ThuAugThu2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

ཕྲུ་གུ་གུ་ཡངས་ཀྱིས་སྐྱོང་དགོས།

ཕྲུ་གུ་གུ་ཡངས་ཀྱིས་སྐྱོང་དགོས།

ན་ནིང་དབྱར་དུས་ངའི་བུ་མོ་ཨ་རིར་འབྱོར་བའི་ཉིན་ཞིག་གི་ཞོགས་པར་མོ་རང་ཁེར་རྐྱང་གིས་ཕྱི་ལ་སོང་ནས་ས་གནས་གསར་པ་རེ་འཚོལ་སྙེག་ཏུ་སོང་འདུག མོ་རང་སྒོའི་ཕྱིར་སོང་བའི་སྐོར་ངེད་ཕ་མ་གཉིས་ལའང་བཤད་མ་སོང་།

ངེད་གཉིས་དེར་སེམས་འཁུར་ལོས་ཡོང་། ང་ཚོ་བཱོ་ལིང་ Berlin ནས་འདིར་སྤོས་ཚར་ཙམ་ཡིན་ལ་ངའི་བུ་མོའང་རང་ལོ་ ༨ སོན་ཙམ་རེད།
ཡིན་ཡང་དེ་རྗེས་མོ་རང་ཕྱིར་ཁྱིམ་དུ་འཁོར་བྱུང་བས་ངེད་ཕ་མ་གཉིས་སེམས་འཁུར་དང་ཞེད་སྣང་སྐྱེ་བའི་རྒྱུ་མཚན་མེད། བུ་མོ་འཛུམ་དང་སྤོབས་པ་ལྡན་པའི་སྒོ་ནས་ངེད་ཕ་མ་གཉིས་དང་མོའི་གཅེན་མོར་སོ་སོས་ཁྲོམ་ལམ་ཀྱོག་མཚམས་ནས་ལྡུམ་ར་ཆུང་ཆུང་དེ་ཇི་ལྟར་རྙེད་ཡོད་མེད་སྐོར་བཤད་ཅིང་། ད་དུང་དེར་ས་གནས་རང་དུ་ཁྱི་འཁྲིད་དེ་འཁྱམ་འཁྱམ་དུ་འགྲོ་མཁན་གྱི་གྲོགས་པོ་གཞན་ཡང་རག་འདུག བུ་མོ་སོ་སོའི་ཁོར་ཡུག་གསར་པར་རྒྱུས་ལོན་བྱས་ཤིང་ང་ཚོས་མི་ཤེས་པའི་གནས་ཚུལ་འགའ་བཤད་འདོད་ཤུགས་ཆེན་བྱེད་ཀྱི་འདུག

ང་ཚོ་ཨ་རིའི་གྲོགས་པོ་དང་ཁ་བརྡ་བྱེད་དུས་གནས་ཚུལ་འདིའི་སྐོར་བཤད་རྒྱུ་བྱུང་། གྲོགས་པོ་ཚོས་གུས་ཞབས་དང་བཅས་དེར་ཡིད་མི་ཆེས་པའི་རྣམ་འགྱུར་བཏོན་གྱི་འདུག ཕྲུ་གུར་མི་རྒན་པས་ལྟ་རྟོགས་མེད་པའི་འོག་གང་སར་འཁྱམ་སོང་ན་མི་མང་ཆེར་དེར་འཇིགས་སྣང་སྐྱེ་སྲིད་པ་རེད། ང་ཚོ་བཱོ་ལིང་གྲོང་ཁྱེར་དབུས་སུ་སྡོད་ཅིང་ང་ཚོའི་བུ་མོས་སོ་སོས་ས་འོག་ལྕགས་ལམ་དུའང་འགྲོ་ཆོག

