MonAugMon2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

ཡིད་འགུལ་ཐེབས་པའི་གཏམ་རྒྱུད་ཅིག

(དགྱའི་དྲ་ཚིགས་ཤིག་ནས་བཏུས་པ་ཡིན་ཏེ་རྩོམ་པ་པོའི་མིང་བཀོད་མི་འདུག)

གཉེན་སྟོན་གྱི་ཉིན་མོར། མགྲོན་ཁང་གི་སྒོ་ཁ་རུ་རྟ་དང་རླངས་འཁོར་ཆུ་བོའི་རྒྱུན་རེད།

༡ ཨ་མས "མགྲོན་ཁང་གི་གྲུ་ག་ན་ཡོད་པའི་སློང་མོ་ཞིག་དང་འདྲ་བ་དེ་གཉིས་སུ་རེད" ཟེར།ངས་དེ་ཡི་ཕྱོགས་སུ་བལྟས་པ་ན། རྒད་པོ་ལོ་ལོན་ཞིག་གིས་ཏག་ཏག་ང་ལ་བལྟས་འདུག ཁོང་གི་གམ་དུ་ད་རུང་རྒད་མོ་ལོ་ལོན་ཞིག་འདུག ངས་ཕར་ལྟ་བཞིན་འདུག་པ་ཤེས་ཏེ་ཁོང་གཉིས་ཀས་ལམ་སང་མགོ་བོ་སྨད་བྱུང་། ངས་ཁོང་གཉིས་ངོ་མི་ཤེས། ཡིན་ན་ཡང་སློང་མོ་བ་ཞིག་མིན་པ་འདྲ། ཚེམ་གྲུབ་གསལ་བོར་མངོན་པའི་གྱོན་ཆས་གསར་བ་རེ་རེ་གྱོན་འདུག ཨ་མས་སློང་མོ་བ་ཟེར་དོན་ནི་ཁོང་གཉིས་ཀྱི་ལུས་པོ་སྒུར་སྒུར་དུ་འདུག་ལ། རྒད་མོ་དེའི་གམ་ན་འཁར་བ་ཞིག་བཞག་ཡོད་པས་ཡིན་རྒྱུ་རེད།

ཨ་མས"མཚོ་རྒྱལ་ནི་དྭ་ཕྲུག་ཅིག་ཡིན་པས་གཉེན་ཉེ་ཞིག་གང་ནས་ཡོང་། གལ་ཏེ་ངོ་མི་ཤེས་ན་ཕར་ལོག་ཅིག ད་སྐབས་སློང་མོ་བ་ཚོ་སྤྱོད་པ་ངན་པ་ལ། མགྲོན་ཁང་སྒོ་ཆེན་བསྲུང་ནས་སུ་ཚང་གིས་གཉེན་སྟོན་བཤམས་ན་གཉེན་ཉེ་ཡིན་ཁུལ་གྱིས་དེ་བ་ཚང་གི་ཟས་ཆང་ལ་རོལ་འགྲོ་ཟེར། ངས "ཡིན་རྒྱུ་མ་རེད། མཚོ་རྒྱལ་སྐད་བཏང་སྟེ་འདྲི་དང" ཞེས་མཚོ་རྒྱལ་འབོད་དུ་སོང་བ་ཡིན། མཚོ་རྒྱལ་གྱིས་འཚབ་འཚུབ་ངང་ངའི་ལག་གི་མེ་ཏོག་ཆུན་པོའང་ས་རུ་གཡུགས་སོང་། མཐའ་མར་ངག་ཏ་མ་ཏིག་གིས་ཁོང་ཚོ་ནི་ཁོ་བའི་ཨ་ཁུ་ཨ་ནེ་རེད་ཟེར། ངས་ཨ་མར་སྡང་མིག་ཅེར་གྱིན "ཅུང་ཙམ་མིན་ན་གཉེན་ཚང་སྒོ་རུ་ཕུད་སོང" ཞེས་ལེ་བདའ་བྱས་པ་ཡིན།
ཨ་མས "མཚོ་རྒྱལ་ཁྱོད་དྭ་ཕྲུག་མ་ཡིན་ནམ། གང་ནས་གཉེན་ཉེ་ཞིག་ཡོང་བ་རེད།" ཅེས་པ་ན། མཚོ་རྒྱལ་གྱིས་མགོ་བོ་སྨད་བཞིན་དུ" ཁོང་ཚོ་ནི་ཐག་རིང་གི་ཉེ་དུ་རེད། ལོ་ངོ་མང་པོར་འབྲེལ་བ་མ་བྱུང་ཡང་ད་རེས་གཉེན་སྟོན་ནི་གལ་ཆེན་དོན་ཆེན་ཡིན་པས་གཉེན་ཉེ་མེད་ན་མི་འགྲིག་སྙམ་ནས། དེའི་ཕྱིར་་་ ་་་" ཞེས་ཨ་མའི་མདུན་དུ་འཚེར་སྣང་གིས་བརྗོད།
ང་མཚོ་རྒྱལ་གྱི་ཕྲག་པར་འཁྱུད་ནས་གཉེན་ཉེ་ཡོད་ཀྱང་སྔ་ས་ནས་མ་བཤད་པར་འཁང་ར་དང་བཅས། ཁོང་རྣམ་པ་གཉིས་གཉེན་ཉེ་ཡིན་ན་དམིགས་བསལ་མདུན་ཅོག་སྟེང་དུ་གདན་འདྲེན་བྱེད་དགོས། མདུན་ཅོག་ཕལ་བ་དེར་སྡོད་དུ་འཇུག་སྲོལ་ཞིག་གང་ན་ཡོད་ཅེས་པ་ན། མཚོ་རྒྱལ་གྱིས་ང་བཀག་ནས "ཁོང་གཉིས་མདུན་ཅོག་དེ་རང་དུ་བསྡད་ན་བཟང་། མདུན་ཅོག་གཞན་པའི་ཐོག་ནས་ཟས་ཟ་བར་ཡང་དོགས་མི་བདེ་བར་འདོད" ཟེར།
མཚོ་རྒྱལ་གྱིས་རང་ཉིད་ཀྱི་ཆེ་མཐོང་ཆེད་དུ་ཨ་ཁུ་ཨ་ནེ་གཉིས་གཉེན་ཉེའི་མདུན་ཅོག་ཐོག་ཏུ་མི་འབོད་པ་ཡིན་ནམ། དེ་འདྲ་ཡིན་ན་དང་པོ་ནས་གཉེན་སྟོན་འདིར་མགྲོན་འབོད་བྱེད་དགོས་དོན་མེད། དེས་ན་ཁོང་གཉིས་ནི་ཞིང་གྲོང་ནས་ཡོང་བ་ཡིན་ཚོད་འདུག་པས། འཁོར་ཅོག་སྟེང་གི་ཟ་མའང་ཟ་མི་ཤེས་པར་དོགས་ནས་སྤྱིར་བཏང་གི་མདུན་ཅོག་དེར་སྡོད་དུ་བཅུག་པ་ཡིན་ནམ། དེ་ལྟར་ཡིན་པའི་དབང་དུ་བཏང་ན་ཡང་རྒན་རྒོན་གཉིས་ཀྱིས་ང་ལ་མགོ་སྨད་ཚུལ་ལས། ང་ལ་དོགས་མི་བདེ་བའི་སྣང་བ་ཞིག་སྐྱེས།གཉེན་ཚང་ཡིན་ན་རྫོངས་པ་གྱ་ནོམ་པ་ཞིག་སྟོན་རྒྱུ་མེད་ཀྱང་སྔུན་ལ་ཡོང་ནས་ཁ་དགའ་ངོ་འཛུམ་གྱིས་ཁ་གཡང་སྙན་མོ་ཞིག་གིས་རྟེན་འབྲེལ་བསྒྲིག་པ་ནི་འཇིག་རྟེན་འདིའི་སྲོལ་དུ་ཆགས་ཡོད་པ་ལས། གདོང་ལའང་ལྟ་མི་ཕོད་པའི་གཉེན་ཚང་ཕར་ཞོག