གར་ཡུལ་ནས་བྱ་ཞིག་ཡོང་།  རྒྱ་མཚོའི་ནང་ལ་མཆུ་ཞིག་བརྒྱབ།  ཨ་དཀར་ཐང་ལ་འཇོས་ཤིག་བྱས།
༨༢  ཁེད་ལན།  ཡི་གེ་བྲིས་པ།
༨༣  དགེ་འདུན་སྨྱོ་རེས།
༨༣  ཁེད་ལན།  འཁོར་ལོ།
༨༤  ཆུ་མེད་ལ་ཟམ་ཞིག་འཕངས།  གཡག་མེད་ལ་ཁལ་ཞིག་བཀལ།
༨༤  ཁེད་ལན།  དོ་ཆ།
༨༥  ཨ་ཆགས་ཆགས་དགུ།
༨༥  ཁེད་ལན།  ༡  ས་ཡིས་རྡོ་ཆགས།  ༢  རྡོ་ཡིས་ཆུ་ཆགས།  ༣  ཆུ་ཡིས་དར་ཆགས།  ༤  དར་གྱིས་རྟ་ཆགས།  ༥  རྟ་ཡིས་སྒ་ཆགས།  ༦  སྒ་ཡིས་མི་ཆགས  ༧  མི་ཡིས་ཞྭ་ཆགས།  ༨  ཞྭ་ཡིས་ཏོག་ཆགས།         ༩  ཏོག་གིས་གནམ་ཆགས།
༨༦  ཨ་མཚར་མཚར་དགུ།
༨༦  ཁེད་ལན།  ༡  རྡོ་འདིར་ཕ་མ་མེད་རུང་འཕེལ་ནོ་འདི་ཨ་མཚར།
༢  ཆུ་འདིར་ཁྲིད་ནི་མེད་རུང་རྒྱུག་ནོ་འདི་ཨ་མཚར།
༣  བྲག་འདིར་བརྩིགས་ནི་མེད་རུང་མཐོ་ནོ་འདི་ཨ་མཚར།
༤  ནགས་འདིར་འདེབས་ནི་མེད་རུང་སྐྱེ་ནོ་འདི་ཨ་མཚར།
༥  ཐང་འདིར་བརྡལ་ནི་མེད་རུང་བདེ་ནོ་འདི་ཨ་མཚར།
༦  གནམ་འདིར་འགྱོག་ནི་མེད་རུང་མཐོ་ནོ་འདི་ཨ་མཚར།
༧  ལམ་འདིར་བརྐོ་ནི་མེད་རུང་ཡོད་ནོ་འདི་ཨ་མཚར།
༨  རྩྭ་འདིར་གཞོག་ནི་མེད་རུང་ཕྲ་ནོ་འདི་ཨ་མཚར།
༩  ཚེར་མ་འདིར་གཞོག་ནི་མེད་རུང་རྣོ་ནོ་འདི་ཨ་མཚར།
༨༧  ཨ་མེད་མེད་དགུ།  ༡  མགོ་ནག་མྱི་ལ་རྔ་མ་མེད།  ༢  ཁ་དཀར་རྐྱང་ལ་ཁ་ལོ་མེད།  ༣  བྲེ་སེར་འབྲོང་ལ་སྣ་ལོ་མེད།  ༤  འདོ་རིགས་རྟ་ཕོར་རྭ་ཅོ་མེད།  ༥  ཐུལ་དཀར་འབྲི་མོ་ཡ་སོ་མེད།  ༦  སྦྲུལ་ནག་བོའུ་ལ་རྒ་སྣག་མེད།  ༧  སྐྱ་ཀ་ཆ་མོར་མཁལ་ཡས་མེད།  ༨  ནམ་མཁའི་བྱ་ལ་ནུ་མ་མེད།  ༩  ནག་ག་ཁྱིར་ཕྱི་སྡེར་མེད།
༨༨  ཨ་འཁྱོག་འཁྱོག་དགུ།  ༡  ཨ་མཆོད་ལག་གི་རྫ་ཡོ་འཁྱོག  ༢  སྔགས་པའི་ལག་གི་རྔ་ཐེའུ་འཁྱོག
༣  ལུག་རྫིའི་ལག་གི་ལྕགས་གཡུག་འཁྱོག  ༤  ཆུ་ལེན་ལག་གི་ཐུམ་ཡོ་འཁྱོག  ༥  ཆ་འཐུའི་ལག་གི་སྟར་ཡོ་འཁྱོག  ༦  རྩྭ་འཐུའི་ལག་གི་ཟོར་ཡོ་འཁྱོག  ༧  ཁྱི་རྒན་ཉལ་སའི་རྔ་མ་འཁྱོག  ༨  ༩
༨༩  ཨ་དཀའ་དཀའ་དགུ།  ༡  ཙད་དེད་ནང་ལ་མེ་འབུད་དཀའ།  ༢  བྱེ་མའི་ནང་ལ་སྦྲ་ཕུབ ་དཀའ།