འོན་ཀྱང་འདི་ནི་ཨ་རིའི་ཝཱ་ཤིང་ཊོན་དུ་རྩ་བ་ནས་མི་ཆོག་པའི་བྱ་བ་ཞིག་ཡིན། བུ་མོ་ཚོའང་སོ་སོ་རྩེད་མོའི་ར་བར་འགྲོ་ཆོག་ལ། དེ་མིན་མཱིལ་ mile ༡ གི་མཚམས་ཀྱི་སར་པཱི་ནོ་ piano རོལ་དབྱངས་སྦྱོང་སའང་འགྲོ་ཆོག འོན་ཀྱང་ཝཱ་ཤིང་ཊོན་གྱི་ལྷིང་འཇགས་དང་འགྲེམ་འགྲུལ་བདེ་འཇགས་ཡོད་པའི་གྲོང་རྡལ་དུ་བུ་མོར་ཁྲོམ་དུ་མཉམ་དུ་རྩེད་མོ་རྩེད་རོགས་ཀྱི་ཕྲུ་གུ་གཞན་བཙལ་མི་ཐུབ།

ཧཱོ་ལི་ཝུན་དུ་ Halloween ས་ཆེན་གྱི་མཚན་མོར་མི་ཚང་མ་ཕྱིར་དོན་ནས་མངར་མོ་མ་སྤྲོད་ན་ཟིང་སློང་གི་ཡིན། ཞེས་པའི་རྩེད་མོ་དེ་རྩེ་སྐབས་ང་ཚོས་དེར་ཕྲུ་གུ་མང་པོ་ཡོད་པ་མཐོང་སོང་། ཡིན་ཡང་ང་ཚོས་དེ་སྔོན་ཕྲུ་གུ་དེ་དག་མཐོང་མྱོང་མེད་པས་དེར་ཧ་ལས་བྱུང་།

ཀཱི་ལུན་ཧྥོ་ཉི་ཡ་སློབ་ཆེན་ University of California གྱི་ཡན་ལག་སློབ་གྲྭ་ལཱོ་སན་ཅིལ་ Los Angeles གྱི་ཞིབ་འཇུག་ཅིག་གིས་ཕལ་ཆེར་ཨ་རིའི་བྱིས་པ་བརྒྱ་ཆ་ ༩༠ ཙམ་ངལ་གསོའི་དུས་དེ་ཁྱིམ་དུ་བསྐྱེལ་གྱི་ཡོད་པ་དང་། དེ་དག་གློག་བརྙན་ལྟ་ཞིང་ཡང་ན་གློག་འཕྲུལ་རྩེད་པ་བཅས་ཀྱི་གནས་སྟངས་དང་། ཕྲུ་གུ་ཚོ་འགུལ་སྤྱོད་བྱེད་པའི་དུས་ནི་དཔེར་ན་སློབ་གྲྭ་དང་ཁྱིམ། ཉིན་གུང་ཕྱིའི་ཁོར་ཡུག་ཏུ་འགུལ་སྤྱོད་ནང་ཞུགས་པ། ཡང་ན་རླངས་འཁོར་དུ་སྡོད་དེ་ས་གཞན་ཞིག་ལ་འགྲོ་དུས་སོགས་གང་ཡིན་ཡང་ཕྲུ་གུ་ཚོར་མི་རྒན་པས་ལྟ་རྟོགས་ནན་པོ་བྱེད་ཀྱི་ཡོད་སྐོར་འཁོད་ཡོད་པ་རེད།

ཕྲུ་གུར་གུ་དོགས་པོས་སྟངས་འཛིན་བྱེད་སྟངས་འདི་འཛམ་གླིང་གི་རྣམ་པ་ཞིག་ཡིན་ལ། གནས་ཚུལ་འདི་དར་རྒྱས་ཅན་གྱི་འཛམ་གླང་ཡོངས་སུ་ཐོན་བཞིན་པ་ཞིག་ཡིན། ཡིན་ཡང་ཇ་མན་ནིས་སྤྱི་བཏང་གི་ཆ་ནས་ཕྲུ་གུས་ཉེན་ཁ་འགའ་རེར་ཕྱོགས་ཆོག་པར་ངོས་ལེན་བྱེད་འདོད། ཇ་མན་ནི་ Germany ནས་ཡིན་པའི་ཁྱིམ་བདག་ངས་བལྟས་ཚེ། ཨ་རིའི་འབྲིང་རིམ་མ་རྩ་གྲལ་རིམ་གྱིས་ཕྲུ་གུ་ལྟ་སྐྱོང་བྱེད་སྐབས་སྲུང་སྐྱོར་བྱེད་རྒྱུའི་འདོད་རྔམ་ཆེན་པོ་ཡོད་པའི་གནས་སྟངས་དེ་མཐོ་ཚད་གསར་པ་ཞིག་ལ་སླེབས་ཡོད།