སྐུ་མགྲོན་ཞིག་ཀྱང་ད་སྔར་མཐོང་མ་མྱོང་། ད་དུང་་་ ་་་ ད་དུང་གཉེན་སྟོན་མཛད་སྒོ་དབུ་འབྱེད་ཀྱི་ཤོག་སྦག་གིས་ང་འདང་རྒྱག་ལས་དཀྲོག་བྱུང་།        གཉེན་སྟོན་མཛད་སྒོའི་འགོ་མ་བརྩམས་བར་དུ་མདུན་ཅོག་དེ་རུ་ཨ་ཁུ་ཨ་ནེ་གཉིས་གཅིག་པུ་རེད། མདུན་ཅོག་དེར་གཉེན་ཆང་འདྲེན་དུ་འགྲོ་རྒྱུ་བཤད་པར་མཚོ་རྒྱལ་གྱིས་ཡུན་རིང་ལ་སོམ་ཉི་བྱས་མཐར། ང་ཁྲིད་ནས་ཐད་ཀར་ཁོང་ཚོའི་འགྲམ་ནས་ཆས་སོང་།ཁ་ཕྱིར་འཁོར་བ་ན་ཁོང་གཉིས་ཀྱིས་མགོ་བོ་ཤིན་ཏུ་སྨད་ནས་འདུག འདང་ཞིག་བརྒྱབ་ནས་མཚོ་རྒྱལ་ཁྲིད་དེ་ཕྱིར་སོང་ནས "ཨ་ཁུ། ཨ་ནེ། ངེད་གཉིས་ཀྱིས་ཁྱེད་རྣམ་པ་གཉིས་ལ་བཀྲ་ཤིས་གཉེན་ཆང་གང་རེ་འདྲེན" ཞུས་པ་ན། ཁོང་རྣམ་གཉིས་ཀྱིས་ཡིད་མ་ཆེས་པའི་ཉམས་ཚུགས་དང་བཅས་ཏེ་མགོ་བོ་ཐོལ་གྱིས་བཏེགས་ནས་ང་ལ་བལྟས།
རྒན་རྒོན་གཉིས་ཀྱི་མགོ་སྐྲ་དཀར་པོར་བལྟས་ཚོད་ཀྱིས་ཧ་ཅང་རྒས་འདུག ཕལ་ཆེར་ལོ་རྒན་བརྒྱད་ཅུའི་སྟོད་དུ་སླེབས་ཟིན་ཚོད་འདུག ཨ་ནེའི་མིག་འབྲས་གཉིས་ཁུང་དུ་འཛུལ་འདུག གདོང་ང་ལ་གཏད་ཀྱང་མིག་གཡོ་བའི་ཁ་ཕྱོགས་མ་ངེས། ངས་ཁོང་མོའི་མདུན་དུ་ལག་པ་ཡབ་ཡོབ་གཡུག་ཀྱང་གོ་ཚོར་མི་འདུག མ་གཞི་ནས་ཨ་ནེ་ནི་ཞ་ར་ཞིག་རེད།
"ཨ་་་ ཨ་ཁུ། ཨ་ནེ། འདི་ནི་ངའི་ཟླ་མོ་ལེགས་མཛེས་རེད། ངེད་གཉིས་ཀྱིས་ད་ཁྱེད་རྣམ་པ་གཉིས་ལ་གཉེན་ཆང་འདྲེན" མཚོ་རྒྱལ་གྱིས་རང་གི་ཡུལ་གྲོང་གི་སྐད་བརྡའི་ཐོག་ནས་ཁོང་གཉིས་ལ་གསལ་འགྲེལ་ཞིག་བྱས་པ་ན། ཨ་ཁུས " ཡ་ཡ་་་ ཡ་ཡ་་་ "དང་བཅས་འཁྱར་འཁྱོར་ངང་ཡར་ལ་བཞེངས། ལག་གཡོན་པ་ཨ་ནེར་འཁྲས་ཤིང་ལག་གཡས་པས་ཆང་ཕོར་འདར་འདར་ངང་བཏེགས་བྱུང་། ལག་པའི་རྒྱབ་ཏུ་སྐྱི་གཉེར་ཆགས་ཤིང་སེན་མོ་མཐུག་པོའི་བར་གསེང་ན་ད་དུང་ས་རྡུལ་འཚང་འདུག གདོང་ས་ལ་གཏད་རྒྱབ་ཉི་མར་གཏད་པའི་ལོ་ཟླ་ཡིས་ཁོང་གཉིས་ཀྱི་ལུས་པོའང་གཞུ་བཞིན་བསྒུར་བར་སྙམ། གློ་བུར་དུ། ཧ་ལས་པ་ཞིག་ལ་ཨ་ཁུའི་རྐང་པ་གཡས་པ་རྩ་བ་ནས་མེད་པ་མཐོང་སོང་། ཨ་ནེ་ནི་ཞ་ར་ཞིག་རེད་ལ་ཨ་ཁུ་ཡང་རྐང་ཏོ་ཞིག་རེད། ཇི་འདྲ་འདྲའི་ཁྱོ་ཤུག་ལས་ངན་གཉིས་རེད་དམ།
"བཞེངས་མི་དགོས། བཞུགས་རོགས་གནང་དང" ང་སོང་ནས་ཁོང་གཉིས་བསྐྱོར་བ་ན་ཨ་ཁུ་འདར་འདར་ངང་མར་བསྡད། རྒྱུ་མཚན་ཅི་ཡིན་འདི་ཡིན་མི་ཤེས་པའི་ཨ་ནེའི་མིག་ཆུ་ཁྲོམ་ཁྲོམ་དུ་བཞུར་བར་ཨ་ཁུས་ཅི་ཡང་མི་སྨྲ་བར་ཨ་ནེའི་རྒྱབ་ལ་བྱིལ་བྱིལ་བྱེད་ཚུལ་ལས། ཁོང་རྣམ་གཉིས་ལ་ཁ་བརྡ་རེ་འགའ་བྱེད་འདོད་ཡོད་ཀྱང་། ཁོང་གཉིས་ཀྱི་འཁྲིེས་ནས་མཚོ་རྒྱལ་གྱིས་ངའི་ལག་མགོ་ནསའཐེན་ཏེ་ཕྱིར་ལོག་པ་ཡིན།
ངས་མཚོ་རྒྱལ་ལ " ཁོང་གཉིས་ཕྱིར་ལོག་སྐབས་དངུལ་སྒོར་ཁ་ཤས་བྱིན། དེ་འདྲའི་ཉམས་ང་བ་ལ། ཁོང་གཉིས་གཅིག་ནི་དབང་པོ་སྐྱོན་ཅན་དང་གཅིག་ནི་ཡན་ལག་སྐྱོན་ཅན་རེད། ཅི་ལྟར་བསམ་ན་མི་ཚེ་ཇི་ལྟར་འཁྱོལ་ཐབས་ཤིག་འདུག་ཨང་།" ཞེས་པ་ན། མཚོ་རྒྱལ་གྱིས་མགོ་ལྕོག་ལྡེམ་ལྡེམ་བྱེད་པ་ལས་ཅི་ཡང་མི་སྨྲ་བར་ང་ལ་དམ་པོར་འཁྱུད་བྱུང་།