༣  མགོ་ཝ་མོ་ཅན་གྱིས་མེ་འབུད་དཀའ།  ༤  རྐང་སོག་ལྷམ་ཅན་གྱིས་དར་འགྲོ་དཀའ།  ༥  སླེ་བོའི་ནང་ལ་ཆུ་འཁུར་དཀའ།  ༦  བྲག་དམར་དཀྱིལ་ལ་མདའ་འཕེན་དཀའ།
༧  འབུལ་རིས་ཅན་གྱིས་ངོ་འགྲོ་དཀའ།  ༨  ཆར་ནག་ནང་ལ་འབྲི་བཞོ་དཀའ།  ༩  ཁ་སྤུ་ཅན་གྱིས་ཞོ་འཐུང་དཀའ།
༩༠  ཙ་ཡུས་ཙས་དགུ།  ༡  སྐྱ་ཀ་ཕྲ་མོས་གློ་ཆ་བཏགས་ནས་བག་མའི་ཙ་ཡུས་ཙས་ཙས།
༢  གོས་མགོ་སེར་གྱིས་སྨན་ཁུག་ཁུར་ནས་སྨན་པའི་ཙ་ཡུས་ཙས་ཙས།
༣  ཕོ་རོག་ནག་ཆུང་གིས་སོ་སྒྱེ་ཁུར་ནས་མགར་བའི་ཙ་ཡུས་ཙས་ཙས།
༤  ངང་སྐྱས་ཕྱིང་སྐྱ་གོན་ནས་ལུག་རྫིས་ཙ་ཡུས་ཙས་ཙས།
༥  ངང་དམར་གི་ཕྱིང་དམར་གོན་ནས་བླ་མའི་ཙ་ཡུས་ཙས་ཙས།
༦  ཧུག་རྡུག༼ཕུག་རོན༽སྔོན་མོས་ཐལ་སྒྱེ་ཁུར་ནས་གཡོག་མོའི་ཙ་ཡུས་ཙས་ཙས།
༧  ཐེ་རྒྱ་མོས་རྒོ་སློག་གོན་ན་རྒོ་རྫིའི་ཙ་ཡུས་ཙས་ཙས།
༨  ཐེ་རྒྱ་མོས་རྡོག་ག་བྱས་ནས་བེའུ་རྫིའི་ཙ་ཡུས་ཙས་ཙས།
༩  ཨ་ཙག་བ་ཙག་གིས་མདའ་གཞུ་ཁུར་ནས་རྔོན་པའི་ཙ་ཡུས་ཙས་ཙས།
༩༡  ཤ་ཐོ་ཐོ་ཞིག་ལ་བུ་ཚ་བདུན།
༩༡  ཁེད་ལན།  མིག་གཉིས།  རྣ་གཉིས།  སྣ་ཁུང་གཉིས།  ཁ་བཅས་བདུན་ནོ། །
༩༢  མགོ་ནག་འབུམ་བཞི།
༩༢  ཁེད་ལན།  ༡  ཀླད་པའི་ཁ་ཝོར་མན་ཆད་ན་ཐོད་པ་གསེར་ལེབ་ཡན་ཆད་ན་སྐྲ་ནག་པོའི་སྐྱེ་ཚད་ཁྲི་མ་འབུམ།  ༢  ཐོད་པ་གསེར་ལེབ་མན་ཆད་ན་སྣ་མདོའི་བུ་ག་ཡན་ཆད་ན་མིག་ཆ་ཆུང་རྡེབ་ཚད་ཁྲི་མ་འབུམ།  ༣  སྣ་མདོའི་བུ་ག་མན་ཆད་ན་མ་ནེའི་སྒོ་ཝོར་ཡན་ ཆད་ན་ལྕེ་དམར་ཆུང་རྡེབ་ཚད་ཁྲི་མ་འབུམ།  ༤  མ་ནེ་སྒོ་ཝོར་མན་ཆད་ན་རྒྱུ་མ་བྱ་ཚང་ཡན་ཆད་ན་སེམས་ཆ་ཆའི་དྲན་ཚུལ་ཁྲི་མ་འབུམ།
༩༣  མ་མོའི་མཚོ་བདུན།
༩༣  ཁེད་ལན།  ༡  པགས་པ་བལ་གི་མཚོ་མོ།  ༢  རྒྱུ་མ་རྙང་བའི་མཚོ་མོ།  ༣  མགོ་ལི་ཀླད་པའི་མཚོ་མོ།  ༤  སུག་གེ་རྐང་གི་མཚོ་མོ།  ༥  ཡ་ཁོག་ཁྲག་གི་མཚོ་མོ།  ༦  གྲོད་པུ་རྩོས་མཚོ་ མོ།  ༧  མཁལ་མ་ཚིལ་གྱི་མཚོ་མོ།
༩༤  རུས་བརྒྱ།
༩༤  ཁེད་ལན།  སོག་པ་ལེབ་མོའི་མངའ་འོག་ན།  རྩི་གུ་ཉི་ཤུ་རྩ་དྲུག་ཡོད།  ཁ་ན་དུང་སོ་སུམ་ཅུ་ཡོད།  མགོ་ལིའི་རྭ་ཅོ་མ་རྩིས་ཀི།  བྲང་གི་ཧས་ཐུར་མ་རྩིས་ཀི།  ན་མོ་ནུས་མོ་མ་རྩིས་ཀི།  འབའ་ཚེ་རིས་ཤིག་ལ་རུས་བརྒྱ་ཡོད།  སྒ་ཚིགས་བཞི་བཅུ་ཞེ་དྲུག་ཡོད།  རུས་བརྒྱ་ཤེས་ན་གླུ་བ་ཡིན།