དེ་མིན་སྲིད་གཞུང་གིས་འདིའི་ཐད་བྱེད་སྟངས་དེ་ནི་ཚད་གཞི་བརྒལ་བའི་བུ་རྫི་མ་ཞིག་དང་མཚུངས་སོ།།
ཟཱི་ལི་ཝོ་སི་ཕུ་རིན་ Silver Spring གྱི་གཅེན་གཅུང་གཉིས་ཏེ་རང་ལོ་ ༡༠ ལ་སོན་པའི་བུ་རཱ་ཧྥིས་མེ་ཊི་ཝུ་ Rafi Meitiv དང་བུ་མོ་ཊེ་ཧྥ་ར་ Dvora གཉིས་ན་ནིང་ཟླ་ ༡༢ པར་ཉེན་རྟོགས་པས་འཁྲིད་སོང་བ་རེད། གང་ཡིན་ཟེར་ན། གཅེན་གཅུང་འདི་གཉིས་ཀྱིས་ཕ་མས་ཕྲུ་གུ་གཉིས་སོ་སོ་ལྡུམ་ར་ནས་ཕྱིར་ཁྱིམ་དུ་ལོག་དགོས་པར་བཤད་པས་རེད། དེ་ནི་ཕྲུ་གུ་ཚོ་སྔར་བས་རང་རྐྱ་འཕེལ་ཐབས་ཆེད་དུ་ཡིན་ཡང་། ཕ་མ་གཉིས་ལ་གྲོང་རྡལ་བྱིས་པ་སྲུང་སྐྱོར་ཞབས་ཞུ་ཁང་གིས་བདེན་དཔང་མ་ཐོབ་པའི་ཕྲུ་གུ་གསོ་སྐྱོར་ཐོག་གི་ལྷོད་གཡེང་། ཞེས་པའི་གནད་དོན་ཡོད་སྐོར་ཐག་བཅད་བྱས་པ་རེད།

ཕྲུ་གུ་སློབ་གྲྭ་གྲོལ་རྗེས་སོ་སོས་ཐག་གཅོད་པའི་དབང་ཆ་ངེས་ཅན་ཡོང་ཕྱིར་བྱེད་སྟངས་འདི་ནི་དེ་སྔོན་གྱི་མི་རབས་ཚོས་རྒྱུན་དུ་བྱེད་སྟངས་ཤིག་རེད། འོན་ཀྱང་དེང་གི་དུས་འདིར་བྱེད་སྟངས་འདི་ཕལ་ཆེར་ཉེས་ཅན་ཞིག་ཏུ་ཆགས་གྲབས་འདུག