༢ ལོ་དེའི་ཐོག་མའི་གནམ་གང་གི་དགོང་མོར། མཚོ་རྒྱལ་གྱིས་ཕོ་བ་ན་བར་ཁག་དཀྲིས་ནས་དགོང་ཟས་ཀྱང་མ་ཟོས་པར་མལ་ཁང་དུ་ཆས་སོང་། ངས་ཨ་མར་འབྲས་ཐུག་ཅིག་བསྐོལ་དུ་བཅུག་ནས་མལ་ཁང་དུ་སོང་བ་ན། མཚོ་རྒྱལ་གྱི་མིག་མཐའ་མཆི་མས་བརླན་ཞིང་མལ་ཁྲིའི་སྟེང་དུ་ཉལ་འདུག ངས “མཚོ་རྒྱལ། ཁྱོད་ཀྱིས་འདི་ལྟར་བྱེད་རྒྱུ་མ་རེད། ཐོག་མའི་ནང་མི་ཚང་འཛོམས་དུས་ཆེན་གྱི་དགོང་མོའི་གསོལ་སྟོན་ལ། ང་ཚོ་ནང་མི་དང་ལྷན་དུ་མི་རོལ་བར་མལ་ཁང་དུ་སོང་ནས་ད་དུང་འདི་འདྲ་བྱས་ན། ང་ཚོས་ཁྱོད་སྡུག་ལ་སྦྱར་ཡོད་པ་འདྲ་ཨང་། ད་དུང་དུས་སྟོན་སླེབས་པ་ན་ཕོ་བ་ན་རྒྱུ་ཞིག གང་ན་དཔེ་འདི་འདྲ་ཞིག་ཡོད་དམ། དོན་དུ་ངས་ཁྱོད་ལ་ཕོ་བ་ན་བཞིན་མེད་པ་ཤེས་ཡོད། ཤོད་དང་། ཅི་ཞིག་རེད།” ཅེས་བཤད་པ་ན། མཚོ་རྒྱལ་གྱིས་ཡུན་རིང་སྡུག་ངོ་བྱས་མཐར “དགོངས་པ་མ་འཚོམ། ངས་ཨ་ཁུ་དང་ཨ་ནེ་དྲན་ལ། ད་དུང་འདས་ཟིན་པའི་ཕ་མ་གཉིས་ཀ་ཧ་ཅང་དྲན་གྱིན་འདུག ང་གསོལ་སྟོན་མདུན་ཅོག་སྟེང་ནས་ངུས་ན་སྒྱུག་པོ་སྒྱུག་མོའི་ཐུགས་ཁམས་དཀྲུག་དོགས་པ་ཡིན།”ཟེར།
ངས་ཁོ་དམ་པོར་པང་སྟེ “ཅི་འདྲའི་གཅེས་ཕྲུག་གླེན་པ་ཞིག་རེད། ཁོང་ཚོ་དྲན་ན་ང་ཚོ་ལོ་སར་རྗེས་ནས་འུ་གཉིས་ལྟ་སྐོར་དུ་སོང་ན་མ་རེད་དམ། ཡང་གཅིག་བཤད་ན་ངས་ཁོང་གཉིས་ཅི་ལྟར་འཚོ་བཞིན་པ་དངོས་སུ་མཐོང་བར་འདོད་ཀྱིན་ཡོད།” ཅེས་པ་ན། མཚོ་རྒྱལ་གྱིས “དྲག་གི རི་ལམ་དེར་ཧ་ཅང་བགྲོད་དཀའ་བས་ཁྱོད་ཨ་ཐང་ཡང་ཐང་ཆད་རྒྱུ་རེད། རྗེས་ཕྱོགས་ལམ་ཡག་པོ་བཟོས། འུ་གཉིས་ལ་ཕྲུ་གུ་ཡོད་ན་ད་ངས་ཁྱོད་ཁྲིད་ནས་འགྲོ་ཆོག”ཟེར། ངའི་སེམས་ནས་བཤད་འདོད་པ་ནི་ང་ཚོར་ཕྲུ་གུ་ཡོད་རག་བར་དུ་ཁོང་གཉིས་འཇིག་རྟེན་འདིར་བཞུགས་ཐུབ་བམ་སྙམ་ཡང་། དེ་ལྟར་བཤད་མ་ཕོད་པར་ཁོང་རྣམས་ལ་དངོས་དངུལ་རེ་སྐུར་རྒྱུ་བྱས་པ་ཡིན།

༣ ལོ་གཞུག་མའི་ནང་མི་ཚང་འཛོམས་ཀྱི་སྐབས་སུ་ངས་ཕྱི་རོལ་ནས་བྱ་བ་བསྒྲུབ་ཀྱིན་ཡོད་པས་ཕྱིར་རང་ཁྱིམ་དུ་ལོག་མ་ཐུབ། ངས་མཚོ་རྒྱལ་དང་ཕ་མ་གཉིས་ཧ་ཅང་ཧ་ཅང་གིས་དྲན། ངས་མཚོ་རྒྱལ་ལ་ཁ་པར་བཏང་ནས་ལབ་གླེང་བྱས་པ་ཡིན། ངས་མཚོ་རྒྱལ་ཁྱོད་ཀྱིས་ང་དྲན་ནས་གཉིད་མི་ཁུག་ན་ཅི་ཞིག་བྱ་རྒྱུ་ཡིན་དྲིས་པར། ཁོས “དེས་ན་དྲ་ཞུགས་བྱེད་རྒྱུའམ་གློག་བརྙན་ལ་བལྟ་རྒྱུ་ཡིན། ད་དུང་ཐབས་ཤེས་མེད་ན་ཉལ་ནས་མིག་ཅེ་རེར་དྲན་ཅི་ཐུབ་ཅིག་དྲན་དུ་འཇུག་རྒྱུ་ཡིན” ཟེར། མཚན་མོ་དེར་ངེད་གཉིས་ཀྱིས་ཁ་པར་གྱི་གློག་སྣུམ་རྦད་དེ་རྫོགས་པའི་བར་དུ་ལབ་གླེང་བྱས། མགྲོན་ཁང་གི་མལ་སྒྲོམ་སྟེང་དུ་ཉལ་ནས་སྒེའུ་ཁུང་ཕྱི་རོལ་གྱི་དཀར་ཞིང་སྒོར་བའི་ཟླ་བ་ལ་བལྟས་ན་ང་གཏན་ནས་གཉིད་མི་ཁུག མིག་ཟུང་ཅེར་ཞིང་མཆི་མ་འདོན་བཞིན་མཚོ་རྒྱལ་དྲན། ཨ་ཕ་དྲན། ཨ་མ་དྲན།
མཚོ་རྒྱལ་ཡང་གཉིད་ཁུག་གིན་མེད་ན་ཕལ་ཆེར་དྲ་རྩེད་ཀྱི་རོལ་མཚོ་རུ་ཆས་ཀྱིན་མེད་དམ་སྙམ་ནས་ཡར་ལ་ལངས་ཏེ་གློག་ཀླད་ཀྱི་ཁ་ཕྱེས། ཁྱེའུ་འཕྲིན་གསར་བ་དྲ་མིང་ལ་ཁྱོད་ཀྱི་ཀློག་པ་པོ་ཟེར་བ་ཞིག་བཟོས་ནས་མཚོ་རྒྱལ་ལ་རྩེད་མོ་ཞིག་རྩེད་དགོས་སྙམ།འཚོལ་ཞིབ་བྱས་པ་ན་མཚོ་རྒྱལ་ཡང་དྲ་ཐོག་ཏུ་འདུག་པས་ངས་རང་འགུལ་གྱིས་དྲ་གྲོགས་རེ་སྐུལ་བྱས་པ་ན་ཁོས་དེ་མ་ཐག་ཏུ་ངོས་ལེན་བྱས་བྱུང་། ངས་ཁོ་ལ་འདི་འདྲའི་ནང་མི་ཚང་འཛོམས་ཀྱི་དུས་ཆེན་ཞིག་ལ་ཁྱོད་ཅི་ལ་དྲ་ཐོག་ཏུ་བག་གཡེང་ངང་རྒྱུ་བཞིན་ནམ་ཞེས་དྲིས་པའི་ལན་དུ། ངའི་ཟླ་མོ་ཕྱི་རོལ་དུ་ལས་ཀར་ཡོད་པའི་དབང་གིས་ང་གཉིད་མི་ཁུག་པས་དྲ་ཞུགས་བྱས་པ་ཡིན་ཟེར། སྐད་ཆ་དེས་ང་ཧ་ཅང་མགུ་བར་བྱས་ལ་སླར་ཡང “ཟླ་མོ་ཁྱིམ་དུ་མེད་ན་མཛའ་མོ་ཞིག་བཙལ་ནས་ཁོ་མོའི་ཚབ་བྱས་ན་ཆོག དཔེར་ན། དྲ་ཐོག་ནས་བརྩེ་བའི་སྙིང་གཏམ་གྲོལ་ཏེ་དགའ་སྐྱིད་མྱོང་པ་དང་་་ ་་་”ཞེས་བཏགས་པ་ན། ནམ་ཕྱེད་ཙམ་འགོར་རྗེས་ཁོས་གཞི་ནས “དགོངས་པ་མ་འཚོམ། གལ་ཏེ་ཁྱོད་ཀྱིས་མཛའ་གྲོགས་འཚོལ་གྱིན་ཡོད་ན་ཁྱོད་ཀྱི་འཚོལ་བྱ་དེ་ང་མིན།བདེ་མོ་བྱོས” དུམ་ཚན་དེ་བསྐུར་སོང་། “དགོངས་པ་ཁྱོན་ནས་མ་འཚོམ། ངས་དེའི་དོན་རྩ་བ་ནས་མིན། ཁྱོད་སྤོ་མ་ལངས” ཞེས་ཐག་ཐག་ཏུ་བཏགས་ཏེ་བསྐུར་བ་དང་ཡུད་ཙམ་ནས་ཁོས་ང་ལ་ཁྱོད་ཅི་ལ་དྲ་ཞུགས་བྱས་ཡོད་དྲིས་པར། ངས་ཕྱི་རོལ་ན་བྱ་བ་བསྒྲུབ་ཀྱིན་ཡོད། ད་ལྟ་ཨ་ཕ་དང་ཨ་མ་དྲན་གྱིན་འདུག དེ་སྔོན་ཟླ་བོ་ལ་ཁ་པར་བཏང་བ་ཡིན་མོད་ད་དུང་གཉིད་མི་ཁུག་པས་དྲ་ཞུགས་བྱས་པ་ཡིན་ཞེས་ལན་བསྐྱོན།