༩༥  གླ་བོའི་ཐེ་དྲུག
༩༥  ཁེད་ལན།  ༡  གླ་པགས་མཉེན་མོ་གོས་ལ་ཐེ།  ༢  གླ་མཆེ་དཀར་བོ་དུང་ལ་ཐེ།  ༣  གླ་རྩི་ཞིམ་པོ་སྨན་ལ་ཐེ།  ༤  སྤུ་མགོ་ནག་ནོ་ཟོག་ལ་ཐེ།  ༥  སྤུ་སྐེད་ཇོ་ནོ་རྟ་ལ་ཐེ།  ༦  སྤུ་རྩ་དཀར་ནོ་ལུག་ལ་ཐེ།
༩༦  གུར་དཀར་རའི་ནང་གི་བླ་མ་སྨུག་རེ།
༩༦  ཁེད་ལན།  སེམས་པུ།
༩༧  རྒྱའི་མཛོ་མོ་སྔོ་རིས་མ།  བོད་ལ་ཡོང་ནས་གྱོང་གཟན་མ།
༩༧  ཁེད་ལན།  ཁབ།
༩༨  དཀར་རིས་གོས་ཀི་གཡང་ར་ཅན།  ཁ་རེ་རྐྱ་ན་ཧོས་རེ་འདེབས།
༩༨  ཁེད་ལན།  དུང་དཀར།
༩༩  མ་སེམས་ཅན་ཐམས་ཅད་ཀི་ནང་ཁྲོལ་ནང་ན་ཡོད།  ཨ་དགའ་ཅིས་ཅིས་ཀི་ནང་ཁྲོལ་ཕྱི་ན་ཡོད།
༩༩  ཁེད་ལན།  འཕང་།
༡༠༠  རི་རབ་ལྷུན་པོའི་ཁོང་གསེང་ན།  དུང་གི་བུ་མོ་སྤུན་བཞི་ཡོད།  ཕྱོགས་སྐྱོང་བཅུ་བོའི་བཀའ་དྲིན་ལ།  བདུད་རྩིའི་དངོས་གྲུབ་ཆར་བཞིན་འབབ།
༡༠༠  ཁེད་ལན།  འོ་མ་བཞོ་བ།

མཆན།  གོང་གསལ་ཁེད་བཤད་དག་ནི་གུས་པོས་ལོ་འདི་དག་གི་རིང་ལ་རང་གི་ནང་མི་ཉེ་འབྲེལ་གྱི་ངག་ལས་བསྡུ་སྒྲིག་བགྱིས་པ་ཡིན་ལ།  བསྡུ་སྒྲིག་གི་བརྒྱུད་རིམ་ཁྲོད་དུ་ཁ་སྐད་ཀྱི་བྲོ་མི་འབོར་བར་འབད་ཁུལ་གྱིས་པ་ཡིན་ཡང་།  ཡི་གེར་ཕབ་པའི་བརྒྱུད་རིམ་ཁྲོད་ནོར་འཕྱུག་མང་དག་ཅིག་ཡོད་ངེས་པས།  ལྷན་རྒྱས་ནས་དགོངས་འཆར་ལྷུག་སྩོལ་གྱི་རེ་བ་མི་ཆུང་བར་ཞུ་ཞིང་།  གཞན་ཡང་གུས་པོར་རྒྱུ་ཆ་མཁོ་སྤྲོད་བགྱི་མཁན་གྱི་རང་གི་ནང་མི་ཉེ་འབྲེལ་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།  རྗེས་མར་བསྡུ་སྒྲིག་གི་ལས་གཞི་མུ་ནས་སྤེལ་གྲབས་ཡོད་པས།  འདིའི་ཕྱོགས་ལ་འཇུག་མཁན་གྱི་བློ་ལྡན་དོན་གཉེར་བ་དག་གིས་སེམས་རྡང་སྦྲེལ་ཏེ་འབད་པས་འཇུག་པའི་འབོད་སྐུལ་ཡང་བརྒྱབ་པས་ཐུགས་རྗེ་གནང་།


༼དམངས་རྩོམ་འཚོལ་སྡུད་སྐོར་གྱི་དཔེ་ཚོགས་ལས་ཁེད་ཀྱི་སྐོར༽ ༼༢༠༡༡ལོའི་ཟླ༡༠ཚེས༡ཉིན་ནས༢༠༡༣ལོའི་ཟླ༤ཚེས༡༥༽  བསང་ཆུའི་འགྱུར་ཁུག་དྲ་བ་ལས་བཏུས།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།