དེང་གི་ཕ་མ་ཚོ་ཆུང་དུས་ཨ་རིའི་ལུགས་ཀྱི་བྱིས་པའི་དུས་བསྐྱེལ་སྟངས་ནི་ཁྱོན་ནས་མི་འདྲ་བ་ཞིག་ཡིན།
ཉེ་དུས་ཝཱོ་ཀི་ཉི་ཡ་སློབ་ཆེན་ University of Virginia གྱི་ཞིབ་འཇུག་པས་ཁྱིམ་བདག་ ༡༠༠ ཙམ་ལ་བཅའ་འདྲི་རིང་མོ་ཐེངས་ཤིག་བྱས། དེའི་ནང་ཞིབ་འཇུག་པ་ཀྱཱེ་ཧྥུ་རི་ཊིལ་གྱིས་ཕལ་ཆེར་བཅའ་འདྲི་ཞུ་ཡུལ་ཚང་མས་ཁོ་ཚོ་བྱིས་པའི་དུས་སུ་ཚད་མེད་ཀྱི་རང་དབང་ལོངས་སྤྱོད་བྱས་མྱོང་ཞིང་། ཁོ་ཚོས་རྐང་འཁོར་ཞོན་ཆོག་ཅིང་། ཤིང་ནགས་དཀྱིལ་དང་ཁྲོམ་གཞུང་། མེ་ཏོག་ལྡུམ་རར་འཁྱམ་པ་བཅས་བྱེད་ཅིང་། དེར་ཁྱིམ་བདག་གིས་རྩ་བ་ནས་སྟངས་འཛིན་དགོས་པ་མེད་ལུགས་བཤད་ཀྱི་འདུག ཅེས་བྲིས་ཡོད་པ་རེད།

འོན་ཀྱང་ཁྱིམ་བདག་དེ་ཚོས་སོ་སོའི་ཕྲུ་གུ་སྐོར་བཤད་དུས་སོ་སོས་དེ་སྔོན་ལོངས་སྤྱོད་མྱོང་བའི་རང་དབང་གི་ཆ་ཤས་ཙམ་ཕྲུ་གུར་སྤྲོད་རྒྱུའི་སྐོར་གླེང་ཡོང་དུས་ཁྱིམ་བདག་དེ་ཚོ་སེམས་འཁུར་བྱེད་ཀྱི་ཡོད་པ་རེད། མང་ཆེར་གྱིས་སྤྱི་ཚོགས་སུ་ཉེས་ཅན་པ་མངོན་གསལ་དོད་པོའི་སྒོ་ནས་ཉུང་དུ་འགྲོ་བཞིན་ཡོད་ཀྱང་། ཕྲུ་གུ་གཞན་གྱི་བསླུ་བྲིད་བྱ་མི་ཡོང་ངམ་བསམ་ནས་སྐྲག་གི་ཡོད་སྐོར་བཤད།

ཞིབ་འཇུག་གཏིང་ཟབ་པོའི་ནང་ ༡༩༩༩ ལོར་ཨ་རི་རྒྱལ་ཁབ་ཁྱོབ་ཡོངས་སུ་ཕྲུ་གུ་ ༡༡༥ ལ་ངོ་མི་ཤེས་པའི་མིས་དམིགས་བསལ་གྱི་སྒོ་ནས་གཞན་གྱི་བཀག་ཉར་ཕོག་པ་ཞེས་པའི་གནད་དོན་བྱུང་ཞིང་། དེའང་ཕྲུ་གུ་མང་ཆེར་སོ་སོའི་སྤུན་ཉེ་ཡིས་བཀག་ཉར་བྱས་པ་ཞིག་ཆག་ཡོད། ལོ་དེ་རང་ལ་རང་ལོ་ ༡༥ འོག་གི་བྱིས་པ་གྲངས་ ༢༩༣༡ གཞན་གྱི་འཕྲུལ་འཁོར་སྣ་ཚོགས་སུ་སྡོད་ནས་ཤི་རྐྱེན་བྱུང་ཡོད་པ་རེད། དེའི་སྐོར་གྱི་ཞིབ་བཤེར་བསྡོམས་འབོར་ནས་བལྟས་ན། རླངས་འཁོར་གཏོང་ནས་ཕྲུ་གུ་འཁྲིད་དེ་ཕྱིར་འགྲོ་བ་དེ་ཕྲུ་གུ་ཚོ་རང་དབང་གིས་འཁྱམ་བཅུག་པ་ལས་ཉེན་ཁ་ཆེ་བའི་གནས་སྟངས་ཆག་ཡོད།