“ངས་ཀྱང་ཕ་མ་དྲན། གཉེན་དང་ཁ་ཐག་རིང་བས་གཉོར་སྐྱོང་བྱེད་ཐུབ་མི་འདུག” ཟེར། ངས “གཉེན་དང་ཁ་ཐག་རིང་བས་གཉོར་སྐྱོང་མི་ཐུབ་ཟེར་བ་ཅི་ཡི་དོན” ཞེས་སྐད་ཆ་དེ་བསྐྱར་ལོག་བྱས་པ་ཡིན། མཚོ་རྒྱལ་གྱི་སྐད་ཆ་དེས་ང་རེ་ཞིག་སོམ་ཉིར་ཚུད་སོང་།
“ཁྱེད་ཀྱི་མིང་ལ ‘ཁྱོད་ཀྱི་ཀློག་པ་པོ’ ཟེར་ན་དོ་དགོང་ཁྱོད་ཀྱིས་ང་ལན་གཅིག་ཀློགས་དང་། དོན་དག་ལ་ལ་ཞིག་ཡུན་རིང་སེམས་ལ་ཉར་ནས་ནད་དུ་འགྱུར་ཉེན་འདུག དེ་ལས་སེམས་དོན་ཕྱི་རུ་བཏོན་ན་དགེ་བ་ཞིག་འཐོབ་ཡོང་། མ་གཞི་འུ་གཉིས་ཕན་ཚུན་ངོ་མི་ཤེས་པས་ཁྱོད་ཀྱིས་གཏམ་རྒྱུད་ཅིག་ལ་ཉན་བཞིན་ཡོད་སོམས་དང་ཆོག” མཚོ་རྒྱལ་གྱིས་དེ་ལྟར་བྲིས་བྱུང་།
དེ་ལས་མཚོ་རྒྱལ་གྱིས་ནམ་རྒྱུན་དུ་དོན་དག་ཅིག་སྦ་གསང་བྱས་ཡོད་པ་ཤེས་སོང་ཡང་།དོན་དག་ཅི་ཞིག་སྦ་གསང་བྱས་ཡོད་དམ། མི་སེམས་ཀྱི་ལྐོག་གྱུར་དང་ལྐོག་གྱུར་གྱི་མི་སེམས་འདི་རང་གི་ཟླ་མོ་དང་ནང་མིར་མི་བཤད་པར་དྲ་ངོས་ཀྱི་སེམས་པ་རྒྱུས་མེད་ཅིག་ལ་སྟོན་དོན་ཅི་ཡིན་ནམ། མཚོ་རྒྱལ་གྱིས་ང་དང་ནང་མི་ཚོར་རྒྱབ་འགལ་གྱི་བྱ་བ་རེ་བསྒྲུབས་པ་ཡིན་ནམ། ཡང་ན་ང་དང་ངའི་ཕ་མ་ལ་ཡིད་རྟོན་མེད་པ་ཡིན།

༤ “ལོ་ངོ་སུམ་ཅུའི་ཡར་སྔོན་དུ། ངའི་ཨ་ཕ་ལོ་ལྔ་བཅུར་སླེབས་ལ་ཉེ་ཡང་གཉེན་སྒྲིག་མ་བྱས། རྒྱུ་མཚན་ནི་གཅིག་ནས་ཨ་ཕ་རྐང་ཏོ་ཡིན་པ་དང་། གཉིས་ནས་ཁྱིམ་ཚང་ཧ་ཅང་དབུལ་ཕོངས་ཡིན་པས་ཁོང་གི་མནའ་མ་བྱེད་འདོད་པའི་སྐྱེས་མ་ཞིག་མ་བྱུང་། རྗེས་སུ། གྲོང་པའི་ནང་དུ་རྒན་པོ་སྤྲང་པོ་ཞིག་གིས་བུ་མོ་ཞ་ར་ཞིག་ཁྲིད་ནས་སླེབས། རྒན་པོ་དེའི་ལུས་ལ་ནད་ལྕི་མོ་ཕོག་ཡོད་པས། ཨ་ཕས་སྙིང་རྗེ་གཟིགས་ནས་ངེད་ཚང་ནས་ངལ་གསོ་བྱེད་དུ་བཅུག བློ་ཡུལ་ལས་འདས་པ་ཞིག་ལ་རྒན་པོ་སྤྲང་པོ་དེ་གཏན་ནས་ལངས་རྒྱུ་མེད་སོང་བ་རེད། རྗེས་ནས་རྒན་པོའི་བུ་མོ་ཞ་ར་དེ་ངའི་ཨ་ཕའི་ཟླ་མོར་གྱུར་ནས་འཚོ་བ་གསར་བ་ཞིག་འགོ་བཙུགས་པ་རེད།
ལོ་གཉིས་ཀྱི་གཞུག་ཏུ་ང་སྐྱེས། ངེད་ཚང་གི་འཚོ་བ་ཤིན་ཏུ་ཞན་ན་ཡང་ངས་གཏན་ནས་ལྟོགས་ལྐོམ་མྱངས་མ་མྱོང་། ཕ་མ་གཉིས་ཀྱིས་ཞིང་ལས་མི་ཐུབ་པས་ཐོན་སྐྱེད་ཅི་ཡང་མེད་ན་ཡང་། གཞན་ལ་མ་རྨོས་ལོ་ཏོག་གི་ཤུན་བུ་བཤུ་གླ་བྱེད་པ་རེད། ཉིན་རེར་མ་རྨོས་ལོ་ཏོག་རྐང་བཅུ་གྲངས་རེའི་ཤུན་བུ་བཀོག་ན་མཛུབ་མགོ་རྨ་རུ་གྱུར་འགྲོ ཕྱི་ཉིན་ཡང་རྨ་རས་བརྒྱབས་ནས་སླར་ཡང་བཤུ་བ་རེད།
ང་སློབ་གྲྭར་གཏོང་ཆེད་དུ་ངེད་ཚང་གིས་དེ་མོ་གསུམ་གསོས། དེ་མོ་གཉིས་ཀྱི་སྒོ་ང་བཙོང་བ་དང་དེ་མོ་གཅིག་གི་སྒོ་ང་དེ་ང་ལ་ཟ་རུ་བཅུག ཨ་མས་མོ་རང་གྲོང་ཁྱེར་ནས་སློང་མོ་བྱེད་སྐབས་གོ་ཐོས་སུ་གྲོང་ཁྱེར་གྱི་སློབ་ཕྲུག་ཚང་མས་བྱ་སྒོང་ཟ་བཞིན་ཡོད་ཟེར་ལ། འུ་ཚང་གི་ཨ་བས་ཀྱང་ཟ་བཞིན་ཡོད་པས་མ་འོངས་པར་གྲོང་ཁྱེར་ནང་གི་བྱིས་པ་ལས་སྤྱང་གྲུང་འཛོམས་པོ་ཞིག་ཡོང་ངེས་རེད་ཟེར།
འོན་ཀྱང་ཕ་མ་གཉིས་ཀྱིས་སྒོ་ང་ཟ་རོགས་མི་བྱེད། ཐེངས་ཤིག་ཨ་མས་སྒོ་ང་སྔོ་སླང་དུ་བླུག་རྗེས་སྒོང་ཤུན་ནང་ལྕེ་ལྡག་བྱེད་བཞིན་པ་མཐོང་བས། ངས་ཅི་ཙམ་གྱིས་ཨུ་ཚུགས་ཀྱི་སྐུལ་མ་བྱས་ཀྱང་མོས་གཏན་ནས་ཟ་རོགས་མི་བྱེད། ཨ་ཕས་དེའི་དོན་གོ་ནས་ཁོང་ཁྲོ་རབ་ཏུ་ལངས་ཏེ་ཨ་མར་འཁར་བས་གཞུས།