གལ་ཏེ་ཕྲུ་གུའི་ངལ་གསོའི་དུས་མང་ཤོས་ཁྱིམ་དུ་བསྐྱེལ་ཞིང་ཕྱིར་འཁྱམ་འཁྱམ་ལ་མ་འགྲོ་ན། ཕྲུ་གུའི་གཟུགས་པོའི་འགུལ་སྤྱོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན་ལ། བརྩེ་ཚོར་འཚལ་ལོང་ལའང་ཤུགས་རྐྱེན་ཐེབས་སྲིད། བཱོ་སི་ཊོན་སློབ་ཆེན་ Boston College གྱི་ཞིབ་འཇུག་སློབ་དཔོན་ཕཱི་ཊར་གྷ་རས་ Peter Gray ང་ཚོས་ཕྲུ་གུ་ཡིས་སོ་སོའི་འཚོ་བའི་གོ་སྐབས་ཇི་ལྟར་ཚོད་འཛིན་དགོས་མིན་གྱི་དབང་ཆ་འཕྲོག་ཡོད་པ་རེད། ཅེས་བྲིས་པ་རེད།

ཁོང་གིས་གནས་སྟངས་དེས་ང་ཚོ་སེམས་འཚབ་དང་གུ་དོགས་པོ། ད་དུང་སེམས་ཁམས་ཀྱི་འགོག་རྐྱེན་སྣ་མང་ཡོང་བ་ཚོར་གྱི་ཡོད་ཅེས་པ་དེ་ཤུགས་ཆེ་རུ་བཏང་བ་དང་། སེམས་ཁམས་ཀྱི་འགོག་རྐྱེན་དེ་དག་གི་ན་ཚ་འབྱུང་གཞི་དེའང་ལོ་བཅུ་གྲངས་རིང་ཧ་ཅང་མགྱོགས་པོར་འཕར་བཞིན་ཡོད། ཁོང་གིས་མཐོང་སྣང་ལ་ཕྲུ་གུ་ཚོ་མི་རྒན་པས་དོ་ནན་མེད་པའི་གནས་སྟངས་འོག་རྩེད་མོ་རྩེད་བར་ཉེན་ཁ་འཕྲད་སྲིད་པ་བདེན་ཡང་། དེ་ནི་ཕྲུ་གུ་ཚོས་ཁོང་ཁྲོ་དང་འཇིགས་སྣང་བཅས་ཚོར་བ་ལ་ཚོད་བཟུང་ཐབས་སྦྱོང་བའི་ཐབས་ལམ་ཞིག་རེད། ཅེས་བཤད་ཡོད་པ་རེད།

ང་ནི་སློབ་དཔོན་ཕཱི་ཊར་གྷ་ར་ལྟ་བུའི་སེམས་ཁམས་རིག་པའི་མཁས་པ་མིན། འོན་ཀྱང་ངས་སོ་སོས་བུ་མོར་དུས་ནམ་ཡང་སྲུང་སྐྱོར་བྱེད་ཐབས་མེད་པའང་ཤེས། ཕྲུ་གུ་ཚོས་སོ་སོའི་མི་ཚེའི་ནང་འབྱུང་བའི་ཉེན་ཁར་ཁ་གཏད་སྣ་ཚོགས་ལ་ཁ་ཕྱོགས་ཐབས་ལ་ཕན་རོགས་དགོས་པར་བརྟེན། ཕྲུ་གུ་ཚོའི་བསམ་བློའི་བློ་གྲོས་ལ་འཐུས་ཇེ་ཚང་དུ་སོང་ན། ཁོ་ཚོ་འཇིག་རྟེན་འདིར་འཚོ་བ་ལ་ཕན་ཐོག་སྔར་བས་ཆེ། ཕྲུ་གུ་ཚོས་སོ་སོའི་འཚོ་བ་ལའང་ཚོད་འཛིན་གྱི་དབང་ཆ་སྔར་བས་ཆེ་རུ་སོང་ན་སོ་སོའི་ནུས་ཤུགས་ལའང་སྤོབས་པ་ཆེ་རུ་འགྲོ་སྲིད།

ཕྱོགས་གཅིག་ནི་ཕྲུ་གུར་སྲུང་སྐྱོར་གྱི་འདོད་རྔམ་དང་། ཕྱོགས་གཞན་ནི་ཕྲུ་གུ་ཚོ་རང་འགོ་ཐོན་ཐབས་ཀྱི་བསམ་བློ་གཉིས་རེད། ཕ་མ་ཚོས་དེའི་དབར་ནས་བླང་དོར་བྱེད་ཁག་པོ་རེད། ང་ཚོའི་མི་ཚང་མས་ངེས་པར་དུ་སོ་སོས་ཉེན་ཁ་ཆེ་ཆུང་ཇི་ཙམ་ལ་ཁ་ཕྱོགས་དགོས་མིན་ཐག་གཅོད་དགོས། ཡིན་ཡང་ཕྲུ་གུ་ཚོ་སོ་སོའི་མིག་གི་རྒྱ་མོ་ནང་དུ་བཙུད་ཅིང་ལག་མཐིལ་དུ་འཛིན་མཁན་གྱི་ཁྱིམ་བདག་ཚོར་མཚོན་ན། ཐག་བཅད་འདིའི་རིགས་ཀྱི་རྒྱབ་ལྗོངས་སུ་ཐོབ་ཤོར་ཅི་འདྲ་ཡོད་མེད་ལ་བསམ་བློ་རེ་གཏོང་དགོས་ངེས་ཆག་ཡོད།

ཉུང་མཐའ་ཡང་ཕྲུ་གུར་རང་དབང་གི་འགུལ་སྤྱོད་ཆོག་པའི་ཁོར་ཡུག་མང་ཙམ་ཡོང་བའི་རེ་བ་བཅང་མཁན་གྱི་ཁྱིམ་བདག་ཚོར་ཕྲུ་གུར་སྲུང་སྐྱོར་གྱི་འདོད་རྔམ་ཆེ་དྲག་པའི་སྲིད་གཞུང་ངོས་ནས་ཉེས་ཆད་གཅོད་འོས་པ་ཞིག་མ་རེད། མཱེ་ཊི་ཧྥུའི་ཁྱིམ་ཚང་འདྲ་བའི་གྱོན་དོན་གྱིས་བྱིས་པ་ནི་ཉམས་ཆུང་གི་ཅ་དངོས་འདྲ་ཡིན་པའི་ཀུན་སློང་ལ་ཤུགས་གནོན་རྒྱག་ཡོད་ལ། དུས་དང་རྣམ་པ་ཀུན་དུ་ཕྲུ་གུར་སྲུང་སྐྱོར་དགོས་པའི་བསམ་བློ་ལའང་ཤུགས་གནོན་སྤྲད་ཡོད། དེ་བཞིན་གལ་ཏེ་ཕ་མས་དེ་ལྟར་མ་བྱས་ན་འོས་འགན་མ་འཁྱེར་བ་དང་། དེ་བས་ཕ་མའི་ངོས་ནས་སོ་སོའི་འོས་འགན་དོར་ཚར་བའི་ཉེས་ཅན་པ་ཞིག་ཡིན་པའི་བསམ་བློ་ལའང་ཤུགས་རྐྱེན་བཟོས་ཡོད་པ་རེད།

ཕྲུ་གུ་ཚོ་གུ་ཡངས་ཀྱིས་འཚོ་བཅུག་དགོས་ན་ང་ཚོའི་ངོས་ནས་ཕྲུ་གུར་སྲུང་སྐྱོར་དགོས་པའི་རང་བྱུང་གི་རྔམ་སྐྲག་དེར་ཚོད་འཛིན་བྱེད་རྒྱུ་ཕུད། ང་དང་ངའི་བཟའ་ཟླ་མོ་གཉིས་ཀྱིས་སྲིད་གཞུང་ལའང་ཁོང་ཁྲོ་བསློང་སྲིད་པའི་སྐོར་བསམ་བློ་གཏོང་སྲིད། མ་གཞི་ནས་ང་ཚོས་སོ་སོ་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ལ་སླེབས་ཡོད་བསམ་གྱི་འདུག

མ་རྩོམ་འབྲེལ་ཐག

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།