ཟས་ཁམ་གང་ཡིན་ཡང་མཉམ་ཟ་མ་བྱས་ན་ངས་ཀྱང་ཟས་ཐུན་གཅིག་མི་ཟ་ཁོ་ཐག་ཡིན་ཞེས་བཤད་མཐར། ངེད་ཚང་གི་བཟའ་མི་གསུམ་པོས་ཟ་མ་མཉམ་དུ་ཟ་བར་ཁས་ལེན་བྱས་བྱུང་། འོན་ཀྱང་ཟས་ཐུན་རེ་རེའི་སྐབས་སུ་ཕ་མ་གཉིས་ཀྱིས་ཐུར་མས་སྒོ་ང་བརྔོས་མ་རེ་བླངས་ནས་སོ་ཡིས་རེག་ཙམ་བྱེད་པ་ཙམ་རེད།
གྲོང་ཚོའི་ནང་གི་རྒན་དར་གཞོན་བྱིས་ཚང་མས་ངའི་མིང་ནས་འབོད་མ་མྱོང། ཚང་མས་ང་ལ་ཞར་ཏོ་ཚང་གི་ཨ་བ་ཟེར། ཕ་མ་གཉིས་ཀྱིས་དེ་ལྟར་འབོད་ཀྱིན་པ་ཐོས་ན་སྲོག་ཕར་བསྔོས་ཀྱིས་འཐབ་འཁྲུག་བྱེད་ངེས་ཤིང་། ཨ་མས་མིག་གིས་མི་མཐོང་བས་ས་ཕག་བླངས་ནས་ལ་འཕེན་ལོང་འཕེན་བྱེད་པ་དང་། “གྲི་སྟོང་གིས་གསོད་རྒྱུ་ཚོ། ངེད་གཉིས་ཞར་ཏོ་ཡིན་ཡང་ཨ་བ་བདེ་ཐང་ཡིན། ཁྱོད་ཚོས་རྗེས་ནས་དེ་ལྟར་གཅིག་བོས་དང་ལྟད་མོ་ཡོད། རྗེས་ནས་ངའི་ཨ་བའི་དོ་ཟླ་ཨེ་ཡོང་ལྟོས་དང་་་ ་་་” ཞེས་ཡང་ཡང་བཟློ།

༥ སློབ་འབྲིང་མཐའ་རྒྱུགས་ཀྱི་ལོ་དེར་ཞར་ཏོའི་བུ་ངའི་རྫོང་ཡོངས་ནས་རྒྱུགས་འབྲས་ཨང་དང་པོ་བླངས་པའི་འཕྲིན་བཟང་གིས་གནས་སྐབས་སུ་ཕ་མ་གཉིས་དགའ་སྤྲོས་འགྲང་དུ་བཅུག སྡེ་བ་གཞུང་ནས་ངེད་ཚང་ལ་སློབ་གྲྭ་འགྲིམ་པའི་འགྲོ་གྲོན་ཆ་ཚང་གི་མཐུན་རྐྱེན་གནངས། ང་སློབ་གྲྭར་བསྐྱོད་པའི་ཉིན་མོ་དེར་ཨ་ཕ་ནི་མི་ཚེའི་ནང་གི་ཆེས་ཐོག་མར་རི་སྡེ་དེ་ནས་ཕྱི་རུ་ཐོན་པ་རེད། རླངས་འཁོར་དུ་ཞུགས་སྐབས་ངའི་མིག་ཆུའི་ཕྲེང་ཐག་ཆད་སོང་། ཨ་ཕས་ལག་པ་ཡ་གཅིག་འཁར་བ་ལ་འཁྲེན་ཞིང་། ལག་པ་ཡ་གཅིག་གིས་ང་ཡི་མིག་ཆུ་འབྱིད་ཞོར་དུ “ཨ་ཕའི་ལོ་ལོ། གྲོང་ཁྱེར་དུ་སོང་ནས་སློབ་སྦྱོང་ཡག་པོ་བྱོས། རྗེས་སུ་ལས་བྱེད་པར་འགྱུར་རྗེས་མནའ་མ་ལོངས། ཁྱོད་ཀྱི་ཕ་མའི་སྐོར་ནས་སྐད་ཆ་འདྲི་མཁན་བྱུང་ན་རང་ཉིད་དྭ་ཕྲུག་ཅིག་ཡིན། ཕ་མ་མེད་ཅེས་ཤོད་མ་གཏོགས་གཞན་གྱིས་མཐོང་ཆུང་བྱེད་ངེས་ལ་ལྷག་པར་དུ་ཟླ་མོ་ཞིག་ཀྱང་མི་རྙེད། ཁྱོད་ཀྱིས་སྐྱ་ཡ་ཞིག་མ་རྙེད་ན་ངས་ཡབ་མེས་རྣམས་ཀྱི་ཞལ་ངོ་ཅི་ལྟར་མཇལ།”ཟེར།
“ཨ་ཕ། དེ་འདྲའི་བཤད་སྲོལ་ཞིག་གང་ན་ཡོད། ཨ་བ་གོོག་འགྲོས་ཤེས་ཙམ་ནས་རང་གི་ཕ་མ་བརྗེད་སྲོལ་ཞིག” ཅེས་ཨ་ཕར་མུ་མཐུད་བཤད་དུ་མ་བཅུག་ཀྱང་ཨ་མས་ངས་ཚིག་མཚམས་བཅད་ནས “ཨ་ཕའི་སྐད་ཆ་བདེན་པ་རེད། སློབ་གྲྭའི་ནང་ནས་གཞན་གྱིས་ཁྱོད་ལ་མཐོང་ཆུང་བྱས་པ་བརྗེད་སོང་བ་ཡིན་ནམ། ཁྱོད་ཞར་ཏོ་ཚང་གི་ཨ་བ་ཡིན་པས་གཞན་གྱིས་མིག་འོག་ལ་མི་འཇོག་པ་མ་ཟད། དང་ཐོག་དགེ་རྒན་ཚོས་ཀྱང་ཁྱོད་ལ་ལྟ་སྟངས་འཛིན་པ་མི་དྲན་ནམ། རྗེས་ཕྱོགས་ཁྱོད་ཀྱིས་གྲོང་ཁྱེར་ནས་མནའ་མ་ཞིག་བླང་ནས་ཁྱིམ་དུ་འོང་ན། ངེད་གཉིས་ནི་ཁྱོད་ཀྱི་ཨ་ཁུ་དང་ཨ་ནེ་རེད་ཟེར་དགོས” ཞེས་བཤད་མཚམས་སུ་མིག་ཆུ་ཁྲོམ་ཁྲོམ་དུ་བཞུར་བྱུང་། ཨ་ཕས་སླར་ཡང “མནའ་མ་ཁྱིམ་དུ་འཁྲིད་མི་ཉན། འཁྲིད་ཡོང་ན་ཨ་མ་ངུ་དགའ་མ་འདིས་གསང་བ་ཡོད་ཚད་འཆོར་འགྲོ གྲོང་ཁྱེར་ནས་འཚོ་བ་གསར་བ་ཞིག་སྐྱེལ་དང་། ངེད་གཉིས་འགྲིག་འགྲོ་ནི་རེད” ཟེར་ཞོར་དུ་ངའི་རུམ་ལ་སྒོ་ང་བཙོས་མ་བཅུ་བླུགས་ནས་ཁོང་གཉིས་ཁ་ཕྱིར་འཁོར་ནས་བུད་སོང་།

༦ ངའི་མིག་ཆུ་མར་ནས་མར་དུ་བཞུར་བྱུང་། ཡན་ལག་མ་ཚང་བ་དེ་ཁོང་གཉིས་ཀྱི་ནོར་འཁྲུལ་ཅི་ཡང་མ་རེད། གནམ་རྒན་མས་ཁོང་གཉིས་ལ་འདྲ་མཉམ་གྱི་སྤྱན་ཟུང་གིས་མ་གཟིགས་པ་རེད། འོན་ཀྱང་ཁོང་གཉིས་ལ་མཛེས་སྡུག་ལྡན་པའི་བྱིས་པ་མཚོ་རྒྱལ་ཡོད་ནས་ང་ལ་གནང་བ་རེད། མཚོ་རྒྱལ་གླེན་ཕྲུག་ཁོ་ལ་དེ་འདྲའི་ཕ་མ་ཞིག་ཡོད་པས། ད་ནི་མཛེས་སྡུག་དེ་ཡང་མཛེས་སྡུག་ཅིག་ཏུ་མཐོང་ཐབས་གཏན་ནས་མི་འདུག ང་རླུང་ལངས་སོང་། ཁོས་ང་ལ་ཅི་འདྲའི་གློ་མེད་ཅིག་བྱས་འདུག མཐོང་ཆུང་ཞིག་བྱས་འདུག
“འོ་ན་ཁྱོད་ཀྱིས་མཟའ་ཟླ་ལ་ཁྱོད་ཀྱི་ཨ་ཁུ་ཨ་ནེའི་སྐོར་བཤད་ཡོད་དམ” ངས་ཐིག་ཕྲེང་འདི་བསྐུར་བ་ཡིན།
“སྤྱིར་བཏང་ངས་བསམ་པར་ཟླ་མོས་ང་དང་གཉེན་བསྒྲིག་དགོས་པ་ལས། ངའི་ཕ་མར་གཉེན་བསྒྲིག་དགོས་པ་མིན་པས་ཕ་མ་ངོས་ལེན་བྱེད་མི་ཐུབ་དོན་མེད་སྙམ་མོད། འོན་ཀྱང་། ཕྱི་རུ་བསྐྱོད་ནས་མི་ལོ་བཅུ་ཡི་རིང་དུ་ཕ་མ་གཉིས་ངའི་སློབ་གྲྭའི་ནང་དུ་ཐེངས་གཅིག་ཀྱང་ཡོང་མ་མྱོང་། བྱ་བ་གཉེར་འགོ་ཚུགས་པའི་ལོ་དེར། ངས་ཁོང་གཉིས་གྲོང་ཁྱེར་དུ་སྤྲོ་འཆམ་དུ་འཁྲིད་རྩིས་བྱས་མོད་འཐད་པ་མི་འདུག གཞན་གྱིས་ངའི་ཕ་མ་གཉིས་ཀ་དབང་ལག་སྐྱོན་ཅན་ཡིན་པ་ཤེས་ན་ངའི་གདོང་ལ་སོལ་ནག་བྱུགས་པ་རེད། རྗེས་ཕྱོགས་ཟླ་མོ་འཚོལ་བར་ཤུགས་རྐྱེན་འབྱུང་ངེས་ཀྱང་རེད། མི་ཚེ་ཧྲིལ་བོར་རི་གྲོང་ནས་འཚོ་བར་གོམས་སོང་བས་ཕྱི་རུ་བསྐྱོད་འདོད་མི་འདུག་ཟེར། ཨ་མས་མོ་ནི་གྲོང་ཁྱེར་ནས་ཡོང་བ་ཡིན་ལ་གྲོང་ཁྱེར་དུ་ཡིད་སྨོན་ཤོར་ས་ཞིག་མ་མཐོང་ཟེར།
རྗེས་ནས་ངས་མཛའ་གྲོགས་བསྒྲིགས་པ་ཡིན་ལ། བར་མཚམས་ཤིག་ནས་ངས་ཁོ་མོ་ཁྲིད་ནས་ཕ་ཡུལ་དུ་སོང་བ་ཡིན། བློ་ཡུལ་ལས་འདས་པ་ཞིག་ལ་དགོང་མོ་དེར་ཁོ་མོས་ནུབ་ཟས་ཀྱང་མ་ཟོས་པར་བུད་སོང་། ངས་ཁོ་མོའི་རྗེས་བསྙེགས་ནས་སོང་ཡང་། ད་དུང་ངེད་ཚང་ལ་དབང་ལག་སྐྱོན་ཅན་གྱི་རིགས་རྒྱུད་ཡོད་ཚོད་འདུག་པས། རྗེས་སོར་བྱིས་པ་བདེ་ཐང་ཅན་ཞིག་སྐྱེས་ཐུབ་རྒྱུ་མ་རེད་སོགས་བཤད་སོང་བས་ང་ཁོང་ཁྲོ་གཏིང་ནས་ལངས་ཏེ་ཁོ་མོ་འགྲོ་རུ་བཅུག་པ་ཡིན། ཅི་ཙམ་རྒྱང་ཐག་རིང་པོར་འགྲོ་ཐུབ་ན་དེ་ཙམ་གྱིས་རྒྱུགས་ཏུ་བཅུག་པ་ཡིན།
ཕྱིར་ཁྱིམ་དུ་འབྱོར་དུས་ཨ་མ་དེ་རུ་ངུ་བཞིན་འདུག ཨ་ཕས་ངས་ཁོང་ཚོའི་ཁ་ཏར་མི་ཉན་པ་མ་ཟད་ངེད་ཚང་ལ་ཆག་སྒོ་གནམ་གྱིས་མི་ཐེག་པ་ཞིག་བཟོས་སོང་ཞེས་ངུ་ངག་དང་བཅས་ཏེ་གཤེ་གཤེ་བཏང་བྱུང་།
རྗེས་ནས་ང་མཛའ་མོ་གཉིས་པ་དང་ཐུག་བྱུང་། དེ་ནི་ད་ལྟའི་ངའི་བཟའ་ཟླ་མོ་རེད། ང་ཁོ་མོར་ཤིན་ཏུ་དགའ་སྟེ་རྨི་ལམ་དུ་ཡང་ཁོ་མོ་ཤོར་བར་དོགས་ཀྱིན་ཡོད། ཁོ་མོ་ཁྱིམ་ཚང་ཕྱུག་པོ་ཞིག་གི་གཅེས་ཕྲུག་རེད་ལ། གཉེན་ཉེ་ཚང་མའང་གོང་རིམ་པ་རྐྱང་རྐྱང་རེད། ངས་སྔོན་གྱི་ཉམས་མྱོང་བསམ་ན་ཁོང་ཚོར་འོས་མེད་བྱེད་དོགས་ན་ཡང་ལོ་སར་གྱི་ནང་མི་ཚང་འཛོམས་སྐབས་ཤར་བ་ན་ངས་ཕ་མ་གཉིས་དྲན་ནས་བཟོད་ཐུབ་མི་འདུག”
“དེས་ན་ཁྱོད་ཀྱིས་དོན་དག་དེ་གདོད་ནས་ཟླ་མོར་སྦ་གསང་བྱེད་རྒྱུ་ཡིན་ནམ། ཡང་གཅིག་བྱས་ན་ཁོ་མོས་དེ་དག་ལ་མོས་མཐུན་བྱེད་ནའང་ཐང་།”
“ངས་བཤད་མ་མྱོང་ལ་ཤོད་ཀྱང་མི་ཕོད། གལ་སྲིད་ཁོ་མོས་མོས་མཐུན་བྱས་ཀྱང་ངས་བསམ་ན་སྒྱུག་མོས་ངོས་ལེན་བྱེད་རྒྱུ་མ་རེད། ང་ཁོང་ཚོ་དང་ཁྱིམ་གཅིག་ཏུ་བསྡད་ཡོད་ལ་སྒྱུག་པོ་ནི་ཕྱི་སྡེ་བའི་སྔུན་ན་ཁ་ལས་དབང་ཐང་ཅན་གྱི་མི་ཞིག་ཡིན་པས་གལ་ཏེ་ངའི་ཕ་མ་གཉིས་ཡོང་ན་ཁོང་གི་ཞལ་ལ་སོལ་ནག་བྱུགས་པ་མ་ཡིན་ནམ། ངས་ཀྱང་ཕྱི་རོལ་ནས་བྱ་བ་བསྒྲུབ་ཞོར་དུ་ཁོང་གཉིས་ལ་ལྟ་སྐོར་རེ་བྱེད་རྒྱུ་དེ་རེད། ཁྱོད་ཀྱིས་ངའི་སྐད་ཆ་མང་པོ་འདི་ལ་ཉན་པར་ཐུགས་རྗེ་ཆེ། ད་ལྟ་ངའི་སེམས་ཀྱང་ཇེ་བདེ་ལ་རྫོགས་མེད་ཅིག་བུད་སོང་”ཞེས་བྲིས་ཏེ་གླེང་མོལ་བྱེད་མཚམས་བཞག་སོང་།
དྲ་ཐོག་ལས་བབས་ཀྱང་ངས་ད་དུང་ཕྲུ་གུའི་ཨ་མ་བཙོག་མིན་དང་སྒོ་ཁྱིའི་བདག་པོ་དབུལ་མིན་ལ་མི་བལྟ་ཟེར་བ་དེ་མ་ཚོར། ལྟོས་དང་། ང་འདི་ཇི་འདྲ་འདྲའི་མི་ཞིག་རེད། ངས་མཚོ་རྒྱལ་ཅི་བྱ་གཏོལ་མེད་དུ་གྱུར་ཚུལ་དང་ཁོའི་ཕ་མ་གཉིས་ཀྱི་ཡ་ང་བའི་གནས་སྟངས་ལ་བསམ་ཤེས་ཐུབ་སོང་ཡང་། ཅི་ལ་ང་རྐྱེན་ངན་འདིའི་ནང་དུ་བརྫངས་པ་རེད།

༧ ཤར་མཐའ་བཀྱགས་བྱུང་། ངས་ལས་གཙོའི་སྒོ་བརྡུང་སྟེ་ང་གློ་བུར་བའི་དོན་རྐྱེན་ཞིག་ལ་ཕྲད་བྱུང་བས་ལས་དོན་རྣམས་ཁོང་གཅིག་པུས་ཐུགས་འགན་བཞེས་དགོས་ཚུལ་ཞུས་པ་ཡིན། དེ་ནས་འགྲོ་འཚག་སྟབས་བདེ་ཞིག་བྱས་ནས་ཐད་ཀར་མེ་འཁོར་འབབ་ཚུགས་སུ་བརྒྱུགས་ནས་སོང་།
རི་ལམ་དེ་ནི་དངོས་གནས་བགྲོད་དཀའ་བ་ཞིག་རེད། དང་ཐོག་རྐང་པར་སྟོབས་ཤུགས་ཅུང་ཙམ་ཡོད་ཀྱང་རྐང་ངོས་སུ་ཆུ་སྦུར་ཐོན་ཏེ་གོམ་པ་གང་སྤོ་བར་ན་ཟུག་ཁྲི་མ་འབུམ་ཅིག་མྱོང་དགོས། ཉིན་གོང་གི་མཚམས་སུ་ཉི་མས་ཚ་གདུང་མེ་འོབས་དང་འདྲ།དབུགས་ཧལ་ཧལ་གྱིས་བགྲོད་ལ་རྒྱབ་ཁུག་ནང་གི་ཆུ་ཡང་འཐུང་ནས་ཚར་ལ་ཁད་འདུག ད་དུང་མདུན་གྱི་ལམ་ཕྲན་དེར་ཅི་ཙམ་འགྲོ་དགོས་པ་ཆ་མ་འཚལ། ལྷམ་གོག་ཕུད་ནས་ཆུ་སྦུར་བཙུར། ན་ཟུག་གི་ངུ་འབོད་བྱེད་དགོས་བྱུང་། མཚོ་རྒྱལ་ལ་ཁ་པར་བཏང་ནས་ང་རང་ཕྱིར་ཁྱིམ་དུ་འཁྲིད་ཟེར་འདོད་མོད། ཨུ་ཚུགས་ཀྱིས་ལུག་རྭའི་མེ་ཏོག་ལྷམ་འཚང་བྱས་མཐར་རྐང་མཐིལ་དུ་ཅུང་བདེ་བའི་ཚོར་སྣང་ཞིག་བསྐྲུན་བྱུང་། མཚོ་རྒྱལ་གྱི་ཕ་མ་གཉིས་བསམ་ན་རྐང་པའི་ན་ཟུག་ནི་ཡུད་ཙམ་ལ་བརྗེད་འགྲོ ཡར་ལངས་ནས་མུ་མཐུད་མདུན་ཕྱོགས་ཀྱི་རི་ལམ་དེད་ནས་སོང་།
སྡེ་དཔོན་རྒན་པོས་ང་མཚོ་རྒྱལ་ཚང་གི་ཕྱོགས་སུ་ཁྲིད་དུས། སྲོད་ཁའི་མཚམས་སྤྲིན་དམར་པོའི་འོད་ཞགས་ཁོ་ཚང་གི་སྒོ་རའི་ནང་གི་རྒྱ་ཤུག་ལ་ཕོག་འདུག དེ་ཡི་འོག་ཏུ་ཨ་ཁུ་་་ཨོ་མ་རེད་་་མཚོ་རྒྱལ་གྱི་ཨ་ཕ། སྒྱུག་པོ་ནི་གཉེན་ཐོག་ནས་མཐོང་སྐབས་དང་བསྡུར་ན་ཤིན་ཏུ་ཤིན་ཏུ་རང་རྒས་འདུག མ་རྨོས་ལོ་ཏོག་ཅིག་བཤུ་བཞིན་པའི་སྒང་རེད། འཁར་དབྱུག་དེ་ཁོང་གི་རྐང་པ་དུམ་ཐོ་དེའི་སྟེང་དུ་ལྷིང་འཇག་གེར་བསྔས་འདུག སྒྱུག་མོ་ཐང་ལ་ཙོག་ནས་གཙང་བཟོ་བྱས་ཚར་བའི་ལོ་ཏོག་དག་བསྡུ་གྲབས་བྱེད་ཀྱིན་འདུག ཐང་དུ་ལག་མྱང་ཡང་ནས་ཡང་དུ་བྱེད་བཞིན་པའི་ཉམས་སྣང་དེ་་་ ་་་
འདི་ནི་རི་མོ་ཞིག་དང་ཀུན་ནས་མཚུངས། རི་མོའི་ཁྲོད་དུ་འཇིག་རྟེན་འདིར་ཆེས་ཡིད་དུ་འོང་བའི་ཕ་མ་ཟུང་་་ ་་་
ང་གོམ་པ་རེ་རེ་བཞིན་ཁོང་རྣམ་གྱི་ཕྱོགས་སུ་ཆས་པ་ན། སྒྱུག་པོས་མཐོང་སྟེ་ལག་གི་མ་རྨོས་ལོ་ཏོག་ཐང་ལ་འཐོར་ཞིང་ཁ་ལུང་ཁོག་འདྲ་ཞིག་གདངས་ནས “ཁྱོད་་་ ཁྱོད་་་ ཁྱོད་ཡོང་དོན་ཅི་ཡིན།” སྒྱུག་མོས་གམ་ནས “ཁོའི་ཨ་ཕ། སུ་ཐོན་སོང་། མཚོ་་་ མཚོ་རྒྱལ་ཚང་གི ཨཱ་་་ གང་ན” ཞེས་འཚུབ་འདྲི་བྱེད། སྒྱུག་མོས་ངའི་ཕྱོགས་སུ་ལ་མྱང་ལོང་མྱང་བྱས་ནས་ཡོང་། ངས་རྒྱབ་ཁུག་ཐང་ལ་གཡུགས་ཏེ་ཁོང་མོའི་ལག་མགོ་འཇུས། ཁོང་གཉིས་ཀྱི་མདུན་ནས་སྐྱོ་གདུང་ཟབ་མོ་དང་བཅས་པུས་མོ་ས་ལ་བཙུགས་ནས“སྒྱུག་པོ། སྒྱུག་མོ། ང་ཁྱེད་གཉིས་བསུ་རུ་ཡོང་བ་ཡིན” ཞེས་ཞུས།
སྒྱུག་པོས་གློ་ལུ་རེ་གཉིས་བརྒྱབ་པ་དང་རྒས་གཉེར་གྱིས་ཁེངས་པའི་ངོ་གདོང་ལས་མཆི་མ་མར་མར་དུ་འབབ་ཀྱིན “ངུ་བཞིན་བཤད་མྱོང་མོ། ངུ་བཞིན་་ཨ་བ་འདི་གཉོར་ན་གཉོར་རིན་ཡོད་ལེ་རེད” ཟེར། སྒྱུག་མོས་ལག་ཟུང་རང་ལུས་སུ་གཙང་ཕྱི་ཞིག་བྱས་ནས་ང་ཡི་ལག་མགོར་དམ་པོར་འཐམས། ཁོང་མོའི་གཏིང་དུ་འཛུལ་བའི་མིག་ཀོང་ལས་མཆི་མའི་འབབ་རྒྱུན་ནི་ང་ཡི་གོང་བའི་ནང་དུ་བབས་བྱུང་།
ངས་སྒྱུག་པོ་སྒྱུག་མོ་གཉིས་ཕྱིར་གྲོང་ཁྱེར་དུ་ཁྲིད་འགྲོ་སྐབས་གནའ་བོའི་རི་སྡེ་ཆུང་ཆུང་དེ་ཤོག་སྦག་འགད་སྒྲས་འུར་ཆི་ལེར་བགྱིས་ནས་ཁོང་རྣམ་གཉིས་ལ་སྤོབས་པ་དང་སྤྲོ་བ་སྟེར་བ་ཡིན།
མཚོ་རྒྱལ་གྱིས་སྒོ་ཕྱེས་ནས་ཁོ་པའི་ཕ་མ་གཉིས་ངའི་གཡས་ཟུར་གཡོན་ཟུར་ན་ཡོད་པ་མཐོང་ཙ་ན། ཡུད་ཙམ་ལ་ཁ་གདངས་ཤིང་ངག་བོར་ནས་ལངས་ཏེ་འདུག ངས “མཚོ་རྒྱལ། ང་ནི ‘ཁྱོད་ཀྱི་ཀློག་པ་པོ’ ཞེས་པའི་དྲ་གྲོགས་དེ་ཡིན། ངས་འུ་ཚང་གི་ཕ་མ་གཉིས་བསུས་ཡོང་བ་ཡིན། འདི་འདྲའི་ཕ་མ་ཡིད་དུ་འོང་བ་གཉིས་ཁྱོད་ཀྱིས་ཅི་ལྟར་རི་གྲོང་དུ་འཇོག་ཐུབ་པ་རེད” ཅེས་བཤད།
མཚོ་རྒྱལ་གྱིས་ངུ་ངག་དང་བཅས “བཀའ་དྲིན་ཆེ། བཀའ་དྲིན་ཆེ།” ཟེར་བཞིན་ང་ལ་དམ་དུ་འཁྱུད། ཁོ་པའི་ཨ་མ་དང་འདྲ་བར་མིག་ཆུའི་ཐིགས་པ་རེ་རེ་ངའི་གོང་བའི་ནང་དུ་ཚ་ལམ་ལམ་དུ་བབས།
མི་ཞིག་ཡིན་པའི་ངོས་ནས་གལ་ཆེན་ནང་གི་དོན་ཆེན་ནི་དྲིན་གཟོ་དང་། དྲིན་ཆེན་ལ་བཀུར་བསྟི་བྱེད་དགོས་པ་དེ་རེད།
མཚོ་རྒྱལ་གྱིས་ཕ་མ་གཉིས་རྒྱང་གཡུག་བྱས་པ་ནི་ཕ་མ་ཟུང་གིས་ཁོ་གཅིག་པུའི་སླད་དུ། མ་འོངས་བདེ་སྐྱིད་འཚོl་བ་དང་། བཟའ་ཟླ་ཞིག་འཚོལ་བའི་གདམས་པ་ནན་མོ་གནངས་ཕྱིར། མཚོ་རྒྱལ་གྱིས་བཀའ་བཞིན་བརྩིས་པ་རེད། མཐར་རང་ཉིད་ཀྱི་ཟླ་མོ་དང་ལྷན་དུ་ཕ་མ་ནང་མི་ཚང་འཛོམས་ཀྱི་རྨི་ལམ་དེ་མངོན་འགྱུར་བྱུང་བ་དང་། ཕ་མ་བུ་ཕྲུག་གི་བརྩེ་ཞེན་འཁྱིལ་བའི་གཏམ་རྒྱུད་འདིས་གནམ་འོག་གི་མི་སེམས་སྒུལ་བར་བྱེད།

གལ་ཏེ་ཉིན་ཞིག ཁྱོད་ཀྱིས་ཨ་ཕའི་ལྗོན་རྩེའི་མེ་ཏོག་འཐོར་ཞིང་ལོ་འདབ་ལ་སེར་ཐིག་བབ་པ་ཚོར་ན།
གལ་ཏེ་ཉིན་ཞིག ཁྱོད་ཀྱིས་ཨ་མའི་གཡོས་སྦྱོར་བྱས་པའི་ལག་ཟས་ལ་བྲོ་བ་དེ་འདྲ་མི་ཞིམ་པ་ཚོར་ན།
གལ་ཏེ་ཉིན་ཞིག གོམས་འདྲིས་རེ་ཟུང་སྔར་བཞིན་གོམས་འདྲིས་ཤིག་ཏུ་མི་འཛིན་ན། དཔེར་ན་ཁོང་གཉིས་སྔར་བཞིན་ཉིན་ལྟར་ཁྲུས་བྱེད་པར་མི་དགའ་བ་ཚོར་ན།
གལ་ཏེ་ཉིན་ཞིག ཁྱོད་ཀྱིས་ཕ་མ་གཉིས་སྔར་བཞིན་སྔོ་ཚོད་ཟ་བར་མི་དགའ་བ་ཚོར་ན།
གལ་ཏེ་ཉིན་ཞིག ཁྱོད་ཀྱིས་ཕ་མ་གཉིས་ཟས་སླ་མོ་ཟ་བར་དགའ་བ་ཚོར་ན།
གལ་ཏེ་ཉིན་ཞིག ཁྱོད་ཀྱིས་ཕ་མ་གཉིས་འབྲས་ཐུག་འཐུང་བར་དགའ་བ་ཚོར་ན།
གལ་ཏེ་དེ་འདྲའི་ཉིན་ཞིག་ཡོད་ན། ངས་ཁྱོད་ལ་བཤད། དེ་ནི་ཁྱོད་ཀྱི་ཕ་མ་གཉིས་དངོས་གནས་རྒས་ཟིན་པའི་རྟགས་མཚན་རེད། ཕ་མ་གཉིས་ལ་ཡང་ཡང་དུ་ལྟ་སྐོར་བྱེད་རྒྱུ་མ་བརྗེད། ཁོང་རྣམ་ལ་བུ་ཕྲུག་གིས་རྒྱང་གཡུག་བྱས་སོང་པའི་སྐྱོ་བ་མ་བསྐྲུན་ལ།ཕ་མར་གཅེས་སྐྱོང་བྱེད་པ་ནི་རང་ཉིད་ཀྱི་མ་འོངས་པར་གཅེས་སྐྱོང་བྱེད་པ་དང་གཅིག་མཚུངས་རེད། དྲིན་ལན་གཞལ་ན་དུས་ཐོག་ཏུ་འཇལ་དགོས་པ་རེད།
ལྗོན་པས་ཞོད་འཇག་བསམ་ཡང་།།
རླུང་གི་འཚུབ་ཁ་རྒོད་སོང་།།
བུ་ཡིས་དྲིན་གཟོ་བསམ་ཡང་།།
ཕ་མ་བཞུགས་ཡུན་མ་རིང་།།
ཡུལ་ནས་རྒྱང་དུ་གྱེས་པའི་སྤུན་ཟླ་ཚོས་སྔ་ས་ནས་ཕ་མའི་དྲིན་ལ་དྲིནལན་གཟོ་ཐུབ་པའི་སྨོན་འདུན་ཞུ།
སྙིང་ཉེ་བའི་གྲོགས་པོ་ལགས
ཁྱོད་ཀྱིས་འདི་ནི་རིན་ཐང་ཅན་གྱི་རྩོམ་ཡིག་ཅིག་ཏུ་ཁས་འཆེས་ན་འགྲིག དེ་བཞིན་འདི་ནི་བརྩེ་ཞེན་རབ་ཏུ་འཁྱིལ་བའི་རྩོམ་ཡིག་ཅིག་སྟེ། ཁྱོད་ཀྱིས་ཀློག་ཐུབ་པ་དང་རྩོམ་ཡིག་འདི་བྱུང་བའི་རྒྱུ་མཚན་ནི་གཞན་གྱིས་ཕྱི་ནང་མེད་པར་རྒྱུད་སྤེལ་བྱས་པའི་བཀའ་དྲིན་ཉག་ཅིག་རེད།
དེས་ན་ཁྱོད་ཀྱིས་ཀྱང་རྩོམ་ཡིག་འདི་བརྒྱུད་སྐུར་གང་མང་བྱེད་རོགས།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།